logo

༄༅། །དགེ་རྒན་དང་འབྲེལ་བའི་འབོལ་རྩོམ་ཁག་གསུམ།

རྩོམ་པ་པོ།:འབྲོང་ཕྲུག་ལྷ་ཆེན་རྒྱལ། ཡོང་ཁུངས།:ཁྲི་ཤོར་རྒྱལ་མོ། དུས་ཚོད།:2021-11-12 ཀློག་གྲངས།:
༄༅། །དགེ་རྒན་དང་འབྲེལ་བའི་འབོལ་རྩོམ་ཁག་གསུམ།
འབྲོང་ཕྲུག་ལྷ་ཆེན་རྒྱལ།

དང་པོ། ཕ་མ་ནི་བུ་ཕྲུག་གི་ཆེས་བཟང་བའི་དགེ་རྒན་ཡིན།
        ང་ཚོས་བརྙན་འཕྲིན་གྱི་གློག་སྒོ་ཕྱེ་པ་ན། ནམ་རྒྱུན་མིག་ལམ་དུ་བརྡ་ཁྱབ་འདི་འདྲ་ཞིག་འཆར་འོངས་ཏེ། ཨ་མས་རང་གི་མ་ཡུམ་གྱི་རྐང་བ་བཀྲུས་པའི་སྣང་ཚུལ་དེ་བུ་ཆུང་གིས་མཐོང་མ་ཐག དེ་མུར་ཆུ་གཞོང་བ་བཀང་ཁྱེར་ཡོང་ནསཨ་མ་ལགས། ངས་ཁྱེད་ཀྱིས་རྐང་བ་བཀྲུ་རོགས་བྱེདཅེས་བཤད་པའི་སྐད་ཆ་དེ་རེད།
        མི་སེམས་སྒུལ་བའི་སྣང་བརྙན་དེས་མི་རེ་རེའི་ཀླད་པའི་གསེང་དུ་འདྲི་གཞི་ལྕི་མོ་ཞིག་བཞག་ཡོད་པ་ནི། མ་གཞི། མི་ཞིག་གི་གཞན་ཕན་གྱི་སེམས་པ་དེ་ནི་བཙན་དབང་གིས་སྐུལ་དགོས་པ་ཞིག་མ་ཡིན་པར་རང་རྟོགས་ཀྱིས་གོམས་དགོས་པ་ཞིག་རེད་ལ། རང་རྟོགས་ཀྱི་འདུ་ཤེས་དེ་ཡང་རང་དཔེ་གཞན་སྟོན་དང་གཞན་དཔེ་རང་ལེན་གྱི་སྟེང་ནས་ལོབས་དགོས་པ་ཞིག་ཡིན་འདུག ལྷག་པར་དུ། ད་སོ་མར་བྱིས་བློར་ལྷད་མ་གོས་པར་དྭངས་གཙང་གིས་ནར་སོན་བཞིན་པའི་བུ་ཕྲུག་དག་ལ་མཚོན་ནས་བཤད་ན། ཁོ་ཚོའི་བྱ་བྱེད་ཐམས་ཅད་གཞན་ལ་ལད་མོ་བྱས་པ་ལས་བྱུང་བ་དང་། ཁོ་ཚོའི་ལད་མོ་བྱེད་ཡུལ་དེ་ཡང་གཞན་སུ་དང་གང་ཡང་མ་ཡིན་པར་རང་གི་ཕ་མ་དང་དགེ་རྒན་གཉིས་གཙོ་ཤུགས་ཆེ་ཤོས་སུ་ཡོད་པ་རེད། 
