ཁྲི་སྐལ་བཀྲའི་ལྷུག་རྩོམ་སྙན་ངག
རྩོམ་པ་པོ།:ཁྲི་སྐལ་བཀྲ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-11-29
ཀློག་གྲངས།:
ཞི་བདེ།
ཁྲི་སྐལ་བཀྲ།
གཅིག
གསལ་བོར་བཤད་ན། མི་ལུས་རིན་ཆེན་ཡིན་རུང་རྐང་འོག་གི་ས་རྡུལ་འདི་ནི་རང་གི་རྣམ་ཤེས་ཀྱི་དག་ཞིང་ཞིག་ཡིན་པ་མ་བརྗེད་ཅིག དེ་ལ་རུས་རྐང་ན་འཚེར་པའི་ཉི་མའི་མིག་ཆུ་འོད་ཀྱིས་གསོས་ནའང་། ལོ་རྒྱུས་ཀྱི་ནད་རྙིང་ནི་དེ་བས་ཀྱང་སངས་མི་ཐུབ་པ་ཐོལ་བྱུང་གི་རྨི་ལམ་དང་འདྲ་བར། གདོད་མ་ནས་གཅན་གཟན་གྱི་མཆེ་བར་ན་གཉིད་དུ་ཤོར་པའི་འཇིག་རྟེན་ཆུང་ཆུང་འདི་ཉིད། ག་ལེར་ག་ལེར་སེམས་ཀྱི་འོད་སྣང་ཞིག་གིས་ཁུ་སིམ་མེར། ལྷིང་འཇགས་སེར། རློན་བཤེར་རེར། ཡོད་ཚད་ན་ཟུག་ཅིག་གི་ཆེད་དུ་མ་ཡིན་པར། བྱམས་ལྡན་གྱི་མ་ལོའི་མིག་ཟུང་ན་འཚེར་པའི་ཉེས་མེད་ཁྱེའུ་ཆུང་ཞིག་གི་འཛུམ་མདངས་དྲོན་མོ་དེ་ཡིན་ནམ། ཆུང་དུས་སུ། རང་གི་རྒྱབ་ཁུག་ཏུ་ཁུར་པའི་ཞི་བདེ་ཞེས་པའི་ཐ་སྙད་དེ་ནི་དོན་ངོ་མར་ཞི་བདེ་རྒྱ་མཚོ་གཅིག་པུའི་མིང་ཞིག་ཡིན་ལ། རྒྱ་མཚོ་ཆེན་པོ་ཞིག་གི་མིང་ཡང་ངོ་མ་རེད་འདོད། ད་ནི་ཞི་བདེ་ཅེས་པའི་ཐ་སྙད་ཀྱི་འབོད་པ་འདི་ཉིད་ཀྱང་བདག་གི་ཁང་ཆུང་ནང་ན་རྟག་ཏུ་མ་གཟིམས་པའི་མཆོད་རྐོང་གི་མར་མེ་སེར་པོ་ཞིག་ཡིན་རུང་། རྒྱ་མཚོ་ཆེན་པོ་ལྟ་བུའི་སྨོན་འདུན་གྲངས་མེད་ཅིག་གི་རླབས་རིས་སུ་འགྱུར་ན་སྙམ།
གཉིས།
