logo

གུར་མགོན་སྐྱབས། དཔལ་མཁར་རྒྱལ། སྒར་བ་ཚེ་བཀྲ་སོགས་ལ་དྲི་བ་ཞིག་འཕངས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2021-12-10 ཀློག་གྲངས།:
གལ་ཏེ་ཁྱེད་ཀྱིས་དཔེ་ཆ་གསུམ་ཁུར་ཏེ་མི་མེད་གླིང་དུ་འགྲོ་དགོས་བྱུང་ཚེ། ཁྱེད་ཀྱིས་དཔེ་ཆ་གང་དག་གདམ་ངེས། རྒྱུ་མཚན་ཅི།
གུར་མགོན་སྐྱབས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན།
        གཅིག «གཏམ་རྒྱུད་གསེར་ཐང»ཡིན་ཏེ། དཔེ་ཆ་དེ་ང་ལ་འགྲོགས་ནས་ལོ་མང་པོ་འགོར། སྤྱིར་རང་ལ་འགྲོགས་ནས་ཡོང་བའི་དཔེ་ཆ་མང་པོ་ཡོད་ཀྱང་། འགའ་ཞིག་བློར་འགྲོ་ཞིང་འགྲོ་བ་ཙམ་ཡོད། འགའ་ཞིག་རང་གི་བེད་ཆོད་ཀྱི་ལག་ཆར་གྱུར་ཚར། འགའ་ཞིག་ཞིབ་འཇུག་མཐིལ་ཕྱིན་དུ་སོང་མོད། གསེར་ཐང་ལ་མཚོན་ན་ད་ལྟའི་བར་བཏོན་ནས་ཡིད་ལ་གཤགས་པར་བྱས། མཁོ་དུས་ལག་ཆར་ཡང་བྱས་མོད། ད་དུང་ཡང་ཚིག་དོན་རྫོགས་པར་མི་གོ་བ། རིག་གནས་ཀྱི་རྒྱབ་ལྗོངས་མི་ངེས་པ། གཏམ་རྒྱུད་ཀྱི་ཕག་ལ་འཆེལ་བའི་གཏམ་རྒྱུད་མ་རྟོགས་པ་ཆེས་ཤིན་ཏུ་མང་པོ་མཆིས་པས། ངས་དེ་སབ་སིབ་ངང་བསྐྱུར་ནས་འགྲོ་མི་ཕོད་དོ། །
         གཉིས། «སྤྱོད་འཇུག་ཆེན་མོ»ཡིན་ཏེ།  བསྟན་བཅོས་ཆེན་པོ་འདི་ཚིག་བརླིང་ཞིང་དོན་ཟབ་པ་བཤད་མ་དགོས་ཏེ། ནང་པའི་རྟོགས་བརྗོད་དང་སྐྱེས་རབས། རྣམ་ཐར་ཡོད་དོ་ཅོག དེ་བཞིན་བསྟན་འགྱུར་ཁྲོད་ཀྱི་ཟློས་གར་གྱི་བསྟན་བཅོས་ལེགས་བཤད་གཉིས། བོད་དུ་གྲགས་པའི་ཟློས་གར་ཆེན་པོ་བརྒྱད་སོགས་ཀྱི་གཞུང་ལུགས་ཀྱི་རྒྱབ་རྟེན་ཡང་དེ་ལས་འཚོལ་བདེ་བའི་རྒྱུ་མཚན་གྱིས་ཡིན། གཞན་བསྟན་བཅོས་འདི་མང་པོ་བསྐྱོར་ན་ང་ལྟ་བུའི་མི་འདྲ་མེད། དཔའ་མེད། སྡར་མ་ཞིག་ལ་མཚོན་ན་ཡང་རིམ་གྱིས་རང་གིས་མི་ཐེག་པའི་སྙིང་སྟོབས་ཤིག་རང་བཞིན་གྱིས་བརྟས་འོང་བ་དེ་གལ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད། དེ་བས། ང་མི་མེད་གླིང་དུ་འདུག་ན་དེ་ཉིད་སྙིང་སྟོབས་ཀྱི་གོ་ཆ་ཡིན་ལ། བསམ་བློའི་འབྱོར་འཁོས་ཡིན་ནོ། །
         གསུམ། «རྟོགས་བརྗོད་དཔག་བསམ་འཁྲི་ཤིང»ཡིན་ཏེ། ང་རང་ན་ཚོད་ཆུང་ངུ་ནས་རྩོམ་རིག་ལ་མོས་ཤིང་། དེ་ལས་ཀྱང་སྙན་ངག་ལ་ཤིན་ཏུ་མོས། མོས་པའི་དབང་གིས་སྙན་ངག་གི་བསྟན་བཅོས་ཡང་ཡང་བཀླགས་པས་གཏིང་མི་དཔོག་ཅིང་། གདེང་མི་ལོན་པ་ཞིག་ང་ལ་ངེས་པར་མཁོ། སྤྲིན་གྱི་ཕོ་ཉ་སོགས་ང་རང་སྔོན་ཆད་མོས་པའི་སྙན་ངག་ཡིན་མོད་ཀྱང་། ད་ནི་ལོ་ཚོད་དང་ཚོར་འདུ་གཉིས་དོ་མི་མཉམ་པར་མཆིས་པས་སྐྱུར་ཞོག གང་ལགས་ཤེ་ན། “མཁས་པས་མཛད་པའི་བསྟན་བཅོས་ཀྱི་རིགས་གངས་རིའི་ལྗོངས་འདིར་འགྱུར་བ་ཇི་སྙེད་ཅིག་ཡོད་པའི་ནང་ནས་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་འདི་ཉིད་བརྗོད་བྱ་དོན་དང་འབྲེལ་བས་རྟོགས་སླ། རྗོད་བྱེད་རྒྱན་དང་འབྲེལ་བས་རྣ་བར་སྙན། ཚིག་རྐང་སྡེབ་སྦྱོར་དང་འབྲེལ་བས་གཅོད་མཚམས་ཕྱེད། མིང་མངོན་བརྗོད་དང་འབྲེལ་བས་ངོ་མཚར་བ་སྟེ་ཁྱད་ཆོས་བཞི་དང་ལྡན་པ་ཡིན་པས་ཕུན་སུམ་ཚོགས”ཞེས་གསུངས་ཡོད་པ་དེ་བཞིན་ནོ། །
         གཞན་དེབ་དེ་གསུམ་གྱི་ཕག་ལ་གབ་ནས་འཁྱེར་ཆོག་པ་རེ་གཉིས་ཡོད་ན་རྗེ་མི་ལའི་རྣམ་ཐར་གཅིག་ཡིན། ཡང་། མུ་མེད་གླིང་དེར་ཁ་པར་གྱི་བརྡ་རྟགས་ཡོད་ན་གསོ་རིག་རྒྱུད་བཞི་ངེས་པར་འཁྱེར་སྲིད། རྒྱུ་མཚན་ནི་གསོ་རིག་རྒྱུད་བཞིའི་ལུང་ཐོབ་ནས་ལོ་མང་པོ་ཕྱིན་ཀྱང་། དཔེ་ཁྲིད་ཅིག་ལ་ཉན་མ་ཐུབ་པར་ལུས་ཡོད། དྲ་ལམ་ནས་བག་ཆགས་ཙམ་འཇོག་པའི་རེ་བ་མ་ཡིན་པར་དོན་ཅུང་ཟད་ཅིག་གོ་ན་བསམས་ཡོད། དེ་ཙམ་མོ།།

