logo

རིམས་འགོག་དང་འབྲེལ་བའི་རྩོམ་ཡིག་གཉིས།

རྩོམ་པ་པོ།:ཅོ་བྱང་སྐར། སྤྲེལ་རྫོང་བསྟན་རྒ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-11-03 ཀློག་གྲངས།:
རེ་སྐུལ་རྣལ་མ།
ཅོ་བྱང་སྐར།

གཡང་ཁྱིམ་གྱི་གཞིས་སྒོ་དམ་པོ་རུ་བརྒྱབ་ནས། །
རང་ཉིད་ཀྱི་ནང་སེམས་རང་རང་གིས་བསྡམ་རོགས། །
Nརྟགས་ཅན་གྱི་ཁ་ཐུམ་བར་མེད་དུ་བརྗེས་རུང་། །
རང་སྟེང་གི་གཙང་སྦྲ་རང་ཉིད་ཀྱིས་བརྩོན་དགོས། །

དོན་མེད་ལ་ཡར་མར་འདུར་རྒྱུག་དེ་མ་མང་། །
བརྡ་སྦྱོར་ལ་དགོས་མེད་སུན་སྣང་དེ་མ་སྐྱེ། །
དང་བླངས་པའི་རེ་སྐུལ་ཡར་སེམས་ཀྱིས་བརྩིས་ནས། །
རིམས་ནད་འདིར་འགོག་སྲུང་དམ་པོ་རུ་བྱ་རོགས། །

བྱམས་སེམས་ཀྱི་བདག་པོ་ཆོས་ལྡན་གྱི་མི་རིགས། །
རྣམ་དག་གི་སེམས་པ་རིམས་འགོག་སུ་ཞུགས་ནས། །
ཕྱི་ནང་གི་མི་ལ་བར་ཆད་དེ་མ་བཟོ། །
མི་རིགས་འདིའི་དཔའ་བོ་ཁྱེད་རང་ཡང་ལོས་ཡིན། །

ཆར་རླུང་གི་འཇིགས་སྣང་ཐོག་འབྲུག་གི་ངར་སྐད། །
སྐྲག་སྣང་གང་མ་སྐྱེ་འགོས་ནད་འདི་ཅི་རེད། །
སྣང་མཐོ་ཡིས་ཁུ་ཚུར་མཐོ་མཐོ་རུ་མ་འགྱོགས། །
མདོ་མེད་ཀྱི་ལུགས་དང་ཝ་རྒྱལ་གྱི་དཔེ་ཡིན། །

ཁ་སང་གི་ལོ་རྒྱུས་དེ་རིང་གི་གསར་འགྱུར། །
རིམས་ནད་འདི་ཉེན་ཁ་ཚབས་ཆེན་རང་འདུག་པས། །
རང་ཁྱིམ་དེ་གྲུ་བཞི་གཞིས་མལ་དེའི་གནས་ནས། །
རང་ཚུགས་རེ་བཟུང་ནས་རང་སྐྱོང་གིས་འདུག་རོགས། །

འཚོ་བཞེས་ལ་འཐམ་པའི་འཇིག་རྟེན་གྱི་མི་བུ། །
འདུར་རྒྱུག་རང་མང་རུང་འཚོ་བཞེས་ཀྱི་ཆེད་རེད། །
འགོས་ནད་འདིའི་བཙན་འཛུལ་སྡེར་མོ་དེ་རྣོ་བས། །
ཚེ་སྲོག་གི་ཆེད་དུ་རང་བརྩིས་ཤིག་དགོས་འདུག །

གང་ཟག་གི་མིང་འཛིན་མཐོ་རིམ་གྱི་སྲོག་ཆགས། །
བསམ་མེད་ཀྱི་སེམས་པ་རྒྱ་ཡན་དུ་མ་གཏོང་། །
རང་འདོད་ཀྱི་ཀུན་སྤྱོད་རུམ་ནང་དུ་བཅུག་ནས། །
འགྲོ་དྲུག་གི་ཆེད་དུ་རང་ཁྱིམ་ནས་འདུག་རོགས། །

འགོས་ནད་ཀྱི་ཁྲམ་པ་འགད་རྫས་ཀྱིས་གཏོར་ཉིན། །
ཁྱེད་རང་གི་འཇོན་ཐང་ཕྱོགས་བཞི་ནས་ངོམ་ཆོག །
ཁྱེད་རང་གི་སུན་སྣང་མི་ཡུལ་ལ་བསྒྲག་ཆོག །
ཁྱེད་རང་གི་འདུར་རྒྱུག་ས་སྟེང་འདིར་ཁྱབ་ཆོག །