སུ་ཞིག་གིས་རི་བརྒྱ་ཀླུང་བརྒྱ་བསྡམས་པ་དང་འགྲོ་བ་རིགས་དྲུག་སེམས་ཀྱིས་སྐྱོར་མྱོང་ངམ། སུ་ཞིག་གིས་ས་འབུ་སྲོག་ཆགས་བུ་ལྟར་གཅེས་ཤིང་གཅན་གཟན་རི་དྭགས་ལ་སོགས་པ་མ་རུ་སྒོམ་མྱོང་ངམ། ས་ཆེན་གྱི་རྨི་ལམ་ལྷོད་ཀྱིས་སྒུལ་བའི་འབྱུང་བ་རྣམ་ལྔར་འཐིམས་པའི་ལས་དབང་གི་འཁོར་བ་ན། དད་འདུན་གྱིས་སྐྱོར་པའི་གངས་རི་དང་རྫ་རི། གཙང་བོ་དང་ཆུ་བོ་གྲངས་མེད་ཅིག་སུ་ཞིག་གིས་ཁོག་རྩིས་བརྒྱབ་མྱོང་། ང་ཚོས་རྟག་ཏུ་སྟག་སེང་ཁྱུང་འབྲུག་གཟུགས་རིས་རླུང་རྟ་སྡེ་བཞི་རུ་རྩིས་འདང་ཆེ་ཞིང་། ལྷ་མཆོད་ཀླུ་གཏོར་དང་བསྟོད་ཚོགས་གང་ཡིན་བྱིན་རླབས་སུ་སྒོམ། དེ་དག་གིས་ཆེད་དུ་རང་ལ་རྒྱབ་རྟེན་གྱི་དཔལ་ཁ་དར་ཞིང་། དེ་དག་ལ་ཆེད་དུ་རང་གིས་སྐྱབས་དང་མགོན་དུ་བཀུར་བ་རྒྱུན་མ་ཆད་པས་ཡིན་ནམ། ཞི་བདེ་ཡི་ས་བོན་ནི་ཡང་བསྐྱར་མིའི་བློ་ཁོག་གི་ཞིང་སར་བཏབ་པའི་དད་མོས་ཤིག་ད་ལོའང་དཔྱིད་ཀྱི་ལྗང་ལོ་བཞིན་འབུས་ནས་འོང་།ཞི་བདེ་ནི་རིམས་ནད་སྣ་ཚོགས་ཀྱི་དམྱལ་ཟངས་གཅོག་པའི་རྡོ་རྗེ་ཐོ་བ་ཡིན་ལ། སའི་གོ་ལའི་སྟེང་གི་མི་རིགས་དང་རྒྱལ་ཁབ་གང་ཡིན་རུང་ཚང་མར་འདྲ་མཉམ་གྱི་བཀའ་རྒྱ་དང་འགན་འཁྲི་ཅིས་ཀྱང་ཡོད་པས། གོས་དཀར་ལྷ་རྗེ་དང་རིམས་འགོག་དཔུང་གི་ཚོགས་ནི་ཞི་བདེ་ཡི་ཕོ་ཉ་ལྟ་བུའང་མ་ཡིན་ནམ། ཞི་བདེ་ནི་འགྲོ་དྲུག་སེམས་ཅན་མ་རུ་སྒོམ་ཞིང་། ལྷ་ཡི་དག་ཞིང་དུ་གཏེར་ཁའི་ནང་སྙིང་མི་བྲུ། ཀླུ་ཡི་ཞིང་ཁམས་སུ་འབའ་འབུའི་ཚེ་སྲོག་མི་སླུ། བཙན་གྱི་རྒྱུ་ལམ་དུ་དབུགས་ཀྱི་རྣམ་ཤེས་མི་སྣོག
གསུམ།
དུས་ཀྱི་སོ་ཁ་ནས་བསྐྱུགས་པའི་གཡོ་ཟོལ་གྱི་ཉི་ཟེར་ང་ཚོའི་བསིལ་ལྡན་ར་ལུང་གི་བཞིན་རས་སྟེང་དུ། དལ་དལ་ལྷོད་ལྷོད་དང་ནམ་ནམ་ཞར་ཞར་ངང་ཚ་བེར་རེར་ཕོག་ཐེངས་རེ་ལ། ང་ཚོས་མར་རྩམ་གྱི་སྐྱེ་རྒྱུད་མ་བརླགས་པའི་མཐོ་སྒང་གི་རྣམ་ཤེས་ཀྱང་གཞི་ནས་བོར་མ་མྱོང་བ་ཡིན། ཞི་བདེ་ཡི་གླེགས་བམ་མཐུག་པོ་ཡང་བྲག་རི་ལྟར་བརྩིགས་ཡོད་ལ། ཞི་བདེ་ཡི་གྲུབ་མཐའ་ཆེ་ཆུང་ཡང་སྐར་ཚོགས་ལྟར་ས་ལ་ཁྱབ་ཡོད། ད་དུང་ཞི་བདེ་ཡི་སྐྱེས་ཆེན་རེ་ཉིས་ཀྱང་མགོ་ཐོག་གི་ཉི་ཟླ་སྐར་གསུམ་ལྟར་གྲགས་ཨང་།
བཞི།
ཞི་བདེ་ནི་སྨུག་སྤྲིན་གྱི་རྒྱབ་གཟུགས་དང་བྲལ་བའི་དག་ཞིང་གི་ཡུལ་གྲུ་དང་དྭངས་གཙང་གི་འཇིག་རྟེན་ཞིག ཁྱེད་ཀྱི་ཚེ་སྲོག་ལ་སྟོང་ཕོད་ཀྱི་ལས་སྐལ་ཡོད་ལ། ཁྱེད་ཀྱི་ལྷག་བསམ་ལ་འོད་སྣང་གི་རྒྱབ་ལྗོངས་ཡོད། ཁྱེད་ལ་དད་འདུན་སྟོང་ཕྲག་གི་ས་ཞིང་མཐའ་ཡས་ཤིང་ཁོད་ཡངས་པ། གཞན་ཕན་དང་བྱིན་རླབས་ཀྱི་མན་ངག་ངོ་མཚར་ཞིང་བརྗོད་ལས་འདས་ཤིང་། ངའི་རྣམ་ཤེས་ལ་དམ་གྱིས་འཁྱུད་པའི་ལྷ་ཚོགས་དང་བསང་དུད་ལྷོག་ལྷོག་ཏུ་འཕྱུར་པའི་ཕ་ས་སྨུག་པོ། སྟོད་ན་མངའ་རིས་སྐོར་གསུམ་དང་བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཅེས་མཚན་སྙན་གྱིས་བཟི་མྱོང་རུང་། ལོ་རྒྱུས་ཀྱི་འཕེལ་འགྲིབ་ལ་འཐམ་པའི་རྨི་ལམ་གྱི་ལོ་ཟླ་དད་མོས་ཀྱིས་མཚང་ནས་འོང་དུས། ཇིང་གར་བུ་རྒྱུད་ཀྱི་ཐེབ་ཆེན་ལས་ཤོར་པའི་ཆོལ་གསུམ་གྱི་ཞིང་ཁམས་ཐོད་ལ་བརྒྱན་མྱོང་བས་ཡིན། ཞི་བདེ་ཡི་འབོད་སྐུལ་ཡང་སྐབས་དེ་དུས་ནས་བྱིས་པའི་ཨག་སྐད་ལྟར་གང་སར་མཆེད་ལ། ང་ཚོས་རྒྱལ་བསྟན་གྱི་འོད་སྣང་གིས་རེ་ཞིག་ས་ཆེན་པོའི་དག་ཞིང་གི་སྐར་ཚོགས་དབང་དུ་བསྒྱུར། ཞི་བདེ་ནི་སུ་ཞིག་གི་རུམ་ཁོང་ན་བསྐལ་བར་སྒྲོན་པའི་མེ་ལྕེ་དྲོན་མོ་ཞིག་ཡིན་ནམ། ཡང་ན་བྱམས་དང་སྙིང་རྗེ་ཡི་རྡོ་རིང་བསླངས་པའི་མ་ཎི་ཡིག་དྲུག་གི་གནམ་ས་ཞིག་ཅིས་ཀྱང་ཡིན་ངེས།
ལྔ།