བན་ཤུལ་དཔལ་མཁར་རྒྱལ། བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིབ་འཇུག་པ།
         ང་རང་དངོས་ནས་སྟོད་མངའ་རིས་ཀྱི་མུ་མེད་བྱང་ཐང་རྣམས་སུ་འབྲོང་ཁམ་པར་བརྟག་དཔྱད་བྱེད་དུ་འགྲོ་དགོས། དེའི་སྟབས་ཀྱིས་ཁྱེད་ཀྱི་ཆ་རྐྱེན་དང་ང་ཡི་མྱོང་བ་ལྟར་བཤད་ན། རྫ་དཔལ་སྤྲུལ་གྱི་སྙན་རྩོམ་དང་། དཔའ་བོ་གཙུག་ལག་ཕྲེང་བའི«ཆོས་འབྱུང་མཁས་པའི་དགའ་སྟོན»ས་ཁྲའི་ལག་དེབ་བཅས་གསུམ་གདམ་ངེས། རྒྱུ་མཚན་ནི། མི་མེད་བྱང་ཐང་ནི་ས་མཐོའི་ཡུལ་དུ་ཡོད་པས་རྫ་དུག་ཕོག་སླ་ལ་གསོ་རླུང་གིས་མི་འདང་བས། བསམ་གཞིག་གཟབ་ནན་གཏོང་དགོས་པའི་དཔེ་ཆ་གདམ་མི་རུང་། དེའི་སྟབས་ཀྱིས་སྐབས་རེར་སྣང་བ་ཡངས་མོར་གཏོང་ཐུབ་པའི་སྙན་རྩོམ་བཀླགས་ན་ཡག་པོ་ཡོད། དེའི་ཕྱིར་དཔལ་སྤྲུལ་སྙན་རྩོམ་བདམས་ཡོད། མུ་མེད་བྱང་ཐང་ནི་གནམ་སའི་འདྲེས་མཚམས་ལྟར་མཐའ་ཟད་དུ་མེད་པས་སྐྱོ་བ་ཤུགས་ཆེ་ཞིང་ཐང་ཆད་པའི་སྐབས་མང་པོ་འབྱུང་ལ། དུས་རེེར་སྤོབས་པའི་ངར་བསྐྱེད་པའི་རྒྱལ་རབས་ལོ་རྒྱུས་རྣམས་སྣང་བ་ཡངས་མོས་བཀླག་རུང་། དེའི་ཕྱིར། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་དགའ་བདམས་ཡོད། མུ་མེད་བྱང་ཐང་དུ་ཤར་ལྷོ་ནུབ་བྱང་གི་ཁ་ཕྱོགས་དང་ལམ་འཛོལ་ཡོང་སླ་བས། ལམ་དང་ཕྱོགས་དང་ཡུལ་བཅས་གསལ་པོར་བཀོད་པའི་ས་ཁྲའི་ལག་དེབ་ཅིག་གདམ་རུང་། དེ་ནི་མུ་མེད་བྱང་ཐང་ནས་གང་ལ་བགྲོད་པའི་ལམ་མ་ནོར་བར་སྲོག་མགོ་ཐོན་པའི་ཆེད་དུ་ཡིན།

སྒར་བ་ཚེ་བཀྲ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན།
         ཚན་འཕྲུལ་གློག་བརྙན་གསར་ཤོས«ཧྥིན་ཆྀ»(Finch)ཞེས་པའི་ནང་དུ་བསྐལ་བའི་མེ་རླུང་ཆེན་པོ་གཡོས་ནས་སའི་གོ་ལའི་སྐྱེ་རྒུ་བཅོམ་ཤུལ་དུ། ཡུལ་གྲུ་གང་སར་མི་ཉུང་ཤས་ཤིག་ལས་ལྷག་མེད་ཚུལ་རྒྱབ་ལྗོངས་བྱས་ཡོད་ལ། གློག་བརྙན་གྱི་བརྗོད་བྱ་ནི་མི་ཉུང་ཤས་དེ་ལས་ཧྥིན་ཆྀ་ཞེས་པའི་འཕྲུལ་ཆས་བཟོ་མཁན་ཞིག་གི་གཏམ་རྒྱུད་ཡིན། བརྙན་རིམ་ཞིག་ཏུ་ཁོས་གསོན་ཐབས་སུ་དངོས་ཁམས་སྐོར་གྱི་དེབ་མང་པོ་ཉར་བའི་ཕན་ཆོད་དུ། རྩོམ་རིག་གི་དེབ་ཅིག་ཉར་པ་ནི། ཧྥ་རན་སེའི་རྩོམ་པ་པོ་ཨན་ཏོའི་ནེ·ཨེ་ཟུ་པེ་རཱི(Antoine de Saint-Exupéry)ནས་མཛད་པའི་སྒྲུང་གྲགས་ཅན«རྒྱལ་སྲས་ཆུང་ཆུང»ཞེས་པ་དེ་རེད། དེབ་འདི་རང་རེའི་སྐད་དུའང་འགྱུར་བཞི་ཙམ་ཡོད། གང་ལྟར། གལ་སྲིད་དེ་དང་ཆ་འདྲ་བའི་གནས་སྟངས་ཤིག་ལ་ལྷུང་བར་ཆ་བཞག་ན། ཁོ་བོས་གཤམ་གྱི་དེབ་གསུམ་འཁྱེར་ངེས།
         གཅིག ཉེན་མཆོང་བ་གྲགས་ཅན་བྷེར་རྒྀ་རིལ་སྀ(Bear Grylls)ཡི་རང་རྣམ«གསོན་ཐབས་ཅན་གྱི་མི»(Born Survivor荒野求生) དེབ་འདིར་ཁ་བྱང་ཆུང་ངུ་ཞིག་ཀྱང་འདུག་སྟེ། སའི་གོ་ལའི་སྟེང་གི་ཉེན་ཆེའི་ཡུལ་ལུང་ཁག་ཏུ་གསོན་ཐབས་ཞེས་བྲིས་འདུག ཁོ་བོས་ཀློག་མྱོང་མེད་ཀྱང་། འདིར་གསོན་ཐབས་མ་ཟད།  དེ་འདྲའི་གནས་བབ་འོག་ཆེས་མཁོ་བའི་སྙིང་སྟོབས་དང་བློ་སྤོབས་ཡང་སྩོལ་ནུས་ཟེར།  དེས་ན་དེ་ལས་ལྷག་པའི་རྒྱུ་མཚན་མི་དགོས་པར་སྣང་སྟེ། དེབ་འདི་ངའི་ཁ་རྒྱབ་དང་ལུས་སྲོག་ལ་འགན་ལེན་མཁན་མ་བྱན་དང་ལུས་སྲུང་ལྟ་བུར་འགྱུར་སྲིད།