        གོང་གི་བརྡ་ཁྱབ་འདི་ནི་སྣང་ཚུལ་འདིའི་དཔེ་མཚོན་ཡག་ཤོས་ཤིག་ཡིན་པ་དང་། བརྡ་ཁྱབ་དེས་ང་ཚོར་ཉེན་བརྡ་འདི་འདྲ་ཞིག་གཏོང་གིན་ཡོད་པ་རེད། ལྷག་པར་དུ་སློབ་གསོ་ནི་སློབ་གྲྭ་དང་དགེ་རྒན་གཉིས་ཀྱི་འོས་འགན་ཞིག་ཏུ་ངོས་འཛིན་བཞིན་པའི་བོད་ཀྱི་ཁྱིམ་བདག་དག་ལ་ཉེན་བརྡ་འདི་འདྲ་ཞིག་གཏོང་གིན་ཡོད་པ་སྟེ། དོན་དངོས་སུ། བུ་ཕྲུག་གི་ཆེས་བཟང་བའི་དགེ་རྒན་ནི་ཕ་མ་རང་ཉིད་ཡིན་པ་ལས་གཞན་སུ་དང་གང་ཡང་མ་ཡིན་ལ། ཕ་མའི་བྱ་བྱེད་བཟང་ངན་གང་རུང་ཞིག་གིས་བུ་ཕྲུག་གི་མ་འོངས་པའི་མདུན་ལམ་ཡག་བཙོག་གང་རུང་དེ་ཐག་གཅོད་བྱེད་ཀྱིན་ཡོད་པ་དེ་རེད། 
        དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་ང་ཚོའི་ཕ་མ་དག་གིས་བུ་ཕྲུག་གི་གམ་མམ་མཐོང་སར་ཆང་རག་བག་མེད་འཐུང་བ་དང་ཤོ་རྒྱན་འབྱེད་པ། འཁོན་རྡུང་རེས་བྱེད་པ། ཚིག་རྩུབ་དང་རྫུན་སྨྲ་བ་ལ་སོགས་པའི་སྤྱོད་ངན་གང་ཡང་སྒྲུབ་ཀྱིན་ཡོད་པ་རེད། དེས་ནི་བུ་ཕྲུག་གི་བརྒྱུད་ལ་བག་ཆགས་ངན་པའི་རིགས་བསྐྱེད་པ་ཡིན་པས། ཁོ་ཚོས་ཕ་མའི་ལད་མོ་བྱེད་པ་དང་ལད་མོ་དེ་ཡུན་གྱིས་རྒྱུན་གོམས་སུ་འགྲོ་བའི་ཉེན་ཁ་ཆེ་བ་རེད། དེ་ཡང་ང་ཚོའི་ངག་རྒྱུན་གྱི་བུ་ཡིས་མ་ཡི་འོ་འཛིན་སོ་ཡིས་བཅད་པ་དང་། བུད་མེད་སུ་ཞིག་གིས་རང་གི་མ་ཡུལ་རྒས་འཁོགས་སུ་གྱུར་བ་དེ་གསོ་མ་འདོད་པར་སླེ་བོར་ཁུར་ནས་ཡུལ་གཞན་དུ་འདོར་དུ་འགྲོ་ཁར། བུ་ཆུང་གིས་ཚུལ་དེ་མཐོང་ནས་རང་གི་ཨ་མར་སླེ་བོ་ཕྱིར་ཁྱེར་ཡོང་བའི་རེ་བ་ཞུས་པ་ན། ཨ་མ་ཡ་མཚར་ནས་ཁྱོད་ཀྱིས་སླེ་བོ་ཡིས་ཅི་ཞིག་བྱའམ་ཞེས་དྲིས་པའི་ལན་དུ། བུ་ཆུང་གིས་ནམ་ཉི་མ་ཞིག་ལ་བདག་གིས་ཀྱང་ཁྱོད་སླེ་བོ་དེ་ཡིས་ཡུལ་གཞན་དུ་འདོར་དགོས་པ་རེད་ཅེས་པའི་དཔེ་ཡིས་རིག་པས་སྒྲུབ་ཚེ། ཀྭ་ཡེ། ཕ་མ་ནི་བུ་ཕྲུག་གི་ཆེས་བཟང་བའི་དགེ་རྒན་ཡིན་ཞེས་པའི་ལེགས་བཤད་དེ་ངག་ནས་དབང་མེད་ཤོར་འགྲོ
གཉིས་པ། བྱིས་པའི་དྲན་ངོགས་ཀྱི་ཕ་མ་དང་དགེ་རྒན།
