logo

སྒམ་ཆུང་ཟ་ཁང་ནང་གི་མཚན་ཉིད་རིག་པ།

རྩོམ་པ་པོ།:ར་ས་བསྟན་འཛིན་ཆོས་གྲགས། ཡོང་ཁུངས།:བོད་ཀྱི་རྩོམ་རིག་སྒྱུ་རྩལ། དུས་ཚོད།:2021-11-01 ཀློག་གྲངས།:
        ཞོགས་པར། ལྷ་སའི་བར་སྐོར་གྱི་སྐོར་ལམ་དུ་ནམ་མཁའི་དགུ་ཚིགས་བཞིན་སྒོར་འཁྱིལ་ལེར་ཞབས་ཐང་དུ་བསྐོར་བ་བྱེད་མཁན་གྱིས་གྲུབ་པའི་མི་ཡི་ཚོགས་དེ། ག་ལེར་བཞུར་བའི་ཆུ་བོ་ཞིག་གི་དཔེར་གྲུབ་ན། དེ་ནས་གོམ་ཞེང་བརྒྱ་ཙམ་གྱི་ས་ན་ཆགས་པའི་སྒམ་ཆུང་ཟ་ཁང་ནི། རྫིང་དང་འདྲ་བར་ཡོད་ཚད་དེ་ལ་གཞོལ་ཞིང་བབས་པར་གྱུར་པ་ཡིན། དེ་ནི་ལྷ་སའི་ཞོགས་པར་ལྷ་སའི་མི་ཚོགས་ཕལ་མོ་ཆེ་ཡིས་བསྐྲུན་པའི་ལྷ་སའི་འཚོ་བ་རོལ་སྟངས་ཐུན་མོང་མིན་པ་ཞིག་ཀྱང་ཡིན།
        རེས་གཟའ་སྤེན་པ་དང་ཉི་མ་གཉིས་ཀྱི་དུས་ཁོམ་དུ། གོམས་གཤིས་ཤིག་གིས་གོམ་པའི་ཁ་ཕྱོགས་རང་དབང་མེད་པར་སྒམ་ཆུང་ཟ་ཁང་གི་ཕྱོགས་སུ་ཤོར་འགྲོ་ལ། དུས་ཡུན་རིང་ཐུང་གང་ཡིན་རུང་། ཇ་མངར་མོ་གྷི་ལ་སི་བཞི་ལྔ་ཞིག་འཐུང་སྟེ་ཅུང་ཞིག་བསྡད་ན། གཟའ་འཁོར་གཅིག་གི་དཀའ་ཚེགས་ཡོད་ཚད་རིམ་གྱིས་ཞི་འགྲོ། ཁ་བརྡ་དེ་ཙམ་བྱེད་པར་སྤྲོ་བ་མེད་པའི་ང་རང་ཡང་། འཁྲིས་སུ་ཡོད་པའི་མི་ཚོའི་མགོ་རྔ་མེད་པའི་གཏམ་གླེང་དེ་དག་ལ་ཉན་ཞོར་དུ། རྒྱུ་མཚན་གང་ཡིན་མི་ཤེས་མོད། ཡིད་ལ་ལྷོད་ཅིག་ངང་གིས་ཡོང་གི་འདུག མགོ་རྔ་མེད་པའི་སྐད་ཆ་ཟེར་ནའང་། དེ་ནི་ལྷོད་ལ་བབས་པའི་ཐབས་ཤེས་ཤིག་ཀྱང་ཡིན་ངེས་ཏེ། གཏན་ཚིགས་ལྡན་ཞིང་མགོ་རྔ་ཚང་བའི་ཚོགས་འདུའི་ནང་དོན་དེ་དག་གིས། ཤེས་པ་ལྕགས་སྐུད་ཇི་བཞིན་བསྒྲིམས་དགོས་པས། མི་ལ་ལྷོད་ལྷོད་ཀྱི་སྣང་བ་ཞིག་གཏན་ནས་སྟེར་མི་ཐུབ། དེས་ན། ཟ་ཁང་ནང་གི་མགོ་རྔ་མེད་