        གཉིས། རྗེ་ཙོང་ཁ་པས་མཛད་པའི«བྱང་ཆུབ་ལམ་རིམ་ཆེན་མོ» རང་རེའི་མེས་པོ་དམ་པ་དག་གི་ལྷག་བསམ་དང་རྣམ་དཔྱོད་ཀྱི་རྩལ་གྱིས་ལྟ་གྲུབ་མ་ལག་འཐུས་ཚང་བ་ཞིག་ལ་འཇུག་ཚུལ་གྱི་ལམ་ཡག་ཤོས་དེ་བཏོད། ལམ་དེར་ཡང་ལག་ཁྲིད་ལྟ་བུའི་ངང་བགྲོད་ཚུལ་གྱི་རིམ་པ་ཞིབ་ཕྲར་མཛད་པ་ནི་ཆེས་རླབས་ཆེ་ལ་ཡིད་དབང་འཕྲོག་པ་རྐྱང་དུ་འདུག་གཤིས། དེབ་འདི་གླིང་ཕྲན་དེར་ཁོ་བོའི་ནང་སེམས་ཀྱི་འཇིག་རྟེན་ལ་འོད་སྒྲོན་མཁན་དགེ་རྒན་ལྟ་བུར་འགྱུར་སྲིད།
        གསུམ། གཙང་སྨྱོན་ཧེ་རུ་ཀས་མཛད་པའི«མི་ལ་རས་པའི་རྣམ་ཐར» རྗེ་བཙུན་མི་ལ་རས་པ་ནི་བོད་མི་ཙམ་མིན་པར་འགྲོ་མིའི་སྙིང་རུས་དང་དཀའ་སྤྱད་ཐུབ་པའི་སྙིང་སྟོབས་མཚོན་བྱེད་ཅིག་ཏུ་གྱུར་ཡོད། ཁོང་གི་དཀའ་སྤྱད་ཞུམ་མེད་དང་ཡལ་མེད་བྲོད་སྣང་གིས་གླིང་སྟོང་དེར་བདག་ལ་བློ་སྤོབས་སྦྱིན་ནུས་ཐག་ཆོད་ལ། ཁོང་གི་འཁོར་བར་སྙིང་པོ་མེད་ཚུལ་དང་མི་རྟག་པ་བརྗོད་བྱར་བྱས་པའི་གསུང་མགུར་སྙན་མོ་དེ་དག་ཁོ་བོའི་ཁེར་རྐྱང་གི་སེམས་པ་དེར་སེམས་གསོ་བྱེད་པའི་བློས་ཐུབ་གྲོགས་པོ་ལྟ་བུར་འགྱུར་སྲིད།
 
དཔལ་ལྡན་རྒྱ་མཚོ། ཀན་སུའུ་མི་རིགས་སློབ་གླིང་གི་དགེ་རྒན།
        གཅིག «བསྟོད་སྨོན་ཕྱོགས་བསྒྲིགས།» ནམ་རྒྱུན་དབེན་གནས་དགོན་སྡེ་དེ་དག་ལ་མཆོད་མཇལ་གནས་སྐོར་ཞུ་དུས། འདུ་ཁང་གི་སིལ་སྙན་དང་ཆོས་ཀྱི་སྒྲ་དབྱངས་སྙན་མོ་ཡིད་ཀྱི་གཏིང་དུ་བྱིངས་ནས་རྣམ་ཤེས་ཀྱི་ལྗོན་པའི་རྩ་བ་བསྒུལ་ཞིང་རྩེ་མོ་སྤྲུགས་པའི་ཚོར་བ་བྱིན་པ་ལན་གྲངས་དུ་མ་ཡིན། མིག་སྔར། བོད་ཡུལ་དཔེ་སྐྲུན་ལས་རིགས་ཐད་ནས་བོད་ཡིག་གི་དཔེ་ཆ་དཔར་གྲངས་ཆེས་མཐོ་ཤོས་ཀྱི་རླབས་རྩེ་ཟིན་ཡོད་པའང«བསྟོད་སྨོན་ཕྱོགས་བསྒྲིགས»ཡིན་སྐད། དེ་ལ་མི་རིགས་ཀྱི་དད་མོས་དང་འདུ་ཤེས། བརྩེ་དུང་། རིག་གནས་ཀྱི་བློ་ཁམས་སྟུག་པོ་ཆགས་ཡོད་པ་ཡིན། གལ་ཏེ་མི་མེད་ཀྱི་གླིང་ཕྲན་ཞིག་གི་སྟེང་དུ་འགྲོ་དགོས་བྱུང་ཚེ། གོ་སྐབས་དེ་སྤྱད་དེ་ལྷིང་འཇགས་ངང་འདོན་རྟའི་དབྱངས་རྟ་དེ་དག་ལ་ཉམས་ཞིབ་མཛད་ནས་ཁེར་རྐྱང་ལ་ཉམས་ལེན་དང་གདོད་ནས་ཆགས་པའི་རོལ་དབྱངས་ཀྱི་འཇམ་མཉེན་དང་སྐྱོ་གར་གྱི་མཛེས་པ་ལོངས་སུ་སྤྱོད་པར་འདོད།
        གཉིས། «དག་ཡིག་གསར་བསྒྲིགས།» ད་ལྟའི་བར་དུ་རང་སེམས་ན་ཐ་སྙད་ག་ཚོད་ཡོད་པ་རྩིས་ལེན་བགྱིས་མ་མྱོང་། ཕྱིའི་སྣོད་ཀྱི་མཛེས་སྡུག་གི་ཁམས་དེ་དག་ནང་སེམས་ཀྱི་གུར་ཁང་དུ་གསོག་ཅིང་བསྙལ་ནས་གཏམ་རྒྱུད་ཀྱི་རུ་རྩིར་ཆགས་སུ་བཅུག་པ་བདེན་ནའང་། ཐ་སྙད་ཀྱི་མཉེན་ལྕུག་ལ་བསྒྲིལ་ནས་སྐད་ཆའི་ཡུར་བ་ལ་བསམ་བློའི་བརྩེ་གདུང་གི་ཆུ་མོ་འདྲེན་སྙམ་དུས། ཁ་གཏད་དུ་དྲན་ཆོག་པ་ནི«དག་ཡིག་གསར་བསྒྲིགས»ཡིན་སྙམ་བྱུང་། འཚོ་བའི་ཟབ་ཡངས་ལ་མཐའ་མེད་དུ་ཆུགས་ཀྱང་། ཐ་སྙད་ཀྱི་བཙན་རྫོང་དུ་གྲུབ་པའི་ཚིག་མཛོད་དེ་ཙམ་ཡང་བརྒལ་བར་མ་གྱུར་ཚེ། དགའ་སྐྱོ་དུངས་ཞེན་གྱི་མཚོ་མོ་ཇི་ལྟར་བསྐྱོམས་ཀྱང་དབྱངས་ཀྱི་ལྷ་མོ་དགུག་པའི་འཁྲུལ་སྣང་མངོན་དུ་མི་འགྱུར་བར་ཕངས། དེ་བས་ཐ་སྙད་ཀྱི་མཛོད་ཕུགས་འདི་བརྒལ་བར་མཛད་དེ་ནང་སེམས་ཀྱི་མངའ་ཐང་དང་རྟོག་པའི་ཁ་ཞེང་གཞལ་བར་འདོད།