གནའ་སྔ་མོར། རི་ཆུ་ནགས་གསུམ་གྱིས་བརྒྱན་པའི་ང་ཡི་བོད་ཡུལ་འདི་ལའང་བཙན་ཕྱུག་དཔའ་གསུམ་འཛོམས་ཏེ། ལྡོང་ཞྭ་མགོ་ཅན་ཞེས་སྙན་པའི་གྲགས་པ་རི་རྩེར་ཟུག སྦྲ་མིང་རྣ་ཅན་ཞེས་ཕྱུག་པོའི་དཔལ་ཁ་མཚོ་ལ་ཆགས། འབྲུ་བྱས་པ་ཅན་ཞེས་དཔའ་མཛངས་རྩལ་སྟོབས་དགྲ་ལ་ངོམས། སྒ་ཡིག་ཚང་ཅན་ཞེས་བློ་ཁོག་རིག་པ་གླིང་ལ་ཁྱབ། རུས་རྒྱུད་ཀྱི་རྩ་བ་མ་སྐམ་པའི་ངའི་འཇིག་རྟེན་ན་གངས་ཀྱི་ལྷུན་པོ་རེ་རེ་བཞིན་གཙུག་ཐོད་དུ་བཀུར་ནས་ཁོག་པའི་སྙིང་དུ་གྱུར། དེ་བས་མི་ཆོས་ཀྱི་རུས་རྐང་ན་རྟག་ཏུ་ཡལ་མི་སྲིད་པའི་ཞི་བདེ་ཡི་རྣམ་ཤེས་དེ་ནི་ཨ་མའི་པང་ ན་རུམ་པའི་ཁྱེའུ་ཆུང་ཞིག ག་ལེར་ག་ལེར་གོམ་པ་ཆུང་ཆུང་གིས་ལམ་སྣེ་བསྟན་གྱིན་རྒྱང་ནས་རྒྱང་དུ་བཞུད་པས་ཡིན་ནམ། ད་གཟོད་རང་གི་ཡ་ཐོད་ན་གསལ་བའི་མིང་ཡིག་ཅིག་གིས་བྱང་སེམས་ཀྱི་བློ་རྒྱ་རུས་ལ་བརྐོས་པ་ནས། ཞི་བདེ་ནི་རྩ་བ་དང་བྲལ་བའི་ཡལ་འདབ་མེད་པའི་སྡོང་སྐམ་རེངས་པོ་ལྟ་བུ་ཞིག་ག་ལ་ཡིན་ཨང་།
དྲུག
གདོད་མ་ནས་འཆམ་མཐུན་གྱི་གཟི་ཉམས་ཤེད་ཀྱིས་ངོམ་པའི་འདུ་ཤེས་དང་བྱང་སེམས་ཀྱི་རིག་ཀློང་ཧར་གྱིས་བརྡོལ་བའི་སྙན་ངག་གང་མང་སྟེ། རང་བྱུང་སྒེག་ལྡན་མའི་རྣ་ཆ་ལྟ་བུའི་ཉི་ཟླ་སྐར་གསུམ་དང་འབྱུང་ལྔའི་ཚེ་སྲོག་གི་རྣམ་ཤེས་ལྟ་བུའི་བྲག་ཅ་རེ་རེ་ལས། ལྷ་ཀླུ་གཉན་གསུམ་གྱི་རྒྱུ་བ་དང་མི་འབྲལ་བའི་འཇིག་རྟེན་འདིའི་བླ་སྲོག་ཡོད་ཚད་ལ། ཞི་བདེ་ཡི་ཐ་སྙད་ཀྱིས་ལོ་རྒྱུས་ཀྱི་དབང་བོར་ཡང་ཡང་བྱབས་ཁྲུས་བྱས་ཤིང་། མི་རིགས་འདི་ནི་དངོས་གནས་ལྷ་ཀླུ་གཉན་གསུམ་ལ་འབྲེལ་བ་དམ་པའི་གསང་བ་ལྐོག་གྱུར་དུ་སོང་བའི་འདུ་ཤེས་ཀྱིས་ཕྱུག་པ་ཡིན། གངས་རི་དང་རྫ་རི། མཚོ་མོ་དང་གཙང་བོ། ནགས་རི་དང་སྤང་རི་སོགས་ལ་ཡུམ་ལས་ལྷག་པའི་བརྩེ་དུང་གི་ཁྲག་དྲོན་རྒྱས་ཤིང་། དུས་དེ་ནས་བཟུང་སྟེ། མགོ་ཐོག་གི་ལྷ་ལ་གསོལ། ས་འོག་གི་ཀླུ་ལ་མཆོད། བར་སྣང་གི་གཉན་ལ་བཀུར་པ་སོགས་བསང་གཏོང་རིག་གནས་ཀྱིས་ཀྱང་ནམ་ལངས་ཤིང་བཙན་པ་རེ་བྱུང་ཡོད། དེའི་ཕྱིར། ཞི་བདེ་ནི་ཨ་མྱེས་ཀྱི་དབུ་སྐྲ་དུང་ལྟར་དཀར་བ་དཀྱིལ་ཡངས་ཤིང་ཐུགས་སྒམ་པའི་ལོ་རྒྱུས་ཀྱི་མེ་ལོང་གཙང་མ་དེ་ངེས་པར་དུ་ཡིན་འདོད།
བདུན།
ཞི་བདེ་ནི་སུ་ཞིག་གི་སེམས་ཁོང་ན་འགྱུར་མེད་དྭངས་གཙང་གི་གངས་རི་ལྟ་བུ་དང་། ལྷད་མེད་མེ་ལོང་གི་མཚོ་མོ་ལྟ་བུ་ཡིན་ནམ། ཡང་ན་སུ་ཞིག་གིས་གདོད་མ་ནས་ཚེ་སྲོག་གི་འོད་སྣང་སྦར་བར་མིག་མཐའ་ན་ལྟེམ་ལྟེམ་དུ་འཁྱིལ་བའི་མཆི་མ་ཞིག་དང་། རེ་ལྟོས་ཀྱིས་རྔུལ་ཆུས་གྲུབ་པའི་སྙིང་གི་ཚིལ་དྲག་ཅིག་ཀྱང་ཡིན། ཡིན་ན་ཡང་། ཡབ་ཆེན་ཚོའི་དབུ་སྟེང་དུ་ལྕགས་ཀྱི་སྡེར་མོ་ཟུག་འདྲའི་རི་སྒང་ལ་གུ་ཡངས་ཤིག་གནོང་དང་། ཡུམ་ཆེན་ཚོའི་འཛུམ་ཞལ་ལྟ་བུའི་མཚོ་མོ་སྙུང་གཞི་ཅན་ལ་འཆམ་མཐུན་གྱིས་འོ་ཞིག་བྱ་རོགས། སུ་ལའང་ཚེ་བསོད་རྒྱས་ཏེ་རླུང་རྟ་ཞིག་སྤུར་འདོད་ན། ཁྱེད་ཀྱི་བུ་རབས་ཚ་རྒྱུད་ཀྱི་ཐུགས་རྒྱུད་ལ་འབྱུང་ལྔའི་ཆགས་འཇིག་གི་རྣམ་སྨིན་མི་འཁོར་བར་འདོད་ན། མིའི་རིགས་ཀྱི་རུས་པ་དང་ཟུངས་ཁྲག་ལྟ་བུའི་རི་ཆུ་བྱམས་བརྩེ་ཅན་དང་མགོན་སྐྱབས་ཅན་ནི་ང་ཚོས་ཞི་བདེ་བསྐྲུན་པའི་ཐ་སྙད་ཁྲི་མ་འབུམ་གྱི་རྒྱབ་གཟུགས་ཤིག་ཡིན། དེའི་ཕྱིར་དུ། ཞི་བདེ་ནི་ང་ཚོའི་ལག་པ་གཉིས་ཀྱིས་སྐྱོར་ཐུབ་པའི་ནང་ལྗོངས་ཀྱི་སེམས་པ་དྭངས་མོ་ཞིག ལྷད་མེད་གངས་རིའི་མདངས་ལ་འཁུ་བའི་ཕུག་རོན་དཀར་མོ་ཞིག་གི་རྣམ་ཤེས་དེ་ཡིན་ཆོག་ཨང་།