པའི་སྐད་ཆ་ཤབ་ཤོབ་དེ་དག་ནི་ཤེས་པ་ལྷོད་ལ་འབབ་ཏུ་འཇུག་པའི་སྨན་མཆོག་ཅིག་དང་ཤིན་ཏུ་མཚུངས། སྐད་ཆ་ནི་བསམ་བློ་མཚོན་བྱེད་ཀྱི་ལག་ཆ་ཞིག་མིན་པར། དེ་གཉིས་ནི་ཁ་འབྲལ་ཐབས་མེད་པའི་ཤོག་བུའི་ངོས་གཉིས་ཡིན་པར་བསམས་ན། མགོ་རྔ་མེད་པའི་གཏམ་དེ་དག་ནི་ཏག་ཏག་མི་ཞིག་གི་མི་ཚེས་བརྒྱུད་དགོས་པའི་ལམ་ཞིག་དང་ཤིན་ཏུ་འདྲ་ཞིང་། མི་ཞིག་གིས་སྔར་ནས་གྲ་སྒྲིག་བྱས་པའི་ཚོགས་འདུའི་ཐོག་ཏུ་གཏན་ཚིགས་ལྡན་ཞིང་། ཤིན་ཏུ་བྱང་ཆ་ལྡན་པའི་གཏམ་བཤད་ཅིག་གིས། དེར་ཡོད་པའི་སྐྱེ་བོ་ཚོར་སྤྲོ་བ་དཔག་མེད་བསླང་སྲིད་ལ། གཏམ་བཤད་དེ་ལ་ཚང་མས་དགའ་བསུ་བར་མེད་བརྡབ་སྲིད། ད་དུང་ཡིད་སྨོན་གྱི་མིག་ཟུང་མི་དེའི་ཐོག་ཏུ་འཕང་སྲིད་མོད། གཏམ་བཤད་བྱེད་མཁན་དེའི་མི་ཚེ་ནི། རང་གིས་སྔར་ནས་གྲ་སྒྲིག་བྱས་པའི་འཆར་གཞི་ལྟར་བདེ་བླག་ངང་བསྐྱོད་ཐུབ་རྒྱུ་དེ་ཧ་ཅང་དཀའ་ཚེགས་ཆེན་པོ་ཞིག་རེད། མི་ཚེའི་མདུན་དུ་ངེས་མེད་ཀྱི་བཀག་རྡོ་ཤིན་ཏུ་མང་བས་མགོ་རྔ་ཆ་ཚང་བ་ཞིག་ཡོང་དཀའ། དེ་དག་ལ་བསམས་ན། མགོ་རྔ་མེད་པའི་སྐད་ཆ་ནི་མི་ཚེའི་རང་མདངས་ཤིག་ཡིན་པས། ཕུགས་བསམ་ལྟ་བུའི་ཇ་མངར་མོ་ཞིག་འཐུང་ཞོར། མི་ཚེ་ལྟ་བུའི་མགོ་རྔ་མེད་པའི་གཏམ་གླེང་ལ་ཉན་རྒྱུ་དེའང་། དངོས་ཡོད་དང་ཕུགས་བསམ་གཞི་གཅིག་ཏུ་བསྲེས་པ་དང་། ཡང་དངོས་ཡོད་དང་ཕུགས་བསམ་བར་དུ་འགལ་བ་ཡོད་པར་སྨྲ་བའི་གཞུང་ལུགས་ཀྱི་དཔེ་དེབ་ཅིག་ཀློག་པ་དང་ཧ་ཅང་འདྲ།
