logo

༄༅། །དྲན་དཀྱིལ་འབྲོག་མོའི་སྣང་བརྙན།

རྩོམ་པ་པོ།:ཁྲི་ཟླ་གཞོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-11-02 ཀློག་གྲངས།:
༄༅༎དྲན་དཀྱིལ་འབྲོག་མོའི་སྣང་བརྙན།
ཁྲི་ཟླ་གཞོན། མཚོ་ལྷོ།

         དམར་གསར་འཇའ་ཚོན་བརྩེགས་པའི་གུར་ཁྱིམ་ན།།
         འཛུམ་པའི་རྦ་རླབས་གཡོ་བའི་ཚེམས་ཕྲེང་ཅན།།
         མཚོ་བྱུང་ལྷ་ཡི་སྲས་མོ་དབྱངས་ཅན་མ།།
         དུས་གསུམ་འབྲལ་མེད་ངག་ལ་བྱིན་གྱིས་རློབས།།

         ཟོལ་བཅོས་གཡོ་བའི་སྤྲིན་པས་མ་བསླད་ཅིང་།།
         ནག་ནོག་དྲི་མས་མ་གོས་བསིལ་སྦྱིན་མ།།
         ཆུང་འདྲིས་ཤ་འདྲེས་པགས་འདྲེས་ཡིད་འོང་མར།།
         མ་བཅོས་སྙིང་གཏམ་ཚིག་གི་མཆོད་ཁ་འཕེན།།

         སྙན་པའི་ངག་ལ་དབྱངས་ཀྱི་འགྱུར་ཁུགས་གསལ།།
         འཛུམ་པའི་མདངས་ལ་འཁྲེང་བའི་ཉམས་འགྱུར་འཁྲུངས།།
         བདེ་མོ་གཏམ་ལ་ཁ་མཚར་ཀུ་རེས་རྒྱན།།
         དྲན་དཀྱིལ་འབྲོག་མོར་བརྩེ་བའི་འཕྲིན་པ་འབྲི།།

         བསམ་དཀར་འོ་མའི་རྒྱ་མཚོ་དཀྲུགས་པ་ལས།།
         དངོས་གཏམ་མར་གྱི་དམ་ཚིག་འཁྲུངས་པ་སྟེ།།
         འཆི་ཡང་མི་འགྱུར་སྲུང་བའི་མཛའ་ན་མོ།།
         འབྲོག་སྦྲའི་ཁ་འཚུབ་བར་གྱི་ཁོ་མོ་གླེང་།།

         གོམ་གསུམ་གོམ་པས་མེ་ཏོག་ཟིལ་བ་གཏོར།།
         ཕྱིར་འཁོར་མིག་གིས་སྟག་ཤར་ཡིད་སེམས་བཟི།།
         སྙན་མོ་དགོད་སྒྲས་ཉེ་རྒྱང་སྤྲོ་བ་ཡི།།
         འབྲོག་གི་བུ་མོ་ལྷ་ཡི་སྲས་མོ་ཡིན།།

         ཕྲ་མོ་པིར་གྱིས་སྨིན་མ་མ་བྲིས་ཤིང་།།
         སྐྱ་བོ་རྡུལ་ཕྱེས་ཞལ་བཞིན་མ་གཡོགས་པ།།
         རང་བྱུང་ལྷུན་གྲུབ་དམར་གྱི་མཛེས་པ་ཅན།།
         མཐོ་སྒང་གངས་ཀྱི་སྲས་མོ་གཉེན་དུ་སློང་།།

         འདང་ཞེ་བརྩེ་མི་གཡོ་བརྟན་པ་ཡི།།
         འབྲོག་བུ་མོ་དྲུག་པའི་སེར་ཆེན་རེད།།
         སྦྲ་སྨུག་པའི་སྒོ་ཡི་ཡ་ཕུགས་ལ།།
         ཁྱོད་མིན་ནས་གཞན་ཞིག་བསུ་ངེས་མིན།།
འབྲེལ་ཡོད་འོས་སྦྱོར།