        གསུམ། «འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་།» དེ་ལྟར། གོང་གསལ་བསྟོད་སྨོན་ཕྱོགས་བསྒྲིགས་ལས་རོལ་དབྱངས་ཀྱི་ཁུགས་པ་ལ་དག་ཡིག་གསར་བསྒྲིགས་ཀྱི་ཐ་སྙད་ཀྱི་རི་མོ་ཡོངས་སུ་སྤྲས་པས་འཚོ་བའི་དྲན་ཤིང་གི་དྲི་མ་ཆགས་པའི་རྫ་བུམ་ངང་གིས་གྲུབ་པས། བརྩེ་གདུང་གི་བདུད་རྩི་ངང་གིས་སྙོལ་བའི་གྲ་སྒྲིག་དང་སྔོན་འགྲོ་བསྒྲུབ་པ་ལ། རང་བྱུང་ཁམས་ཆེན་པོའི་ངོས་ནས་མི་ནི་ཤིན་ཏུ་གཉོམ་པས། ཤེས་རབ་ཀྱིས་འཚོ་ཞིང་དཀའ་སྤྱད་ཀྱིས་གསོན་དགོས་པས། ངས་«འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང»གྲོགས་སུ་འཁྱེར་དགོས། མི་མེད་ཀྱི་གླིང་ཕྲན་ནས་རང་བྱུང་ཁམས་ཆེན་པོ་ལ་གོམས་པར་རྩོམ་དགོས་ཤིང་། དེ་ལྟ་ན། ཐོག་མར་ཁོར་ཡུག་གང་དེའི་རྩ་དང་རྩི་ཤིང་གི་རིགས་ནས་མགོ་བརྩམས་ཤིང་། རི་ཆུ་གནམ་གཤིས་ལ་འཕྲོད་པར་བརྩོན་དགོས་པའོ། །
 
དབྱངས་ཅན་ལྡིང་ཁང་། བོད་ལྗོངས་གསོ་རིག་སློབ་ཆེན་གྱི་ཤེས་རམས་ཞིབ་འཇུག་སློབ་མ།
        བརྒྱ་ལ་ཉིན་ཞིག་ཁོ་བོ་འཇིག་རྟེན་གྱི་ཕུན་ཚོགས་བློས་བཏང་ནས། མི་མེད་གླིང་དུ་འགྲོ་དགོས་ཤར་ཚེ། དཔེ་དེབ་ཀྱི་རིགས་གསུམ་ཙམ་འཁྱེར་བར་ངེས་སྟེ། དང་པོ་འཚོ་གནས་ཐུབ་རྒྱུ་དེ་གཙོ་བོར་གྱུར་སྟབས། གླིང་སྟོང་འཚོ་གནས་ལག་དེབ་ཅིག་ཁ་ཚ་དགོས་ཀྱིས་གཏུགས། དེ་ལ་བརྟེན་ནས་འཚོ་ཐབས་བྱེད་ཅིང་། འཚོ་ཐབས་ཀྱི་བློ་སྒོ་འབྱེད་ཐུབ་པར་འགྱུར་སྲིད། གཉིས་པ་ནི་དགའ་བའི་རྡོ་རྗེ་ལགས་ཀྱིས་བརྩམས་པའི«སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང»དེ་འཁྱེར་དགོས་བསམས་བྱུང་། གླིང་ཕྲན་དུ་སྐྱེས་པའི་རྩི་ཤིང་དང་རྡོ་སོགས་ལ་སྨན་གྱི་ངོས་འཛིན་བྱེད་རྒྱུ་དང་། སྨན་རྫས་འདུལ་སྦྱོང་བྱས་པ་ལ་བརྟེན་ནས་རང་ལ་སྨན་བཅོས་ཀྱང་བྱས་ཆོག་པར་སྙམ། གསུམ་པ་ནི། པེར་ཏྲན་རུས་སེལ(Bertrand Russell)ལགས་ཀྱི་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་འཁྱེར་ངེས་ཡིན། འདི་ནི་གུས་པས་དགའ་ཤོས་བྱེད་སའི་ནུབ་གླིང་གི་དཔེ་དེབ་ཅིག་ཡིན། མི་མེད་གླིང་ནས་ངས་སྔོན་ཆད་བམ་ཀློག་བྱས་པ་ལས་བརྒལ་ཏེ་ཞིབ་ཀྱིས་འཇུག་པའི་གོ་སྐབས་ཡོད་ངེས་ལ། ཚར་མང་པོ་བཀླགས་པས་ཀྱང་ངེས་ཤེས་གསར་པ་འབྱུང་བར་འགྱུར་སྲིད་པའོ། །ཞོར་དུ། གུས་པས་ནན་ཅིང་ནས་ཉོས་པའི་ཀོ་ཐུམ་བརྒྱབས་པའི་ཟིན་བྲིས་དེའང་འཁྱེར་དགོས་འདུག གླིང་ཕྲན་གྱི་ས་བབ་འཁོར་ཡུག་དང་། སྐྱེ་དངོས་ཀྱི་རིགས་ཟིན་བྲིས་སུ་བཀོད་ཆོག་པ་དང་། རང་གི་ཚོར་བའང་བྲིས་ཆོག་པར་སྙམ།
 
བདེ་ལྡན་དཔལ་མོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཤེས་རམས་ཞིབ་འཇུག་སློབ་མ།
        གཅིག གལ་ཏེ་མི་མེད་གླིང་ཡིན་ཚེ། ངས་ངེས་པར་འཁྱེར་དགོས་པ་ནི་རང་བྱུང་ཁམས་སུ་ཇི་ལྟར་འཚོ་བའི་ཐབས་བརྗོད་པའི་དཔེ་ཆ་རེད། གང་ལྟར་ཡང་འཚོ་བའི་འདོད་པ་ཡོད་ཚེ་དེབ་དེ་རིགས་ཀྱིས་ཕན་པར་འདོད།གལ་སྲིད་འཚོ་བ་ལ་དཀའ་ངལ་མེད་ཚེ། ཧྲི་ཐེ་ཧྲིན(史铁生)གྱི«我与地坛»ཡིན།མཚན་ཉིད་རིག་པ་མཁན་དང་འདྲ་བའི་རྩོམ་པ་པོ་དེས་འཇིག་རྟེན་དང་ཤི་གསོན་ལ་དོ་ཁུར་བྱས་ཡོད་ལ། མིའི་རིགས་ཀྱི་ལོ་རྒྱུས་དང་། མི་དང་མིའི་བར་གྱི་བརྩེ་དུང་སོགས་ཕྱོགས་དུ་མ་བཀོད་ཡོད་པས། མི་མེད་གླིང་དུ་འཚོ་བའི་དོན་སྙིང་གང་ཞིག་ལ་དོགས་པ་སྐྱེས་ཚེ་དེབ་འདིའི་ནང་ནས་ལན་རྙེད་ཡོང་སྙམ།
        གཉིས། «མི་རོ་རྩེ་སྒྲུང»ཡིན།ཁེར་རྐྱང་གི་གནས་སུ་ལྷུང་ཚེ། སྒྲུང་སྤྱིར་བཏང་བ་དག་གིས་ཀྱང་ཡིད་ཀྱི་སྤྲོ་བ་འཕེལ་སྲིད་ལ། སྤྱིར་བཏང་བ་དག་གིས་མ་གཏོགས་ཡིད་ལ་དགའ་བ་སྦྱིན་མི་ཐུབ་པར་སྙམ། དེ་མིན། ང་དང་ཕ་མ། སྤུན་ཉེའི་བར་ལ་དེབ་འདི་དང་འབྲེལ་ནས་སྤྲོ་སྐྱིད་ལྡན་པའི་དྲན་གསོ་དུ་མ་ཡོད་པས། ཁེར་རྐྱང་གི་རང་ཉིད་ལ་སེམས་གསོའང་ཡོང་བར་འདོད།