སེམས་གཏམ་ངག་གི་རང་སྒྲ།
སྤྲེལ་རྫོང་བསྟན་རྒྱས།

བགྲང་བྱ་སྔོན་མའི་དཔྱིད་གསར་དུས་ཆེན་ལ།།
གང་ནས་ཡོང་བ་མི་གསལ་ནད་དུག་ཅིག།
གང་སར་མཆེད་པའི་དེང་གི་དུས་འདི་ལ།།
ཁ་ཐུམ་ཁ་ནས་མ་ལེན་སྔོན་འགོག་མཛོད།།

དགུན་ཟླ་རྒྱ་སྟག་ངར་མོའི་མཆེ་བར་ནས།།
པྲོག་གསར་ནད་དུག་སླར་ཡང་མཆེད་ན་ཡང་།།
དོན་མེད་དཀྲོག་གཏམ་ཕྱོགས་ལ་མི་འབད་པར།།
སྔོན་འགོག་བྱ་བའི་ལས་ལ་བརྩོན་པར་མཛོད།།

སྔོན་བྱོན་དམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས།།
རྒྱུད་ཆེན་བཞི་ལས་བསྡུས་པའི་སྨན་སྣ་དགུ།།
ལེགས་པར་སྦྱར་བའི་ནག་པོ་དགུ་སྦྱོར་མཆོག།
ཉིན་དང་མཚན་དུ་ལུས་དང་མ་འབྲལ་ཅིག།

སྔོན་བྱོན་སྐྱེས་བུ་འཁྲུངས་པའི་ཙོང་ཁའི་ཡུལ།།
གཉན་རིམས་ནད་དུག་གསར་བས་མི་ཚུགས་པར།།
ལྷ་དང་བླ་མའི་བྱིན་རླབས་ཟབ་མོ་ཡིས།།
ད་ལྟ་ཉིད་དུ་ནད་ངན་བཟློག་པར་མཛོད།།

དེང་རབས་གསོ་རིག་གཞུང་ལུགས་རྒྱ་མཚོ་ལ།།
རྣམ་དཔྱོད་རྩལ་གྱིས་མཐར་སོན་ལྷ་རྗེ་དང་།།
ནད་ངན་རྒོད་པོར་འཐབ་ལ་དཔའ་བོའི་མིའི།། 
མཛད་རྗེས་དབང་ཕྱོགས་རི་ལས་མངོན་པར་མཐོ།།

པྲོག་གསར་ནད་ཀྱིས་བཟུང་བའི་སྐྱེ་འགྲོ་ཀུན།།
ཡིད་སེམས་སྐྱོ་བའི་མཚོ་མོར་མི་ལྷུང་བར།།
གསོ་བྱེད་མཁན་པོའི་ངག་བཞིན་སྒྲུབ་པ་ན།།
མྱུར་དུ་ནད་ལས་གྲོལ་བའི་རེ་བ་ཡོད།།

ལས་དབང་བཙན་པོ་ཞིག་གི་གོ་སྒྲིག་ལས།།
ནད་དུག་གསར་བའི་རྙི་ལ་ཤོར་བ་དག།
སངས་རྒྱས་སྨན་བླའི་སྤྲུལ་བ་ད་བྱོན་ནས།།
ད་ལྟ་ཉིད་དུ་ནད་ལས་གྲོལ་བར་མཛོད།།

རིགས་དང་སྐད་ཀྱི་དབྱེ་བ་མི་འབྱེད་པར།།
འཛམ་གླིང་ཡུལ་གྲུ་སོ་སོའི་སྐྱེ་བོ་དག།
མི་འདོད་ནད་དུག་གསར་བས་མི་ཟིན་པར།།
མྱུར་དུ་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག།
             ཅེས་སེམས་གཏམ་ངག་གི་རང་སྒྲ་འདི་ཉིད་ཕྱོགས་སོ་སོ་ན་པྲོག་གསར་ནད་དུག་གི་འཕར་ཚད་ཇེ་མཐོར་འགྲོ་བ་དང་ཁྱད་པར་དུ་རང་རེའི་མཚོ་སྔོན་ནས་ནད་རྟགས་ཅན་གྱི་ནད་པ་འགའ་མངོན་པ་ལ་བློ་སེམས་མ་བདེ་བས་སྤྱི་ལོ༢༠༢༡ལོའི་ཟླ༩ཚེས༢༩ཉིན་བྲིས་པའོ། །
འབྲེལ་ཡོད་འོས་སྦྱོར།