        ལྷ་སར་ཇ་མངར་འཐུང་སའི་ཇ་ཁང་མང་ནའང་། ལྷ་སའི་སྒམ་ཆུང་ཟ་ཁང་གི་ཁྱད་ཆོས་ནི་བཙུགས་ཡུན་རིང་བ་ཁོ་ནས་མི་ཚོས་དགའ་པོ་བྱེད་པ་ཞིག་མ་ཡིན་པར། རང་གི་གྷི་ལ་སིའི་ནང་དུ་ཇ་མས་ཇ་མངར་བླུགས་པར་སྒུག་དགོས་པའི་དུས་ཡུན་སྐར་མ་ལྔའམ་སྐར་མ་བཅུ་དེ་རེད། ས་ཆ་གཞན་ནས་ཡོང་བའི་རྒྱུས་མེད་ཀྱི་མི་ཞིག་ཡིན་ན། ཇ་མངར་ཕོར་པ་གང་འཐུང་བར་སྐར་མ་ལྔའམ་སྐར་མ་བཅུ་ཙམ་སྒུག་དགོས་པ་ནི་སུན་སྣང་སྐྱེ་དགོས་པ་ཞིག་རེད་ལ། ཇ་མངར་སྒུག་སྟེ་སྡོད་མཁན་གྱི་མི་དེ་དག་ནི་ལྐུགས་པ་ལྟ་བུར་མཐོང་ཡང་སྲིད་ཅིང་། སེམས་སུ་ཐད་ཀར་ཇ་དམ་གཅིག་དམ་མམ་ཡང་ན་གཉིས། ཡང་ན་གསུམ་དང་བརྒྱད་དམ་གང་རུང་ཞིག་ཉོས་ཏེ་རང་དགར་འཐུང་ན་རང་དབང་ཆེ་ཞིང་སྐྱིད་པར་འདོད་ཀྱང་སྲིད། འོན་ཏེ། ཡུན་རིང་དེར་ཇ་འཐུང་མཁན་ཞིག་ཡིན་ན། དེ་ནི་ཇ་འཐུང་བ་ཙམ་མ་ཡིན་པར། དེ་ནི་ཆོ་ག་ཞིག་གམ་ཕྱག་རྒྱ་ཞིག་དང་ཤིན་ཏུ་འདྲ། བྱ་བ་གང་དང་གང་ཞིག་གཉེར་ནའང་། ཆོ་ག་དང་ཕྱག་རྒྱ་ཞིག་ངེས་པར་དུ་དགོས་ཀྱི་ཡོད་ཅིང་། ཆོས་ལུགས་ནང་དུའང་། ཐད་ཀར་བྱེད་དགོས་པའི་བྱ་བ་མང་པོ་ཞིག་ལ་ཐོག་མར་ཆོ་ག་དང་ཕྱག་རྒྱ་མང་པོ་ཞིག་བསྒྲུབས་ཟིན་རྗེས། ད་གཟོད་ཕྱག་ལེན་དངོས་ལ་འཇུག་པ་བཞིན། ཇ་མངར་སྒུག་དགོས་པ་དེའང་ཆོས་ལུགས་ཀྱི་ཆོ་ག་དང་ཕྱག་རྒྱ་ལྟ་བུའི་གཟི་བྱིན་ཆེ་བ་ཞིག་མ་ཡིན་མོད། ཕལ་པའི་མི་ཚེ་དང་མི་ཚེ་དེར་རོལ་མཁན་གྱི་མི་ཚོར་མཚོན་ན། མི་ཚེའི་ཆོ་ག་ཧ་ཅང་སྟབས་བདེ་ཞིག་དང་ཕྱག་རྒྱ་ཤིན་ཏུ་བསྡུས་པོ་ཞིག་ཀྱང་ཅི་ལ་མིན།
        འདས་པའི་ཇ་དེ་བཏུངས་ཟིན་པས་སླར་ཡང་འཐུང་འདོད་ཅིག་སྐྱེས་ལ། མ་འོངས་པའི་ཇ་དེ་ད་དུང་མ་སླེབས་པས། སྔར་བཞིན་སྒུག་འདོད་ཆེ། བསྒུགས་བསྒུགས་པའི་ཇ་མངར་ཕོར་པ་གང་པོ་དེ། ད་ལྟ་སླེབས་སོང་། མཆུ་སྒྲོས་ཀྱི་བར་ནས་དལ་མོར་མྱོང་གིན་ཡོད། ཇ་ཕོར་ནང་གི་ཇ་མངར་ཟད་གིན་འདུག