        གསུམ། «梵高传»ཡིན།ཝེན་སེན་ཐེ·འེན་ཀོའི་མི་ཚེའི་བརྒྱུད་རིམ་ནི་མ་གཞི་ནས་སྐྱོ་གདུང་དང་ཁེར་རྐྱང་གིས་ཁེངས་པ་ཡིན་ལ། མི་ཚོགས་དཀྱིལ་གྱི་ཁེར་རྐྱང་དང་མི་མེད་གླིང་གི་ཁེར་རྐྱང་གཉིས་ངོ་བོ་མི་འདྲ་ནའང་། དེའི་བར་དུ་སྐྱོ་བ་བསལ་ནས་མུ་མཐུད་འཚོ་བ་དང་རང་ཉིད་ཀྱི་བསམ་པ་གང་ཞིག་ལ་ཡིད་ཆེས་བརྟན་པོ་བྱ་ཐུབ་པའི་སྙིང་སྟོབས་དགོས་པ་གཅིག་མཚུངས་ཡིན་པས། ཁོང་ལ་ཡོད་པ་དེ་ང་ལའང་དགོས་པར་འདོད།
 
དགྲ་ཟོར། རོལ་མོ་སློབ་གཉེར་པ།
        དྲི་བ་འདི་འབྱོར་དུས་ང་རང་གཉིད་ལས་སད་མ་ཁད་ཡིན། ངའི་ཡིད་ལ་མི་མེད་ཀྱི་གླིང་དེ་ནི་མན་ལུང་གུ་རུའི་ལམ་ཡིག་ཏུ་བཤད་པའི་ཆུ་གྲང་གི་རྦ་ལ་མཚན་མ་བཟེད་པས་ཆགས་པའི་ནད་སེལ་ཞིང་ཕྲུ་གུ་སྐྱེས་ཚད་བུ་མོར་ཡོང་ཞེས་པའི་ཡུལ་དེ་ལྟ་བུ་ཞིག་ཡིན་ནམ་སྙམ། ཧ་ཧ། སྐབས་དོན་ལ་འཇུག་པར་བྱ་སྟེ། གལ་ཏེ་ངའི་མགོ་ཐོག་ཏུ་ཉི་མ་འདི་འདྲ་ཞིག་དངོས་ནས་ཤར་ཚེ་ངས་ད་སྔོན་བལྟས་མྱོང་བའི་དཔེ་ཆ་གཅིག་ཀྱང་ཁུར་མི་འདོད། རོལ་དབྱངས་མ་ཐེ་བའི་ལས་གང་བགྱིས་ཀྱང་བསྐྱར་ཟློས་ལ་ང་རང་ཤིན་ཏུ་སུན། མི་མེད་ཀྱི་གླིང་དེ་ཡང་ང་ལ་མཚོན་ན་བཀླགས་མ་མྱོང་བའི་དཔེ་ཆ་གསར་པ་ཞིག་ཡིན་སྲིད། དེས་ང་ལ་མཚར་སྣང་གསར་པ་དང་དོགས་འདྲི་གསར་པ། འཇིགས་སྣང་གསར་པ་བློ་སྐྱེད་གསར་པ་སོགས་ཅི་ཡང་སྟེར་སྲིད་ལ། རྡོ་གསེང་ནས་ཆུ་མིག་བཞུར་བའི་སྒྲ། ཟིལ་ཆུང་མནབས་པའི་རྩི་ཤིང་གི་ཡལ་གའི་ཐོག་ཉི་འོད་འཕྲོས་པའི་འོ་ཟི། ཉི་མ་འཆར་བ་དང་ཉི་མ་ནུབ་པ་འདི་དག་ཡོད་ཚད་ཐ་སྙད་ཀྱི་དཔུང་བས་མི་ཁྱོགས་པའི་མཛེས་པ་མཐར་ཐུག་པ་རེ་རེ་ཡིན་པས་མི་མེད་ཀྱི་རང་བྱུང་ཁམས་ཆེན་མོ་འདི་ལས་ལྷག་པའི་དཔེ་ཆ་ཞིག་མི་དགོས་པ་འདྲ། ད་ལྟའི་ང་ཚོའི་དཔལ་ཡོན་གྱི་ཚད་ཅི་འདྲ་ཞིག་ཏུ་སླེབས་ཟིན་ཡང་འདིའི་རྒྱུ་ནི་མེས་པོ་དག་གིས་ཁེར་རྐྱང་དུ་རང་བྱུང་ཁམས་ཆེན་མོར་འཐབ་རྩོད་རབ་དང་རིམ་པ་བརྒྱུད་སྐབས་ཐ་ན་ཚེ་སྲོག་ཀྱང་ཁྱུར་མུད་གཏོང་བའི་འཇིགས་པ་རེ་རེའི་མདུན་དུ་བློ་སྤོབས་ཆེན་པོས་ཐབས་དང་ཤེས་རབ་རྩལ་དུ་སྤྲུགས་ནས་གདོང་གཏད་པའི་ཤེས་རབ་དང་ཉམས་མྱོང་བསགས་པའི་ཉིང་ཁུ་དེ་མི་རབས་མང་པོར་བསགས་ནས་མཐར་ཡི་གེའི་རྡང་ལ་བཏགས་ནས་ད་གཟོད་གཏོས་ཆེ་བའི་དཔེ་ཆའི་རི་རབ་ཅིག་ང་ཚོའི་མདུན་དུ་སྤུངས་ཡོད་པ་མིན་ནམ།བྱས་ཙང་ང་ལ་མཚོན་ན་རྒྱུན་དུ་མིས་བཟོས་སྤྲོ་འཁྱམས་ས་ཁུལ་མ་ཡིན་པའི་རི་རྒྱུད་དང་ནགས་ཀླུང་ཉུལ་བར་དགའ་བའི་རྒྱུ་རྐྱེན་གཙོ་བོ་ཡང་འདི་ཡིན། ཡིན་ཡང་གལ་ཏེ་ངེས་པར་དུ་དཔེ་ཆ་གསུམ་གདམ་དགོས་ཚེ་ངས་ཀློག་འདོད་ནས་ཡུན་རིང་འགོར་བའི་པོ་ལ་ཐུའི«ཕུགས་བསམ་རྒྱལ་ཁབ»དང་ཅ་ཞི་ཡ·མ་ཨར་ཁི་སིའི«ལོ་བརྒྱའི་ཁེར་རྐྱང»ཡིན།དཔེ་ཆ་འདི་གཉིས་ངས་ཀློག་འདོད་ནས་ཡུན་རིང་འགོར་ན་ཡང་བཀླགས་མ་མྱོང་བའི་དཔེ་ཆ་གཉིས་ཡིན། གལ་ཏེ་ང་ལ་གདམ་ག་བྱེད་ཆོག་པའི་དབང་ཆ་ཞིག་ཡོད་ན་དཔེ་ཆ་གཞན་པ་དེའི་ཚབ་ཏུ་ངས་བམ་མཐུག་པའི་ཟིན་བྲིས་དེབ་གཅིག་དང་སྨྱུ་གུ་ཞིག་གདམ་ངེས་ཡིན། མི་མེད་ཀྱི་གླིང་ཕྲན་དེ་ངས་བཀླགས་མི་ཚར་བའི་དཔེ་ཆ་ཞིག་ཏུ་སྒོམ་ངེས་ཡིན།

ནག་ཤོད་བསྟན་འཛིན་མཚུངས་མེད། ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ།