བརྒྱད།
མཐོ་སྒང་གི་སྒལ་ཚིགས་འདི་ནི་འཛམ་གླིང་ན་མིག་གིས་ཕུར་ཚུགས་སུ་ལྟ་སའི་མ་མོའི་བྲང་མགོ་ཡིན། གོ་ལ་ཟླུམ་པོའི་ཚེ་སྲོག་གི་འཕར་རྩ་ལྡིང་སའི་གཞིས་ཁྱིམ་དྲོན་མོ་ཡིན། དེ་དག་གི་ཆེད་དུ། བྱང་སེམས་ཆེ་ཞིང་བློ་ཁོག་ཡངས་པའི་མི་རིགས་ཤིག་ལ། རྨོངས་དད་དང་མུན་ནག ཀླ་ཀློ་དང་རྗེས་ལུས་སོགས་ཀྱི་མགུལ་ལྕགས་རིང་མོ་སྐེ་ལ་བརྒྱབ་པའི་ཐ་སྙད་དེ་དག་སིལ་བུར་གཏོར་རོགས་གནོང་། ང་ཚོའི་སེམས་ཁོང་ནས་ཞི་བདེ་ལ་འདྲ་མཉམ་གྱི་དཔུང་ཤ་ནམ་ཡང་ལྷོད་མི་སྲིད་ལ། རེ་ཆད་དང་ཨ་ཐང་གི་རྣམ་འགྱུར་ཡང་ཧར་གྱིས་བསྟན་མི་སྲིད་པ་ཡིན། ང་ཚོའི་མིག་ཟུང་ན་ཞི་བདེ་ཡི་རེ་སྨོན་ཡོད་ཚད་མིག་ཆུས་ལྟེམ་ལྟེམ་དུ་འཁྱིལ་ནས་མར་མེ་ལྟར་མཆོད་ཀྱིན་ཡོད་ལ། ཁ་བཏོན་དང་སྐྱབས་འཇུག་གི་ཆོ་གའི་རིམ་གྲོ་སྣ་ཚོགས་ཀྱང་ངོ་མཚར་ཞིང་བརྗོད་ལས་འདས། གཞན་ཕན་གསེར་ལས་ལྷག་པའི་སྨོན་ལམ་གྲངས་མེད་ཅིག་རུས་ཐོད་ལ་ཟུག་པ་དེ་ནི་ཞི་བདེ་ཡི་ཆེད་དུ་ཡིན་ལ། འཇའ་ལུས་སུ་སྒྲུབ་པ་དང་ཏིང་འཛིན་ལ་སྒོམ་ནས་ལོ་ཟླ་བསྙལ་བའང་ཞི་བདེ་ཡི་མིག་དཔེ་ཡིན། ང་ཚོའི་སའི་གོ་ལ་ནི་འཁོར་པའི་བཙོན་ར་ཡིན་རུང་སེམས་ཀྱིས་འདུལ་དགོས་ལ། སྡུག་གི་རྒྱ་མཚོ་ཡིན་རུང་བྱམས་ཀྱིས་བརྩེ་བར་སྨོན། གནས་འདི་རུ་གཞན་སེམས་དཀྲུགས་པར་གནམ་ལྕགས་ཀྱི་ཆར་ཞོད་མི་ཕོད་རོགས། གནས་འདི་རུ་རང་ཚུགས་ཤོར་བར་ལྷ་འདྲེ་ཡི་ཟློས་གར་མི་འཁྲབ་རོགས།
དགུ།
