logo

ཞེ་འདྲིས། ཞེ་འདྲིས། ཞེ་འདྲིས།

རྩོམ་པ་པོ།:སྦྲ་ནག་པ་ཤེར་ལྡན། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-11-30 ཀློག་གྲངས།:
ཞེ་འདྲིས། ཞེ་འདྲིས། ཞེ་འདྲིས།
སྦྲ་ནག་པ་ཤེར་ལྡན།

དེ་རིང་གི་ནམ་ཟླ་ཧ་ཅང་དྲོ་ཡང
བདག་སེམས་དེ་འདྲ་དྲོ་རྒྱུ་མི་འདུག
ཞེ་འདྲིས ཁྱོད་ཕྱོགས་སུ་དེ་ལྟར་ཡིན་ནམ

ཁྱོད་རང་ཁུ་སིམ་མེར་གྱུར་རྗེས
བདག་གིས་ཡང་དང་བསྐྱར་དུ་ཁྱོད་ཀྱི་དྲྭ་རྒྱབ་དང་པར་རིས་ཉུལ
ཡང་དང་བསྐྱར་དུ་ཁྱོད་རང་ཡོད་སའི་ནམ་མཁའ་དང་རི་བོ་ལ་བལྟས
ཡང་དང་བསྐྱར་དུ་འུ་གཉིས་ཀྱི་ཁ་བརྡ་དག་ཡར་སློག་མར་སློག་བྱས

དེས་ཀྱང་མ་ཚིམ་པར
གཅིག་པུར་ཁྱི་བཞིན་དམིགས་པ་བོར་ནས་སྐོར་ལམ་ཉུལ
སྐོར་ལམ་དུ་མཇལ་སྐོར་བའི་གྲིབ་མ་ཙམ་ཡང་མི་འདུག
དེ་ནི་བདག་ཁྱོད་ཀྱི་གྲག་འགུལ་དང་བྲལ་བ་ཇི་བཞིན

ཞེ་འདྲིས
ཉི་མ་སུམ་ཅུ་སོ་བདུན
ཉིན་ཞག་བདུན་ཅུ་དོན་བཞི
ཁྱོད་དང་ཁ་བརྡ་གློད་པའི་ཉིན་ཞག་དག་ནི་ཇི་འདྲའི་ཐུང་བ་ལ
ཐུང་དྲགས་པས་དུས་ཚོད་རེ་རེ་ཡང་སྐར་ཆ་ཇི་བཞིན་བཞུར
ཁྱོད་མེད་པའི་དུས་ཚོད་ནི་ཇི་འདྲའི་རིང་བ་ལ
རིང་དྲགས་པས་བདག་རང་འཆི་བ་མེད་པའི་བགྲེས་སོང་ཞིག་ཏུ་གྱུར

དེ་རིང་གི་ཕ་ཡུལ་ནི་ཇི་འདྲའི་ལྷིང་འཇགས་ཤིག་རེད་ཨང
སྐོར་ལམ་ཁའི་མ་ཎིའི་འཁོར་ལོ  རྡོ་འབུམ་སྟེང་གི་རླུང་འཁོར
བྱ་འདབས་འོག་གི་གཡེར་དྲིལ  
དེ་དག་གང་ལ་ཡང་གྲག་འགུལ་སྤུ་ཙམ་མི་འདུག
དེ་ནི་བདག་ཡིད་ནས་ཁྱོད་རང་གར་སོང་ཆ་མེད་དུ་གྱུར་བས་ཡིན་ནམ
ཞེ་འདྲིས  གྲག་རྒྱུ་མེད་པའི་རོལ་དབྱངས་འདི་བདག་གིས་བཟོད་ཐབས་མི་འདུག
དངོས་གནས་བཟོད་ཐབས་མི་འདུག  ཞེ་འདྲིས་ཨ

ཞེ་འདྲིས
ང་རང་སྐོར་ལམ་དུ་སོང་ནས་གསོལ་བ་བཏབ་ན་ཡང
ཡིད་ལ་འབོད་ཆོག་ཆོག་གི་སྐྱབས་ཤིག་དྲན་སོས་ཀྱི་མི་འདུག
ང་རང་དངོས་གནས་མགོ་འཐོམ་འདུག

ད་ལྟ་སྐོར་ལམ་ན་ཨོང་དོ་ས་ལ་བཞག་ཆོག་པའི་འདུག་སྟེགས་ཤིག་ཀྱང་མི་འདུག
ད་ལྟ་བདག་སེམས་ན་སྙིང་གཏམ་ལྷུག་པར་གློད་ཆོག་སའི་སྙིང་ཉེ་ཞིག་ཀྱང་མི་འདུག
ང་རང་སྐོར་ལམ་གྱི་སྙིགས་ཟོམ་དེའི་ལོགས་སུ་འགྲེངས་ནས།
དྲན་གདུང་འདིའི་ལྕི་ཡང་ཡི་གེར་གཞལ་གྱིན་ཡོད
ང་ནི་སྙིགས་ཟོམ་འདིའི་ནང་གི་ཤོག་བུ་ཞིག་ལྟར
ཁྱོད་སེམས་ནས་གང་བྱུང་འབོར་ཆོག་པ་ཞིག་ཡིན་ནམ

ཞེ་འདྲིས
དེ་ལྟར་ཡིན་ཡང་ངས་ཁྱོད་ལ་ལེ་བདའ་བྱེད་ཀྱིན་མེད
ངའི་དྲན་གདུང་འདིའི་ཕ་རོལ་ན་ཁྱོད་ཀྱང་དྲན་གདུང་ཞིག་གིས་མནར་ཡོད་ངེས
མི་གཅིག་ས་ནི  ང་ཡི་དྲན་གདུང་དུ་ཁྱོད་ཁོ་ན་ཤོང་ཡོད

ཞེ་འདྲིས
སྐོར་ལམ་ནས་བདག་གིས་ཆུ་ཟོམ་ཁུར་བའི་བྱིས་པ་འགའ་མཐོང་སོང
ཁོང་ཚོ་དགོད་སྒྲ་དང་འཛུམ་མདངས་ཁྲོད་འཚར་གྱིན་འདུག
ངས་ཁོ་ཚོ་མཐོང་བས་རང་ཉིད་སྐར་མ་འགའི་རིང་ལ་རྒས་སོང་བ་དྲན
ཞེ་འདྲིས
ང་ནི་རྟེན་འབྲེལ་གྱི་དྲ་བར་ཚུད་པའི་གླེན་པ་ཞིག་རེད
མཐོང་བ་འདི་འུ་གཉིས་ཡང་བསྐྱར་འཕྲད་ངེས་པའི་རྟེན་འབྲེལ་དུ་འགྲོའམ

ཞེ་འདྲིས
ང་ལ་འཕྱ་སྨོད་མི་གནང་རོགས
ཁྱོད་ཀྱི་མདུན་དུ་ང་ནི་དངོས་གནས་ནར་མ་སོན་པའི་བྱིས་པ་ཞིག་ཡིན

ཞེ་འདྲིས      ཞེ་འདྲིས       ཞེ་འདྲིས
འབྲེལ་ཡོད་འོས་སྦྱོར།