        ང་ཚོ་མི་མེད་ཀྱི་གླིང་དུ་བསྐྱོད་པར་དཔེ་ཆ་ཡིས་ཅི་ཞིག་བྱའམ། དཔེ་ཆ་འཁུར་དུ་སྟེར་ཀྱང་། གྲངས་འབོར་གསུམ་ལས་བརྒལ་དུ་མེད་པ་དེ་ཡང་ཅི། དེ་ལྟར་རྩ་བའི་དྲི་གཞི་དེ་ལ་ལྡོག་འདྲི་ཡང་ཡང་བྱེད་སྐབས། བདག་ལ་བློ་སྐྱེད་ཀྱི་བོགས་རབ་ཏུ་ཐོན་བྱུང་བས། འདིར་ཡང་གདམ་བྱའི་དཔེ་ཆ་གསུམ་པོའི་མཚན་བྱང་མ་བརྗོད་པའི་གོང་ལ། ཅིའི་ཕྱིར་གདམ་རྒྱུའི་གཏན་ཚིགས་ཐན་ཐུན་ཞིག་སྔོན་དུ་བྱ་བའི་གཏམ་དུ་དགོད་པར་བྱ།
        དྲི་གཞི་དེ་ཉིད་ཐོག་མར་རྣ་རྩ་ནས་བརྒྱུད་དེ་བག་ཆགས་ཀྱི་གཞི་རུ་ལྷུང་བ་ན། སྨྲ་བརྗོད་ལས་འདས་པའི་ཡིད་འབྱུང་སྤུ་སུད་ཅིག་གིས་རབ་ཏུ་གདུངས་ཏེ་ཐང་ཅིག་ལ་སེམས་ཁམས་ཧྲིལ་པོ་སྟོང་ཧང་ཧང་དུ་གྱུར། ཁོ་བོ་ཡི་གེ་ཀློག་ཤེས་པ་ནས་ད་བར་ལོ་ཡི་འཁོར་མོ་ཉི་ཤུ་ལྷག་འདས་ཟིན་ལ། ལོ་ངོ་དེ་དག་གི་རིང་ལ་བསླབ་པའི་གྲྭ་ས་ནས་སྦྱངས་མྱོང་བའི་སློབ་དེབ་རྣམས་ཕུད། རང་གིས་དགའ་དད་སྤྲོ་གསུམ་གྱིས་མགོ་རྔ་ཡོད་པར་བཀླགས་མྱོང་བའི་དཔེ་དེབ་ལ། རགས་རྩིས་བྱས་ན་བརྒྱ་ཕྲག་གཅིག་ལྷག་བརྒལ་ཡོད་ཅིང་། ད་ཆ་རང་ལ་བདོག་པའི་དཔེ་དེབ་བཀླགས་ཟིན་དང་བཀླག་འགྱུར་རྣམས་ཀྱང་འོལ་ཚོད་ཀྱིས་སྡོམ་རྩིས་ཤིག་བླངས་ན། ཕལ་ཆེར་སྟོང་ཚོ་གཉིས་ལས་བརྒལ་ཏེ་གསུམ་ལ་ཉེ་བ་ཡོད། དེ་དག་ཕལ་ཆེ་བ་རང་གིས་གཙོ་བོ་དང་མཆོག་ཏུ་འདོད་དེ་བླུས་ཡོང་བའམ། གཞན་གྱིས་བྱིན་པའམ། དཔེ་མཛོད་ཁང་ནས་གཡར་ཡོང་བ་ཤ་སྟག་ཏུ་སྣང་། དེ་ལྟར་ནའང་། ང་རང་གློ་བུར་དུ་མི་མེད་གླིང་ལ་དཔེ་ཆ་གསུམ་ཁུར་ཏེ་འགྲོ་དགོས་ཞེས་བཟློག་མེད་དུ་བསྐུལ་ཚེ། དཔེ་ཆ་འདི་གསུམ་མོ་ཞེས་སྐད་ཅིག་ཉིད་དུ་མཚན་ནས་སྨོས་རྒྱུ་ལྟ་ཅི། ཁྲ་ཁྲ་ཟིང་ཟིང་གིས་དབང་བའི་སྒོ་ཡོངས་སུ་བསྒྲིབས་པ་ལྟར་ཡིད་ལ་དྲན་རྒྱུའང་དཀའ་བའི་གནས་སུ་གྱུར། ད་ལྟའི་ལམ་ཚད་ནས་ཕྱིར་དྲན་ཞིག་བྱེད་སྐབས། ད་བར་བཀླགས་ཟིན་པ་ཕལ་ཆེར་ནེ་ཙོའི་ཁ་ཏོན་དང་འདྲ་བར་དོན་མེད་པར་གྱུར་འདུག་ཨང་སྙམ་པའི་དོགས་པའང་སྐྱེས་བྱུང་།
རང་གི་ད་ལྟའི་གནས་སྐབས་ལ་བལྟས་ན། རང་ཉིད་དཔེ་ཆ་དང་ཡི་གེའི་ཁོ་ར་ཁོར་ཡུག་ཏུ། མི་ཚོགས་ཀྱི་དྲ་བ་དྲ་ཕྱེད་ཀྱིས་དམ་པོར་སྦྲེལ་ཡོད་ཀྱང་། རང་རྒྱུད་ལ་ཉམས་རྟོགས་སད་བྱེད་ཀྱི“ཤེས་བྱ་གཙོ་བོ”རྣམས་དང་རྒྱབ་ཀྱིས་ཕྱོགས་ཏེ། ཆགས་སྡང་རྨོངས་གསུམ་གྱིས་བརྩེགས་པའི“ཤེས་བྱའི་རྣམ་གྲངས”ཙམ་པོ་བ་ལ། ཉིན་དང་མཚན་སྦྲེལ་ཏེ་བསགས་ཟིན་གསོག་བཞིན་ཡོད་ལ། དེ་དག་ལས་བརྩམས་པའི་གཏམ་དང་ཡི་གེ་རྣམས་ཀྱང་ཆེན་པོར་བརླམས་ཏེ། ཚོགས་ཀྱི་དབུས་སུ“སྤོ་ལ་དར་འཕྱར”བྱེད་བཞིན་ཡོད་ན། ཇི་སྐད་ཡན་ལག་བརྒྱད་ལྡན་གྱི་ཆུ་འགྲམ་ན་བ་ཚྭའི་ཁྲོན་པ་འབྲུ་བའི་དཔེ་ལྟར། བྱིས་པ་ཤེས་རབ་འཆལ་བའི་རྣམ་ཐར་འདི་ཀོ་ཅི་འདྲའི་ཤ་ཚ་ཞིང་ཁ་སྐྱེངས་དགོས་པའི་གནས་ཤིག་རེད་ཨང་།
        གཞི་ལ་བསམས་ན། དེང་གི་དཔྱོད་འཇུག་པ་དང་། སློབ་དཔོན་ཆེན་མོ་དང་། འབུམ་རམས་པར་གྲགས་པའི་སྐྱེ་བོ་ལ་ལ་ཞིག“གུ་དོག་པའི་ནད”ཀྱིས་རབ་ཏུ་མནར་ཏེ། “ལོག་འཚོ”ཡི་བགྱི་བ་ཁུར་དུ་ཐོགས་ཡོད་ལ། ཐ་མ་རྣམས་ཚེ་ཡི་དུས་བྱས་པའི་ཚུལ་མུ་འབྱམས་ཏེ་འབྱུང་བཞིན་པ་འདི་ཡང་། བློ་སྦྱོང་ལ་ཉེ་བར་མཁོ་བའི“གཙོ་བོ”དང་རྒྱབ་ཀྱིས་ཕྱོགས་ཤིང་། མཐའ་གཉིས་ལ་ཞེན་པའི་ཆོས་ཀྱི“རྣམ་གྲངས”གསག་རྒྱུ་མང་སོང་བས་ལན་ནམ་སྙམ་ལ། སྐབས་དང་སྐབས་སུ་རང་ཉིད་ཀྱང་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་ཚུལ་གྱིས་དེ་དག་གི་རྗེས་སུ་ཞུགས་ཟིན་འཇུག་བཞིན་པའི་ངང་ཚུལ་ལ་བསམས་ཚེ། འགྱོད་གདུང་གི་མྱ་ངན་ཤིན་ཏུ་ལྕིའོ། །འཇིག་རྟེན་ཕལ་པ་རྣམས་ཀྱི་གཏམ་དུའང་། ཤེས་ཡོན་ཅན་དང་། མཁས་པ་དང་། མཁན་པོ་དང་། དགེ་རྒན་ཆེན་མོར་བསྙད་པ་མང་པོ་ཞིག་ཀོ་ལོང་རུ་ང་ཕྲག་དོག་གིས་ཀུན་ནས་མྱོས་ཡོད་ཅེས་སྨྲ་བ་ལ་བསམས་ན། བསླབ་བྱའི་ཤེས་བྱ་ལ་དོ་མ་བསྙམས་པའམ། ཤེས་བྱའི་སྒྲིག་གཞི(知识结构)ཆ་མ་ཚང་བས་ཡིན་ཏེ། དེ་ཡང་རང་གི་མྱོང་བ་དངོས་ལ་གཞིགས་ན། བདག་གིས་འབུམ་རམས་ཞིབ་འཇུག་སློབ་མའི་དཔྱད་རྩོམ་ལ་གཟས་ཏེ། སློབ་ལོ་གཅིག་ཙམ་གྱི་རིང་ལ། ཕྱི་ནང་གི་དཔེ་ཆ་རྣམས་ལས། ཡིག་ཚང་རིག་པ་དང་། དཀར་ཆག་རིག་པ་དང་། པར་གཞི་རིག་པ་དང་། ཞུ་དག་རིག་པ་སོགས་ཀྱི་སྐོར་ལ་བརྩོན་འགྲུས་ལེགས་པར་བརྩམས་བརྩམས་པའི་མཐར། དེ་འབྲེལ་གྱི་ཤེས་བྱའི་རྣམ་གྲངས་ལ་བག་ཆགས་སད་སུད་ཅིག་བཞག་ཐུབ་གདའ་ནའང་། ལུས་སེམས་གཉིས་ཀ་ངལ་བའི་ཁུར་གྱིས་དུབ་པར་གྱུར་ལ། རང་གི་མི་གཤིས་ཀུན་སྤྱོད་ལ་ལེགས་བཅོས་མ་བྱུང་ཇེ་ལད་དུ་སོང་བ་ལྟར། གཞན་གྱི་སྐྱོན་མཚང་སྨྲ་བར་ཆགས། རང་སྐྱོན་གླེང་ན་སྡང་པར་འགྱུར། བློ་ཁ་སྔར་བས་དོག་པར་གྱུར་ཏེ། མི་དགའ་མི་མོས་པའི་བགྱི་བ་ཕྲན་ཚེགས་ཙམ་ལའང་སྙིང་གིས་མི་བཟོད་ངག་ཀྱལ་དང་ཚིག་རྩུབ་ཀྱིས་སྤྱོ་དགོས་པའི་ལོག་སྤྱོད་དེ་འདྲ་བྱུང་དང་འབྱུང་བཞིན་པ་འདི་ག་ཙམ་མོ། །
        དོན་དུ། དེང་གི་ཆར་དེ་ལྟ་བུའི་ཤེས་བྱའི་རྣམ་གྲངས་བསླབ་རྒྱུར་ཚེགས་མེད་དེ། དྲ་ཐོག་འཚོལ་བཤེར་དང་ཁ་པར་སྨྱན་ཆས་ཙམ་ལ་བརྟེན་ནས་ཉིན་གཅིག་གི་དུས་ཡུན་ལ་འཛམ་གླིང་ཤར་ནུབ་ཀྱི་ས་བབ་གནས་སྟངས་དང་། སྐད་དང་ཡི་གེའི་ཁྱད་པར། རིགས་རུས་ཆོ་འབྲང་གི་རྣམ་དབྱེ། ཡུལ་གོམས་གཤིས་ལུགས། རྒྱལ་རབས་ལོ་རྒྱུས། མངའ་ཐང་འཕེལ་འགྲིབ་སོགས་ཤེས་བྱ་རགས་པ་པོ་ཏི་མང་པོའི་གྲངས་ལ་བསླབ་རུང་བ་ཡིན་ལ། ལྷག་པར་དུ། མཁས་པ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་རི་རབ་ལྟ་བུ་གཏོས་ཆེ་བ་དང་། རྒྱ་མཚོ་ལྟ་བུ་ཟབ་ཅིང་བརླིང་པ་རྣམས་ལ། རང་གིས་ཐོས་པ་དོན་གཉེར་མ་བགྱིས་པར། གཞན་གྱི་བཀླགས་བྱང་དང་། དཔྱད་བརྗོད། སྡོམ་ཚིག་སོགས་བཀོད་པའི་གཏམ་སྣ་ཚོགས་ལ་བཏུས་ལུང་བཏུས་ཀྱིས་གུང་བསྒྲིགས་ཏེ། རང་གིས་ཡོངས་སུ་བསླབས་པར་བརྫུས་ཤིང་ཁ་ཕོ་སྒྲོག་མཁན་ནི་ཤེས་ཡོན་ཅན་དང་། མཁས་པ་དང་། དགེ་རྒན་ཆེན་མོ་བ་དང་། མཁན་པོ་དང་། བདག་ལྟ་བུའི་འབུམ་རམས་པ་སོགས་བདག་སྒྲའི་ཆོ་ལོ་ཡོད་པ་དུ་མའི་ཁྲོད་དུ་མཐོང་རྒྱུ་ཡོད་དོ་ལོ།
        བརྟགས་ཤིང་དཔྱད་ན། དེ་ལྟ་བུའི་ཤེས་བྱའི་རྣམ་གྲངས་ནི། རང་གི་ཚུལ་འཆོས་ཀྱི་ཆེ་བ་གཞན་ལ་སྒྲོག་བྱེད་ཙམ་ལས། རང་རྒྱུད་འདུལ་བྱེད་ཀྱི་གཉེན་པོ་རྣལ་མར་གྱུར་མེད་ལ། ཆོས་གང་གི་སྤྱིར་བཏང་གནས་ལུགས་ཙམ་ལ་འགྲེལ་བརྗོད་ནུས་ཀྱང་། ཅིའི་ཕྱིར་ཡིན་པའི་གཏན་ཚིགས་དགོད་ལ་རྣམ་དཔྱོད་ཀྱི་བློ་མིག་ལྡོངས་ཡོད་གཤིས། ཇི་ལྟར་བསླབས་ཀྱང་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྨིན་རྒྱུ་ལྟ་ཅི། ལྡོག་སྟེ། སྒོ་གསུམ་གྱི་སྤྱོད་པ་སྔར་བས་ཇེ་རྩུབ་དང་། ཇེ་དྲག ཇེ་རྩིང་དུ་ཕྱིན་ཏེ། རང་ལས་ལོགས་སུ་གྱུར་པའི་སྐྱེ་འགྲོ་མང་པོར་འཚེ་བ་རྩོམ་དགོས་པར་འགྱུར། དེ་ལྟ་བུ་ལ་དགེ་བཤེས་པོ་ཏོ་བས་ཐོས་པ་དྲི་མ་ཅན་ཞེས་གསུངས་ཏེ། “འོ་སྐོལ་དང་པོ་ཆོས་ལ་ཐོས་བསམ་བྱེད་ཙམ་ན་ཤེས་ལོའི་གྲགས་པ་འདོད་ནས། ཐོས་བསམ་བྱེད་པ་དང་། མི་མང་པོ་ཚོགས་པའི་སར། གཞན་གྱི་ཁ་རྒོད་གཅོག་པར་འདོད་ནས་ཐོས་བསམ་བྱེད་པ་དང་། ཆོས་འདི་བསླབས་ལ། རྒྱལ་ཁམས་སུ་རྙེད་བཀུར་བཙལ་སྙམ་ནས། ཐོས་བསམ་བྱེད་པ་དང་། གཞན་ཡང་འགྲན་སེམས་དང་། ཕྲག་དོག་དང་། ཆེས་ཆུང་མ་བཟོད་ནས། ཐོས་བསམ་བྱེད་པ”ཡིན་འདུག་པས་སོ། །