        ངས་རྒྱུན་པར་གནད་དོན་འདི་འདྲ་ཞིག་ལ་བསམ་གཞིགས་གཏོང་གིན་ཡོད། ང་ཚོས་བརྩེ་བས་བསྐྱངས་ཤིང་སློབ་གསོས་བསྐྱོར་བའི་བྱིས་པ་འདི་དག་གི་དྲན་པའི་ངོས་སུ་ཝ་ལེར་གསལ་བའི་ང་ཚོའི་བག་ཆགས་དེ་ཅི་འདྲ་ཡིན་ནམ། ཡང་ན། ཀློག་མཁན་ཁྱེད་ལ་ཡང་རང་གི་གཅེས་ཕྲུག་དང་གཅེས་ཕྲུག་ལྟ་བུའི་སློབ་ཕྲུག་དག་གི་དྲན་ངོས་ཀྱི་རང་ཉིད་ཅི་ལྟ་བུ་ཞིག་ཡིན་པ་ཤེས་འདོད་ཀྱི་འདུན་པ་ཞིག་འགོག་མེད་སྐྱེས་ངེས།
        དོན་དངོས་སུ། དེ་ནི་ང་ཚོའི་ཧམ་སེམས་ཙམ་སྟེ་ང་ཚོའི་དྲན་ངོས་ཀྱི་ཁོ་ཚོ་ལྟར་ཁོ་ཚོའི་དྲན་ངོས་ཀྱི་ང་ཚོ་ཡང་མ་གཞི་ནས་བརྩེ་བ་དང་བྱམས་པས་བཞེངས་ཡོད་པ་མིན་ནམ། དྲན་ཚུལ་དེ་ནི་མི་ལོ་མང་པོའི་ཡར་སྔོན་གྱི་བདག་གི་རྨོངས་རྟུལ་གྱི་དྲན་ཚུལ་ཞིག་སྟེ། ལོ་ངོ་མང་པོ་ཞིག་གི་རྗེས་ཀྱི་དེ་རིང་བདག་ལ་དེ་འདྲའི་ཧམ་སེམས་ཤིག་སྐྱེས་ཐབས་མི་འདུག མ་གཞི་ང་ཚོའི་གཅེས་ཕྲུག་དང་སློབ་ཕྲུག་དག་གི་དྲན་པའི་གཞི་ན་ང་ཚོ་ནི་ནམ་ཡང་ལག་ལ་དབྱུག་པ་ཐོག་པའི་སྡིག་ཅན་འཇིགས་སུ་རུང་བ་ཞིག་གི་སྣང་བརྙན་ལས་མི་འདུག
        རྒྱུ་མཚན་ཡོད་དེ། ནམ་རྒྱུན་གྱི་སློབ་ཁྲིད་ཀྱི་གསེང་དང་སློབ་ཁྲིད་ཀྱི་བར་གསེང་གང་རུང་དག་ཏུ སློབ་ཕྲུག་དག་གི་ལས་བྱ་འབྲི་དེབ་བར་དུ་བདེན་པ་བདེན་དྲང་གི་དྲིས་ལན་དེ་དག་ཕྱི་གསལ་ནང་གསལ་དུ་ཤར་འདུག་པ་དཔེར་ན། བདག་གིས་སློབ་ཕྲུག་དག་ལདུས་ལྟརདངམ་ཟད་ད་དུངལྟ་བུའི་ཚིག་གྲུབ་བཟོ་བའི་ལས་བྱ་བྱིན་པ་ན་ཁོ་ཚོས་ཏན་ཏནབདག་གིས་ལས་བྱ་དུས་ལྟར་མ་བྲིས་པས་དགེ་རྒན་གྱིས་གཅར་རྡུང་བྱསསམབདག་ལུག་རྫིར་སོང་ནས་ལུག་གཅིག་བོར་བས་ཨ་ཕས་ང་ལ་སྡིགས་དམོད་དྲགས་པོ་བྱས་པ་མ་ཟད་ད་དུང་འགྲམ་ལྕགས་གཞུ་བ་རེད་ལྟ་བུ་མཐོང་ཡོང་ལ། རྩོམ་ཡིག་གི་ལས་བྱའི་ཁྲོད་དུ《 ང་རང་ཆེས་དགའ་བའི་མིཞེས་པ་ཞིག་འབྲི་དགོས་ཚེ་ཁོ་ཚོའི་ཚད་གཞི་ནི་གཅར་རྡུང་མི་བྱེད་མཁན་དང་སྡིགས་དམོད་མི་ཤེས་པའི་དགེ་རྒན་དང་ཕ་མ་དེ་འདེམས་པ་ཁོ་ནས་མཚོན་ཐུབ་པ་མ་ཡིན་ནམ།