ད་ལྟ་ངའི་བོད་ཡུལ་ན་བཙོན་ར་མེད་ཅེས་བཤད་ཆོག་ལ། དམྱལ་ཁམས་སུ་དམ་ལ་འདོགས་པའི་ལྕགས་ནག་དགུ་སྦྲེལ་གྱི་ཞགས་ཐག་རིང་བོ་དེའང་མེད་ཅེས་བཤད་ཆོག་ཆོག་ཡིན། དེ་ནི་ལྷ་ཆོས་དང་མི་ཆོས་ཀྱིས་བརྒྱན་པའི་དགེ་གཙང་གི་སེམས་པ་ཡོད་པས་ཡིན། ཡིན་ན་ཡང་། དེ་ན་རང་གཅུན་གྱི་བློ་རྒྱ་ཡངས་པོར་རྟ་ཕོ་སྲབ་མེད་ཅིག་གི་སྤང་ཐང་ཡོད་ལ། བང་ཁ་རྩལ་གྱིས་རྫོགས་ཐུབ་པའི་ཞི་བདེ་ལ་རྒྱལ་ཁའི་དཔའ་གདེངས་ཡོད། ལ་རྒྱ་དང་སྤོབས་པ་ཡོད། སྟོབས་ཤུགས་དང་མཆོངས་བསྐྱོད་ཡོད། ཞི་བདེ་ནི་གསེར་ཁྲིམས་ལས་ཀྱང་ལྷག་པའི་ཕ་བླ་མའི་ཞལ་ལུང་ཞིག རྣམ་དག་གི་དད་འདུན་ཁྲོད་ན། སྙིང་རྗེ་ཡི་ཀུན་སློང་ཤུགས་ཀྱིས་འཕྱུར་འོང་བའི་སྐྱེ་རི་བྱང་སེམས་ཅན་གྱི་རླངས་པ་ཚ་མོ་ཞིག་ཀྱང་ཡིན་པར་ངེས།
བཅུ།
རྒྱ་མཚོའི་རླབས་ཀྱིས་སྐྱོམ་པའི་གྲུ་གཟིངས་ཀྱི་གཡོར་མོ་དེ་ནི་ཕྱིར་ལོག་མི་སྲིད་པའི་ཁ་ཆེམས་ཀྱི་དར་ཡུག་ཅིག་དང་འདྲ་ཞིང་། དཔའ་གདེངས་ཀྱིས་སྐྱོད་པའི་སྤོབས་པ་དེ་ནི་སྙན་ངག་གི་ཟུངས་ཁྲག་དང་གཅིག་ཏུ་འདྲིས་པའི་མིའི་རིགས་ཀྱི་རྣམ་ཤེས་ཀྱི་མཛེས་སྡུག་ཧྲིལ་བོ་ཡིན། ཞི་བདེ་ནི་འབོད་སྐུལ་ཞིག་གི་ཀློང་ན་ནམ་ཡང་དཔའ་མི་ཞུམ་པར་བདེན་དོན་གྱི་ཕུགས་འདུན་ལ་ བརྩོན་པའི་དེད་དཔོན་ཞིག་གི་བློ་ཁོག་དྲོན་མོ་དེ་ཡིན་ཡང་སྲིད། མཚོ་མཐའ་ན་ཡུན་རིང་གཉིད་ལ་ཤོར་པའི་ཉམ་ཐག་སྦྲང་པོ་ཞིག་གི་རྣམ་ཤེས་བདེ་མལ་ནས་བརྩེ་བས་གཉོར་མཁན་གྱི་ལག་པ་དེ་ཡིན་ངེས།
བཅུ་གཅིག
ཨ་མྱེས་ཀྱི་རྟ་རྒྱབ་ནས་ཆེམ་ཆེམ་དུ་འཕྱར་པའི་གདོད་མའི་རལ་གྲི་ཞིག་གིས་ས་ཆེན་གྱི་དཔུང་བ་བཅད་དེ་རི་བོ་བདག་གིར་བཞེས་མྱོང་ཞིང་། ཧམ་སེམས་ཀྱི་འདྲེ་ལག་རིང་མོས་རྣོ་ལྕགས་གྲོགས་སུ་བཀུག་པའི་སྡིག་བོའུ་མེ་མདའ་དང་སྒྱོགས་རྫས་ཡ་མེད་ཅིག་གིས། མཚོ་ཆེན་