ཇ་མ་ཡོང་གིན་ཨེ་འདུག་མིག་རིག་རིག་གིས་ལྟ་བཞིན་ཡོད། དུས་ད་ལྟ་བ་གསུམ་པོ་གཞི་གཅིག་ཏུ་འདྲེས་པས། ད་ལྟ་བ་ཁོ་ན། བདག་གིས་ལོངས་སྤྱོད་ཐུབ་པའི་དུས་ཚོད་དེ་རེད། མི་ཚེའི་རིན་ཐང་ཡང་སྒུག་བཞིན་པའི་ཇ་མངར་དེ་དང་ཤིན་ཏུ་འདྲ། མི་ཚེའི་རིན་ཐང་དེ་ཟད་མཐའ་མེད་པ་དང་སྒུག་བཞིན་པའི་གནས་སྐབས་ཀྱི་འབད་པ་དུ་མས་གཞི་ནས་བསྐྲུན་པ་ཞིག་མ་རེད་དམ། སྒུག་བཞིན་པ་ནི་སེམས་ཀྱི་གསོན་ཤུགས་ཤིག་རེད་ལ། སྒུག་བཞིན་པ་ནི་དངངས་འཚབ་དང་རེ་བ་གཉིས་བང་རྒྱུགས་བྱེད་བཞིན་པ་ཞིག་ཀྱང་ཡིན། འཚོ་གནས་བྱེད་བཞིན་པའི་མི་ཡོད་ཚད་ལ་རང་རང་གི་རེ་སྒུག་རེ་ཡོད་དེ། ཞོག་ཁོག་སྒྱེ་མོ་གང་པོ་དེ་བཙོངས་ཏེ། མལ་ཁྲིའི་ཐོག་ཏུ་ལུས་པའི་རང་གི་ཟླ་བོར་ཐུག་སྡོར་མང་པོ་ཞིག་བཏབ་སྟེ་འཚོ་བཅུད་གསབ་ཐུབ་པར་རེ་ཞིང་སྒུག་པ་དང་། ཚ་ཟེར་གྱི་འོག་ཏུ་ཤིན་ཏུ་ལྕི་བའི་དོ་པོ་མང་པོ་དབོར་ཏེ། སློབ་ཆུང་འགྲིམས་མ་ཐག་པའི་རང་གི་ཕྲུ་གུ་གསོ་སྦྱོང་འཛིན་གྲྭ་ཞིག་ཏུ་གཏོང་ཐུབ་པར་རེ་ཞིང་སྒུག་པ། ཚོང་པ་དང་ལས་བྱེད་པ། དཔོན་པོ་དང་རབ་བྱུང་བ་ཡོད་ཚད་ཀྱི་ཡིད་ལ་རང་རང་གི་འཁོས་སྟོབས་ལ་གཞིགས་པའི་རེ་སྒུག་རེ་ཡོད་ཨང་། དེ་བཞིན། གྷི་ལ་སིའི་ནང་དུ་ཇ་མངར་ལ་སྒུག་བཞིན་པའི་གནས་སྐབས་དེའང་། རླབས་ཆེན་ཞིག་རེད་ཅེས་བརྗོད་མི་ཐུབ་ནའང་། དེ་ནི་སྐད་ཅིག་མ་དུ་མས་བསྐྲུན་པའི་མི་ཚེའི་ཆ་ཤས་ཤིག་གི་ནང་དུ་ཐོན་མྱོང་བའི་རེ་སྒུག་ཆུང་ཆུང་ཞིག་ཡིན་པས། ང་ལ་མཚོན་ན་གསེར་གྱི་ཐིགས་པ་བཞིན་ཤིན་ཏུ་རྩ་ཆེན་ཞིག་ཡིན།