        ཀྭ་ཡེ། སྡིགས་པ་ནི་དགའ་བ་དང་གཅར་བ་ནི་དུང་བརགོ་བའི་རྙིང་ཞེན་གྱི་སློབ་གསོ་དང་བག་ཆགས་མཐའ་དག་གད་སྙིགས་ཁྲོད་གཡུག་དང་། དོན་དངོས་སུ། འགྲམ་ལྕག་གིས་བྱིས་པའི་ནོར་འཁྲུལ་ལ་གོ་བརྡ་སྤྲོད་ནི་རྙིང་ཞེན་དུ་གྱུར་བའི་ཐབས་རྡུགས་ཤིག་ལས་ཅི་ཡང་མ་ཡིན་ལ། འོས་འགན་སློབ་གསོ་ནས་རྒྱུ་སྤུས་སློབ་གསོར་གོམ་པ་སྤོ་བཞིན་པའི་དུས་རབས་གསར་བ་ཞིག་གི་བཞི་མདོ་འདི་ནས་ང་ཚོའི་འགྲམ་ལྕག་སློབ་གསོ་ནི་སྔར་བཞིན་ཀུ་དོག་ཅིང་སྐྱི་གཡའ་བ་ཞིག་མ་རེད་དམ། ཉེ་སྔོན་གྲོགས་པོ་མར་ཁུ་རྒྱལ་མཚན་གྱི་པོད་ཁུག་ལས་ལས་བྱ་དུས་ལྟར་མ་སྤྲད་པར་དགེ་རྒན་གྱིས་འགྲམ་ལྕག་དོན་གཉིས་བཞུས་པའི་བྱིས་པ་དེའི་སྙིང་རྗེ་བའི་མཁུར་འོག་མཐོང་ཐེངས་རེར་ང་ལ་ཡུན་རིང་བོར་འདང་རྒྱག་སྐྱེས་བྱུང་། 
གསུམ་པ། དགེ་རྒན་གྱི་རླབས་ཆེན་དང་གཟི་བརྗིད།
        ང་ཚོས་རྒྱུན་པར་རླབས་ཆེན་གྱི་དགེ་རྒན་གྱི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་བཀོད་པར་ངོས་བཟུང་ནས་ཡིན་མདོག་གིས་རང་སེམས་རང་གིས་གསོས་ནས་ཡོད་ཚིམ་དུས་སུ། ཞེ་སེམས་ལྷོད་ལ་ཕབ་ནས་ངེས་པ་དོན་གྱི་དགེ་རྒན་གྱི་རླབས་དེར་བསམ་བློ་གཏོང་གིན་ཡོད་དམ།
        གཏམ་རྒྱུད་འདི་འདྲ་ཞིག་སྟེ། སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཞིང་གྲོང་ཁྱེར་ཆེན་མོ་རུ་བྱ་བ་སྒྲུབ་ཀྱིན་པའི་ཞིང་བའི་བུ་ཕྲུག་ཞིག་བྱ་བ་ཆེ་གེ་མོ་ཞིག་གི་ཕྱིར་དུ་ཕྱིར་རང་ཉིད་ཀྱི་ལྟེ་ཁྲག་འཕོས་སའི་ཞིང་གྲོང་དུ་སོང་བ་ན། རྫབ་རྫོབ་ཀྱི་སྲང་ལམ་དང་ཞིག་རལ་གྱི་མཁར་ཆག