གྱི་སྙིང་རྩ་གཏོར་ཏེ་གླིང་ཚོམ་ཁྲག་གིས་སྦངས་མྱོང་ལ། ས་ཆེན་པོའི་མཛེས་སྡུག་གི་དག་ཞིང་རེ་རེ་འཆི་བདག་གི་མངའ་ཐང་ལ་བཙན་གྱིས་བསྒྱུར་མྱོང་ཨང་། དུས་དེ་ནས་བཟུང་སྟེ། འཇིག་རྟེན་འདི་ནི་ཞེ་སྡང་དང་ཁ་འཁོན། ཕྲག་དོག་དང་ང་རྒྱལ། འགྲན་སེམས་དང་རྩོད་ལེན་སོགས་ཀྱིས་བཟོས་པའི་ཐ་སྙད་ཅིག་ཡིན་ཟེར། ཡིན་ན་ཡང་། ས་ཆེན་གྱི་རྨི་ལམ་འཕྲེད་ཀྱིས་གཤགས་ཏེ། སྡུག་བསྔལ་སྟོང་ཁྲག་གི་འོ་དོད་སྨུག་རྡུལ་བཞིན་ཡལ་ཤུལ་ན། སུ་ཞིག་གི་ཁ་ཆེམས་ཀྱིས་གསོས་ནས་ནར་སོན་པའི་ཁྱེད་ནི་བདེ་སྐྱིད་ཀྱི་སེམས་སྒྲ་ཁོ་ན་སྟེ། འགྲོ་བ་རིགས་དྲུག་གི་བསོད་ནམས་ས་ལ་འཕོས་ཤིང་། ཀླུ་ཡི་ལོངས་སྤྱོད་མཛད་མཐའ་མེད་པ་རེ་བས་མྱོས་ཡོད་ཨང་། ཞི་བདེ་ནི་ཇི་འདྲའི་གཡའ་དག་པའི་ནམ་མཁའ་དང་རྡུལ་དག་པའི་ས་གཞི་ཞིག་དང་འདྲ་ཨང་། མ་གཞི་ནས་བདེ་སྐྱིད་ཀྱི་འཚོ་བར་གླུ་སྐད་ཀྱིས་སྒོ་འཕར་ཡངས་པོ་ཕྱེས་སོང་།
བཅུ་གཉིས།
མདོར་ན། ཞི་བདེ་ནི་སའི་གོ་ལའི་ཚེ་སྲོག་གི་གཞུང་རྟ་ལ་བརྒྱུས་པའི་རྨུ་ཐག་རིང་མོ་ལྟ་བུ་དང་། དེ་ནི་སུ་ཞིག་གི་རྣམ་ཤེས་ལ་མཁོ་བའི་མི་ཚེའི་རྒྱང་ལམ་སྟེང་ན། ཡུན་ནས་ཡུན་དུ་ཡལ་མི་སྲིད་པའི་རྨི་ལམ་ཞིག་གི་ཁ་ཕྱོགས་དང་། ཡང་ན་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་རུ་མི་ལྷུང་བར་འཆམ་མཐུན་དང་སྙིང་རྗེ། བདག་གཅེས་དང་སྲུང་སྐྱོང་། མདུན་བསྐྱོད་དང་མཐུན་སྒྲིལ། འཚོ་གནས་དང་བདེ་སྐྱིད་སོགས་བསྣོལ་མར་གཅིག་ཏུ་འདྲེས་པའི་ཞི་བདེའི་འོ་མཚོ་ལྟ་བུའི་ཐ་སྙད་ལས་བརྡོལ་འོང་བའི་སྨོན་ལམ་ཞིག་ཡིན་པར་སྐྱབས་འཇུག་ཐེངས་གཅིག་ཞུ།
འབྲེལ་ཡོད་འོས་སྦྱོར།