        གྲོགས་པོ་ཞིག་གིས་སྒམ་ཆུང་ཟ་ཁང་ནང་གི་ཇ་མངར་འཐུང་བ་ལས། དེང་དུས་ཀྱི་ཁོ་ཧྥེ་ཁང་དུ་ཁོ་ཧྥེ་འཐུང་དུ་སོང་ན་འཚོ་བའི་གནས་ཚད་མཐོ་ཚུལ་བརྗོད་མྱོང་ཡོད། གློ་བུར་དུ་ཉན་ན། དེ་ལ་རྒྱུ་མཚན་མེད་པའང་མིན་ཏེ། ཁོར་ཡུག་དང་ཆ་རྐྱེན་གང་འདྲ་ཞིག་གི་ཆ་ནས་ཀྱང་དེ་ལ་དོ་མི་ཐུབ་པ་ཞིག་ཡིན། འོན་ཏེ། ཞིབ་པར་བསམས་ན། འཚོ་བའི་གནས་ཚད་ནི་ཁོ་ཧྥེ་དང་ཁོར་ཡུག་གིས་འཇལ་མི་ཐུབ་པ་ཞིག་རེད། གང་ཡིན་ཞེ་ན། གནས་ཚད་ངོ་མ་ནི་སེམས་ཀྱི་མྱོང་བྱ་ཞིག་ལས། ཕྱི་རོལ་གྱི་ཁོར་ཡུག་ལ་བརྟེན་པ་ཞིག་མིན། གལ་ཏེ་སུ་ཞིག་གིས་ཕྱི་རོལ་ཡུལ་གྱི་ཁོར་ཡུག་ལ་བརྟེན་ཏེ་རང་གི་གནས་ཚད་མཐོ་རུ་གཏོང་འདོད་ན། དེའི་མྱོང་བྱ་དེ་རང་དབང་བ་ཞིག་མིན་པར། གཞན་དབང་ཞིག་ཏུ་གྱུར་ཟིན་པ་ཞིག་དང་། རང་གི་བདེ་མྱོང་དེ་ཆ་རྐྱེན་དང་ལྡན་པ་ཞིག་ཏུ་གྱུར་པ་རེད། གཞན་དབང་དང་ཆ་རྐྱེན་ཡོད་པའི་དངོས་པོ་དེ་ལ། བདེ་མྱོང་ངོ་མ་ཞིག་ཡོང་ཐབས་མེད་པར། དེ་ནི་གཏམ་འདོད་ཀྱི་དབང་དུ་འགྲོ་ངེས་རེད། ང་ལ་མཚོན་ན། སྒམ་ཆུང་ཟ་ཁང་ནང་གི་འུར་ཟིང་དང་སྒམ་ཆུང་ཟ་ཁང་ནང་གི་སྒྲོག་ཙེ་རྙིང་པ་དེ་དག་གིས་སེམས་ལ་རང་བཞིན་ངང་ནས་བདེ་མྱོང་དང་ཞི་བདེ་ཞིག་སྦྱིན་ཡོང་བས། ཁོ་ཧྥེ་ཁང་ནང་དུ་འཇམ་མཉེན་རོལ་དབྱངས་དཀྲོལ་ཏེ་ཆེད་དུ་བདེ་མྱོང་དང་ཞི་བདེའི་རྣམ་པ་ཞིག་བསྐྲུན་པ་དེ་ནི་བཅོས་མ་ཞིག་ཏུ་མཐོང་།
        ལྷ་སའི་སྒམ་ཆུང་ཟ་ཁང་གི་མདོ་སྦུག་བར་གསུམ་དུ་མིས་བཀངས་ཏེ་སྡོད་སའང་འཚོལ་དཀའ་བར་གྱུར་པ་དེ་ནི་ལྷ་སའི་ཇ་ཁང་གཞན་གྱིས་འགྲན་ཟླ་མི་ཐུབ་པ་ཞིག་ཡིན་མོད། དེ་ལས་ཀྱང་ཁྱད་ཆོས་ལྡན་པ་ནི་སྒམ་ཆུང་ཟ་ཁང་ནང་དུ་ཇ་མངར་བཞེས་པར་ཕེབས་མཁན་གྱི་གྲས་སུ་ལས་རིགས་ཅི་ཡང་ཡོད། རང་གི་ལུས་པོའི་ནུས་ཤུགས་ལ་བརྟེན་ཏེ་མིའི་འགྲུལ་བཞུད་ལ་སྟབས་བདེ་སྐྲུན་མཁན་གྱི་འཁོར་གསུམ་རྐང་འཁོར་པ་ཡོད་ལ། ཤར་ལྷོ་ནུབ་བྱང་གི་དངོས་ཟོག་ཡོད་ཚད་ཕར་གཏོང