ངན་ངོན་གྱི་འཚོ་བ་དག་གིས་ཁོའི་དྲན་པར་རང་དབང་མེད་པར་མི་ལོ་བཅུ་ཕྲག་འགའ་ཡི་ཡར་སྔོན་ལ་དྲངས་ཤིང་། དེ་དུས་ཀྱི་རང་གི་སློབ་མའི་འཚོ་བ་དང་དེ་དུས་ཁོ་ལ་ལྷག་བསམ་གྱིས་བསྐྱོངས་པའི་སློབ་ཆུང་དགེ་རྒན་དྲན་བྱུང་བས། ཆེད་དུ་ཁོ་མོར་འཚམས་འདྲི་ཞིག་བྱེད་དུ་འགྲོ་བའི་ཀུན་སློབ་འགོག་མེད་དུ་སྐྱེས་བྱུང་། 
        ཁོའི་དགེ་རྒན་ནི་སྐབས་དེར་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་དབང་གིས་སློབ་གྲྭ་ཆེན་མོ་རུ་ཞུགས་མ་ཐུབ་པར་ཡུལ་ན་དམངས་སྒྲུབ་དགེ་རྒན་གྱི་བྱ་བ་གཉེར་བཞིན་པ་ཞིག་ཡིན་ལ། ཁོའི་ཕ་མ་གཉིས་ཀྱང་ཆུང་དུས་སུ་འདས་ནས་དྭ་ཕྲུག་ཏུ་གྱུར་ཡོད་པས་སྐབས་དེར་སློབ་ཕྲུག་ཚོའི་ཁྲོད་ཀྱི་ངང་ཕྲུག་མདོག་ངན་ཞིག་ལས་མ་འདས། རྒྱུ་མཚན་དེའི་ཕྱིར་ཡིན་མིན་མི་ཤེས་མོད་དགེ་རྒན་གྱིས་ཁོ་ལ་འདང་རྩིས་ཧ་ཅང་ཆེ། ནམ་རྒྱུན་སློབ་ཕྲུག་གཞན་གྱིས་ཁོ་ལ་ཐུབ་ཚོད་དང་བརྙས་བཅོས། དམའ་འབེབ་བྱེད་ཐེངས་རེ་རེར་དགེ་རྒན་ཁོའི་རྒྱབ་སུ་ལངས་ནས་ཁོ་ཚོར་སྡིགས་དམོད་དང་སྐྱོན་བརྗོད་བྱེད་པ་ཡིན་པས། འཇིག་རྟེན་འདིར་ཁོ་ལ་ཆེས་བརྩེ་བ་དང་ཆེས་བྱམས་པའི་མི་དེ་དགེ་རྒན་ལས་གཞན་སུ་ཞིག་ཡོད་ཨང་།
        ཁོས་འདི་ལྟར་དྲན་ཞོར་སྲང་ཀྱོག་ཅིག་གི་ནང་དུ་སླེབས་པ་ན། རྒྱ་ལྭ་སྔོན་པོ་གྱོན་ཞིང་ལྕགས་རྟ་དེད་པའི་བུད་མེད་ཅིག་ཁོའི་ཁ་གཏད་དུ་ཡོང་གིན་པ་མཐོང་། གམ་དུ་སླེབས་པ་ན། མ་གཞི་དེ་ནི་རང་ཉིད་ཆུང་དུས་ཀྱི་དགེ་རྒན་རེད། གདོང་གི་གཉེར་མ་ཇེ་མང་ལ་སོང་ཡོད་པ་དང་ལུས་ཅུང་སྒུར་ཡོད་པ་མ་གཏོགས་གཞན་པའི་འགྱུར་ལྡོག་ཅི་ཡང་མི་འདུག ཁོ་ལ་དེ་མུར་དགའ་སྤྲོ་ཚད་མེད་པ་ཞིག་སྐྱེས་པས་གམ་དུ་རྒྱུགས་སོང་ནས། ཁམས་བདེ་དྲིས་པ་ན་དགེ་རྒན་གྱིས་ཁོའི་གདོང་ལ་བལྟས་ནས་འཛུམ་ཙམ་བྱེད་པ་ལས་གཞན་པའི་རྣམ་འགྱུར་ཅི་ཡང་མངོན་མ་བྱུང་བས། ཁོའི་སེམས་ལ་དགེ་རྒན་དང་ཁ་བྲལ་ནས་ལོ་ངོ་མང་པོ་ཞིག་འགོར་བ་དང་དེའི་རིང་ལ་རང་ཉིད་ལ་ཡང་འགྱུར་བ་ཆེན་པོ་ཐེབས་ཡོད་པས་ཁོས་ངོ་མ་ཤེས་པ་རེད་སྙམ་ནས། དགེ་རྒན་ལགས། ཁྱེད་ཀྱིས་ང་ངོ་མི་ཤེས་སམ། ང་དོན་གྲུབ་ཡིན་ཡཱ་ཞེས་བཤད་པ་ན། དགེ་རྒན་གྱིས་སླར་ཡང་འཛུམ་ཙམ་བྱས་ཅི་ཡང་བཤད་མ་བྱུང་། 
        ཁོ་ལ་གློ་བུར་ཡིད་སྐྱོ་ཞིང་སེམས་སྨྲེང་བའི་ཚོར་བ་ཞིག་འགོག་མེད་དུ་སྐྱེས་བྱུང་། དགེ་རྒན་གྱིས་ཁོ་རང་མི་ཤེས་པ་ག་ལ་སྲིད། སྐབས་དེར། ཁོ་ཚོ་སློབ་གྲྭར་སློབ་གྲོགས་མང་པོ་མེད་ན་ཡང་དགེ་རྒན་གྱིས་འདང་བརྩེ་ཆེས་ཆེ་བ་ནི་ཁོ་རང་མ་ཡིན་ནམ། ཐེངས་ཤིག སློབ་གྲྭ་གྲོལ་དུས་སུ་ཆེ་བ་ཆེན་པོ་བབ་པ་དང་ཁེལ་བས་དགེ་རྒན་གྱིས་རང་གི་ཆར་ལྭ་གཅིག་པུ་ཡང་མ་གོན་པར་ཁོའི་ལུས་བསྐོན་པ་མ་ཟད། རང་ཉིད་ཆར་བ་ཆེན་པོའི་ཁྲོད་དུ་ལུས་ཧྲིལ་བོ་ཆར་བས་བངས་ནས་ཡུལ་ལ་རྒྱུགས་སོང་བ་མིན་ནམ། ཡང་ཐེངས་ཤིག་ཁོའི་ལུས་ཚབ་རྒྱས་ཤིང་མི་ངོ་བདག་ངོ་མི་ཤེས་པའི་སྐབས་དེར་ཡང་དགེ་རྒན་གྱིས་རང་གིས་སྒལ་བར་ཁུར་ནས་ལེ་དབར་གསུམ་གྱི་མཚམས་ན་ཡོད་པའི་ཡུལ་ཚོའི་སྨན་ཁང་དུ་བསྐྱལ་བ་མིན་ནམ། 
        ཁོས་སླར་ཡང་དགེ་རྒན་ལགས། ཁྱོད་ཀྱིས་ང་ངོ་མི་ཤེས་པ་ག་ལ་སྲིད། དེ་དུས་ང་ཚོ་འཛིན་གྲྭའི་ནང་ནས་ཁྱོད་ཀྱིས་ཤ་ཆེས་ཚ་ཞེང་བྱམས་བརྩེ་ཆེས་ཆེ་བ་དེ་ང་མིན་ནམ་ཞེས་བཤད་པ་ན། དགེ་རྒན་གྱིས་སླར་ཡང་འཛུམ་ཙམ་བྱས་རྗེས་ཁོ་རང་ཤུལ་དུ་བཞག་ནས་བུད་སོང་། ཁོ་རང་དགེ་རྒན་གྱི་ཤུལ་ན་འཇིམ་སྐུ་ཞིག་དང་འདྲ་བར་གྲག་མེད་འགུལ་མེད་ལུས་འདུག་ལ། ཁོའི་བརྩེ་ཞེན་གྱི་སེམས་པ་རྨ་ཁ་ཆེན་པོ་ཞིག་གས་པ་ལྟར་ན་ཟུག་དྲག་ཏུ་རྒྱས་བྱུང་། འདི་ནི་རང་ཉིད་ཀྱིས་ཉིན་མཚན་ཀུན་དུ་རེ་ཞིང་སྒུག་ལ་དྲན་ཞིང་བརྩེ་བའི་དགེ་རྒན་ཡིན་ནམ། འདི་ནི་རང་གིས་ནམ་ཡང་མི་ཚེ་ཡི་ཚད་མ་དང་མིག་དཔེ་ཡི་གཞི་མར་འཛིན་པའི་དགེ་རྒན་ཡིན་ནམ། བསམ་ཞིང་བསམ་ཞིང་མཆི་མ་རྡོག་པོ་གཅིག་ཁོའི་མིག་ཀོང་དུ་དལ་གྱིས་འདྲིལ་ཡོང་། 
        ཕྱིར་ལོག་པའི་ལམ་དུ། ཁོས་གློ་བུར་དུ་འདང་དཔོག་སོང་། མ་གཞི་དགེ་རྒན་ནི་ཞག་སྒྲོན་ཞིག་དང་འདྲ་བར་རང་ཉིད་ཀྱི་ཚེ་སྲོག་མེ་རུ་སྦར་ནས་མི་ཡུལ་འོད་སྟོང་འདྲེན་མཁན་དེ་མ་ཡིན་ནམ། མ་གཞི་འོད་ཟེར་ཞིག་ཡིན་པའི་ཆ་ནས་ཉེ་རིང་ཆགས་སྡང་དང་ཕྱོགས་རིས་དབྱེ་བཀར་ཞིག་གང་ན་ཡོད། ཡིན་པ་ནི་དགེ་རྒན་རང་གི་སློབ་ཕྲུག་ཚང་མར་འདྲ་མཉམ་ངང་ལྷད་མེད་ཀྱི་བརྩེ་བ་དང་ཆ་སྙོམས་ཀྱིས་ལྷག་བསམ་གྱི་བྱམས་སྐྱོང་གནང་གིན་ཡོད་པས། ཁོའི་དྲན་ཡིད་དུ་དགེ་རྒན་གྱིས་རང་ཉིད་ཁོ་ནར་གཞན་ལས་ལྷག་པའི་བརྩེ་བ་ཞིག་སྦྱིན་ཡོད་པར་འདོད་པ་ནང་བཞིན་ཁོའི་སློབ་གྲོགས་ཡོངས་ཀྱི་སེམས་སུ་ཡང་དེ་འདྲའི་ཚོར་བ་ཞིག་ཡོད་ངེས་རེད་ལ། དེ་ནི་དགེ་རྒན་གྱི་རླབས་ཆེན་དང་གཟི་བརྗིད་མ་ཡིན་ནམ།
ཞོར་གྱི་སྐད་ཆ། 
        གཏམ་རྒྱུད་འདི་ནི་མི་ལོ་མང་པོའི་ཡར་སྔོན་དུ་རྒྱ་ཡིག་གི་དུས་དེབ་ཅིག་ལས་བཀླགས་པ་ཡིན་ལ། ད་ནི་གཏམ་རྒྱུད་ཀྱི་གོ་རིམ་ཡོངས་སུ་བརྗེད་ཟིན་པ་དང་། ད་རེས་གློ་བུར་དུ་དགེ་རྒན་གྱི་བཀའ་དྲིན་དྲན་པའི་རྩོམ་ཐུང་ཞིག་འབྲི་བའི་ཀུན་སློང་གིས་གཏམ་རྒྱུད་དེར་རྟོག་བཟོ་ཙམ་བྱས་ཡོད་མོད། བདག་གིས་འབྲི་བ་ནི་འབོལ་རྩོམ་ཡིན་པ་ལས་ལོ་རྒྱུས་མིན་པས་ན་རྩོམ་གྱི་བདེན་པར་རྩད་གཅོད་མཁན་ཞིག་མི་འདུག་སྙམ་ནས་ཐེ་ཚོམ་མེད་པར་དྲ་ངོས་སུ་བཀོད་པ་ལགས།
འབྲེལ་ཡོད་འོས་སྦྱོར།