་ཚུར་གཏོང་བྱེད་མཁན་གྱི་ཚོང་པའང་ཡོད། ཡུན་རིང་སློབ་གསོའི་ལས་རིགས་ལ་བཅོལ་བའི་དགེ་རྒན་གྱི་སྡེ་ཁག་ཡང་ཡོད། ད་དུང་མཚན་རྟགས་འགོད་ཐེངས་གཅིག་གིས་བྱ་བ་ཡོད་ཚད་བདེ་བླག་ངང་བསྒྲུབས་ཐུབ་པའི་དཔོན་པོའང་ཡོད་ལ། ཉིན་མོ་གང་དགར་འཁྱོལ་ཐབས་ཀྱིས་འཚོ་བཞིན་པའི་གྱི་ན་བ་ཡང་ཡོད། འོན་ཏེ། དེ་དག་ཡོད་ཚད་ཇ་ཁང་ནང་དུ་འདུས་པའི་དུས་ཚོད་ནང་། ལས་རིགས་ལ་དབྱེ་བ་མེད་པར་ཕན་ཚུན་གང་དགའ་ཅི་བདེར་ཁ་བརྡ་བྱེད་ཆོག་ཅིང་། བདེན་མིན་གང་ཡིན་ནའང་། འཛམ་གླིང་གི་གནས་སྟངས་བརྗོད་ཆོག་ལ་ཁྱིམ་ཚང་ཆུང་ཆུང་ཞིག་གི་སྐྱིད་སྡུག་ཀྱང་ལྷུག་པོར་གླེང་ཆོག སྒོར་མོ་བདུན་གྱི་བུལ་ཐུག་ཕོར་པ་གང་དང་སྒོར་མོ་གཅིག་གི་ཇ་མངར་ཕོར་པ་གང་པོ་དེས། ཕྱི་རོལ་ནས་སྦངས་པའི་རྔུལ་ཆུ་དང་མིག་ཆུ། འཁོས་ཞན་དང་སྒྲོབ་ཉམས། ང་དང་གཞན་གྱི་དབྱེ་འབྱེད་ཡོད་ཚད་དར་ཅིག་རྒྱང་རིང་དུ་སྤྲུགས་ཏེ་གཞི་གཅིག་ཏུ་བསྲེས་ཐུབ་པ་ནི་ཇ་ཁང་དེའི་རིག་གནས་ཀྱི་གཤོང་ཚད་ཅིག་རེད། རིག་གནས་མང་པོ་ཡོད་ནའང་། རིག་གནས་ལ་གཤོང་ཚད་ལྡན་པ་ཤིན་ཏུ་ཉུང་ཉུང་རེད། རིག་གནས་ཤིག་བསྐྲུན་པ་ནི་མི་དང་མིའི་བར་དུ་འབྲེལ་བ་གཅོད་ཆེད་ཀྱི་ར་བ་ཞིག་ཏུ་འགྱུར་འགྲོ་བ་མང་ལ། རིག་གནས་ཤིག་གཏོད་རྗེས་རིག་གནས་དེ། ང་དང་ཁོ་ཞེས་རིས་སུ་གཅོད་པའི་ལག་ཆ་ཞིག་ཏུའང་གྱུར་པ་མང་། ལྷག་པར་མི་ཞིག་གིས་རིག་གནས་ལ་སྦྱངས་པ་མང་ཙམ་བྱས་རྗེས། ང་ནི་རིག་གནས་པ་ཞིག་ཡིན་ནོ། ཁྱོད་ནི་དེ་ལས་ལྡོག་པའོ་སྙམ་པའི་ང་རྒྱལ་གྱི་ལྒང་བུར་འགྱུར་འགྲོ་བའང་ཉུང་ཉུང་མིན། འོན་ཏེ། རིག་གནས་འགའ་རེས་ནི། ལུས་ཀྱི་ཡན་ལག་ཏུ་གྱུར་པའི་ལག་ཟུང་གཉིས་སྦྲེལ་ཐུབ་ལ། སེམས་དང་སེམས་ཀྱི་བར་དུ་འབྲལ་མི་ཕོད་པའི་དུང་བ་ཞིག་ཀྱང་སློང་གི་ཡོད། ལྷག་པར་དུ་མཐོ་དམན་དང་ཕྱི་ནང་གི་ར་བ་ཡོད་ཚད་གཏོར་ཏེ། ཐ་དད་དུ་གྱུར་པའི་སོ་སོ་བའི་ཆོས་ཀྱི་མཚན་ཉིད་ལས་བཀྲོལ་ཏེ་སོ་སོ་བ་མ་ཡིན་པའི་གཅིག་ཡིན་ནོ་སྙམ་པའི་འདུ་ཤེས་ཤིག་གི་ཕྱོགས་སུ་འཁྲིད་ཐུབ་པའང་ཡོད། གང་ལྟར་རིག་གནས་ཀྱི་བག་ཆགས་ཤིག་གམ། རིག་གནས་ཀྱི་འཁྱེར་སོ་ཞིག ཡང་ན་ཆུང་དུས་ཀྱི་གོམས་གཤིས་གང་ཞིག་གི་དབང་གིས་ཡིན་མིན་མི་ཤེས་མོད། ཇ་ཁང་དེའི་ནང་དུ་རིག་གནས་ཀྱི་གཤོང་ཚད་ཅིག་ཡོད་པའི་སྣང་བ་འཆར་གྱིན་འདུག གཤོང་ཚད་དེ་ནི་ཁོ་ཧྥེ་ཁང་དུ་ཡོད་པའི་རྒྱས་སྤྲོས་ཀྱི་བཀོད་པ་དེ་མ་རེད་ལ། འབོལ་སྟེགས་ཆེན་པོ་ཞིག་གི་ཐོག་ཏུ་འཕྲེད་དུ་ཉལ་ཏེ་སྦངས་ཇ་འཐུང་ཐུབ་པའི་ཁོད་ཡངས་དེའང་མ་རེད། ཡང་ན་ཟས་སྣ་ཕུན་སུམ་ཚོགས་པོ་བསྟར་དུ་བསྒྲིགས་ཏེ་ཆང་རག་གི་པི་ཙེ་མཐོན་པོར་འདེགས་ཐུབ་པའི་དཔངས་མཐོ་བ་དེའང་མ་རེད། འོན་ཏེ་ཇ་ཁང་དེའི་གཤོང་ཚད་དེ། མི་ལ་མཐོ་དམའ་མེད་པར་ཡོད་ཚད་རྐུབ་སྟེགས་ཐབས་ཆག་ཅིག་གི་ཐོག་ཏུ་འདྲ་མཉམ་གྱིས་གྲལ་བསྒྲིགས་ཐུབ་པ་དེ་རེད་ལ། སྐྲ་ཟིང་གོས་ཧྲུལ་གྱི་སྐྱེ་བོ་ཞིག་ནང་དུ་འཛུལ་ནའང་། ཡ་མཚན་གྱི་མིག་ཟུང་ལྟ་མཁན་མེད་པར། ཇ་མས་འཛུམ་གྱིས་ཁོ་པར་ཇ་མངར་བླུགས་པའི་རིག་གནས་ཀྱི་བློ་གཤོག་དེ་རེད། སྒམ་ཆུང་ཟ་ཁང་ནང་དུ་འཛུལ་བ་ནི། ཇ་འཐུང་བ་གཅིག་པུ་མིན་པར། རིག་གནས་ཀྱི་གཤོང་ཚད་ཅིག་དང་། རིག་གནས་ཀྱི་བློ་གཤོག་ལ་ཉམས་སུ་མྱོང་བ་ཞིག་ཀྱང་ངོ་། །
        སྒམ་ཆུང་ཟ་ཁང་ནང་དུ་རྒྱུན་དུ་ཕེབས་མཁན་གྱི་བགྲེས་པོ་ཞིག མ་མཐོང་བར་ཟླ་བ་གཅིག་ཙམ་འགོར་སོང་། གཅིག་བྱས་ན་ལོ་གཅིག་ཀྱང་འགྲོ་ངེས་རེད། ཡང་ན་ནམ་ཡང......
        སྒམ་ཆུང་ཟ་ཁང་ནང་དུ་དེ་སྔོན་མཐོང་མྱོང་མེད་པའི་གཞོན་པ་གསར་པ་ཞིག་གིས་ཕར་ལྟ་ཚུར་ལྟ་བྱས་ཏེ། སྡོད་ས་འཚོལ་བཞིན་འདུག གཅིག་བྱས་ན་དེ་བདག་གི་ཇ་རོགས་གསར་པ་ཞིག་ལ་འགྱུར་ཡང་ངེས།
        ང་རང་ཡང་ཇ་ཁང་ནང་གི་རྩིག་ཟུར་ཞིག་ཏུ་བསྡད་དེ། ལས་རིགས་མི་གཅིག་པའི་མི་དེ་དག་ལ་ལྟ་ཞོར། རང་ཡང་དེ་དག་གི་ཆ་ཤས་ཤིག་ཡིན་པར་རློམ་སྟེ་གཞི་གཅིག་ཏུ་འདྲེས་སོང་། ཧ་ཧའི་དགོད་སྒྲའི་ཁྲོད་དུ། ཤབ་ཤུབ་ཀྱི་གཏམ་བརྗོད་ཀྱི་གསེབ་ཏུ། ཇ་མའི་འཛུམ་མདངས་ཀྱི་དབུས་ནས། ང་རང་དང་ཁོ་རང་། ཁོ་རང་དང་ང་རང་ཇ་མངར་ལྟ་བུའི་ཚོར་བ་སྐྱིད་པོ་ཞིག་གི་ནང་དུ་ལྷུངས་སོང་། དེ་སུས་ཀྱང་མ་དཀྲོག་རོགས། དེར་སུས་ཀྱང་གནས་ལུགས་སྦོམ་པོ་ཞིག་གིས་མ་འགྲེལ་རོགས།
        ངས་སྔར་ནས་ཤེས་ཡོད། སྒམ་ཆུང་ཟ་ཁང་གི་སྒོ་མོ་གྲོལ་ན། ཕྱི་ལོགས་སུ་ཕྱི་ལོགས་དང་མཐུན་པའི་མཚན་ཉིད་རིག་པ་ཞིག་གིས་སྐྱོང་བཞིན་ཡོད། འབད་པ་བྱེད་དགོས། རྔུལ་ཆུ་གཏིགས་དགོས། ཨམ་གཙིགས་བསྡམས་དགོས། ཕམ་ཁ་མྱོང་མི་ཆོག་ལ་ཕྱིར་བཤོལ་བྱེད་ཐབས་མེད་པའི་འགྲན་རྩོད་ཅིག་གིས་སྒུག་བཞིན་ཡོད།
        འོན་ཏེ། ང་ལ་གནས་སྐབས་ཙམ་དང་སེ་གོལ་ཙམ། སྒམ་ཆུང་ཟ་ཁང་ནང་གི་མཚན་ཉིད་རིག་པ་དེའི་ཐོག་ཞི་གནས་མཉམ་བཞག་ཆོག་པའི་གོ་སྐབས་གནང་རོགས་ཀྱེ། །

རྩོམ་འདི་2020ལོའིབོད་ཀྱི་རྩོམ་རིག་སྒྱུ་རྩལདུས་དེབ་དྲུག་པ་ལས་བདམས།
འབྲེལ་ཡོད་འོས་སྦྱོར།