        དེ་ལྟར་སྒྲིག་གཞི་ཆ་ཚང་མིན་དང་དོ་སྙོམ་མིན་གྱི་ཤེས་བྱ་ལ། ཤིང་ཏོག་ཨ་མྲ་བཞིན་ཕྱི་ནང་གཉིས་སུ་ཕྱེ་སྟེ་མུ་བཞི་བཞག་ན་འོས་མོད། འདིར་རེ་རེ་བཞིན་གྲངས་འདྲེན་པ་རྩོད་པའི་གཞི་རུ་འགྱུར་ངེས་ན། བཏང་སྙོམས་སུ་གཞག་དགོས་ཀྱང་། ཅུང་ཟད་དམིགས་སུ་བཀར་ཏེ་བཤད་དགོས་པ་ཞིག་ལ། གོང་དུ་བརྗོད་པའི་ཤེས་ལོའི་གྲགས་འདོད་དང་། གཞན་གྱི་ཁ་རྒོད་གཅོག་འདོད། རྙེད་བཀུར་བཙལ་འདོད། འགྲན་སེམས་དང་། ཕྲག་དོག་དང་། ཆེས་ཆུང་མ་བཟོད་པར་ང་རྒྱལ་དང་ཞེ་སྡང་གིས་ཀུན་ནས་ཚོས་ཤིང་། རིས་ཆད་ཀླ་ཀློའི་ལྟ་འོབས་སུ་ལྷུང་བའི་ཤེས་ཡོན་ཅན་དང་། མཁས་པ་དང་། དགེ་རྒན་ཆེན་མོ་བ་དང་། མཁན་པོ་དང་། འབུམ་རམས་པ་བདག་ལྟ་བུ་ནི། ཕྱི་སྨིན་ལ་ནང་མ་སྨིན་པའི“རྣམ་གྲངས་མཁན་པོ”ཙམ་ལས། མིང་དོན་མཚུངས་པའི་བདག་སྒྲའི་གདགས་གཞི་དེ་གཞར་ཡང་མ་ཡིན་ནོ། །
        གནད་དེ་དག་ལ་བསམས་ན། ང་ཚོ་དངོས་གནས་མི་མེད་གླིང་དུ“བདག་ཉིད་བདག་གི་མགོན”བྱས་ཏེ། བསླབ་པ་སློབ་གཉེར་གྱི་གནས་ལ་གཞོལ་དགོས་པ་འདྲ། འོ་ན། མི་མེད་ཀྱི་གླིང་དུ་བསྐྱོད་པར་དཔེ་ཆ་ཡིས་ཅི་ཞིག་བྱའམ། དེ་ལ་བདག་གི་བསམ་ཚོད་ལྟར་ན། ཚད་ལྡན་གྱི་དཔེ་ཆ་སྟེ། གོང་དུ་བརྗོད་པའི་ཤེས་བྱ“གཙོ་བོ”ནི། “སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་མི་བརྫུན་པའི་བདེན་པ”མཐར་ཐུག་པའི་བསྟན་བཅོས་ལགས་ན། དེ་དག་ནི་མི་མེད་གླིང་དུ་བགྲོད་པར། སྨག་རུམ་སེལ་བྱེད་ཀྱི་སྣང་བ་དང་། རྒྱ་མཚོ་སྒྲོལ་བྱེད་ཀྱི་གྲུ་གཟིངས། ཐང་དཀྱིལ་དམུས་ལོང་གི་དམིགས་བུ། ཟས་གོས་ལོངས་སྤྱོད་ཀྱི་ནོར་བུ་ཡིན་པས། རྟག་ཏུ་བསྟེན་དགོས་སྙམ། དེ་འདྲའི་བསྟན་བཅོས་གསུམ་པོ་ནི། གླིང་དེའི་ཕ་དང་མ། དགེ་བའི་བཤེས་གཉེན་ཡང་ཡིན་གཤིས། ཕ་མ་མེད་ན་ལུས་རྟེན་འཚོ་བའི་སྐབས་མེད་ལ།
        འཇིག་རྟེན་གྱི་ཆོས་ལ་རྨོངས་པར་འགྱུར། དགེ་བའི་བཤེས་གཉེན་དང་བྲལ་ན་གནས་ལུགས་རྟོགས་པའི་ཐབས་མེད་ལ། འཇིག་རྟེན་ལས་འདས་པའི་ཆོས་ཉིད་དང་རིང་དུ་འཕྱན་ནོ་ལོ། དེའི་ཕྱིར་ན། བསྟན་བཅོས་དེ་གསུམ་ལ་རྩེ་གཅིག་གུས་གཅིག་གིས་བསྟེན་པར་གྱུར་ན། ད་གཟོད་སྨག་གི་སྒྲོན་མེ་རང་འབར། མཚོ་ཡི་གྲུ་གཟིངས་རང་བྱོན། ལོང་བའི་དམིགས་བུ་རང་གྲུབ། ཟས་གོས་ལོངས་སྤྱོད་རང་འཛོམས། གནས་ལུགས་བདེན་པ་རང་ཤར་གྱིས་གླིང་གཞི་གླིང་ཕྲན་གང་ལའང་ཚེགས་མེད་ཅི་བདེར་འཇུག་ནུས་སྙམ།
        དེ་བཞིན་དུ། ཅིའི་ཕྱིར་དཔེ་ཆ་གསུམ་ལས་འཁུར་དུ་མེད་དམ་ཞེ་ན། དེ་ལྟ་བུའི་བསྟན་བཅོས་སུ་བགྲང་འོས་པའི་རིན་པོ་ཆེ་རྣམ་གསུམ་ནི། འཇིག་རྟེན་འདིར་བླ་ན་མེད་པ་དང་། གོང་ན་མེད་པ་དང་། མཉམ་པ་མེད་པའི་གནས་ལུགས་བདེན་པ་གཅིག་པུ་དེ་ལགས་ན། ཇི་སྐད་དམ་པ་རྣམས་ཀྱིས། “རིན་པོ་ཆེ་ཆེན་པོ་གང་ཡིན་པ་དེ་ལ་ནི་བར་ཆད་བྱེད་པ་མང་དུ་འབྱུང་ངོ་། །རིན་པོ་ཆེ་ཆེན་པོ་གང་ལགས་པ་དེ་དག་ལ་དགྲ་མང་ངོ་། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། རྙེད་པར་དཀའ་ཞིང་རིན་ཆེ་བའི་སླད་དུ་སྟེ། དེ་དག་དབྱིག་ལགས་པས་ན་དེའི་སླད་དུ་དེ་དག་ལ་དགྲ་མང་བར་འགྱུར་རོ། །”ཞེས་གསུངས་པ་ལྟར། གསུམ་པོ་དེ་དག་ལས་ལོགས་སུ་གྱུར་པའི་རྣམ་གྲངས་གཞན་ནི། རྙེད་པར་དཀའ་ཞིང་རྙེད་ན་རིན་ཆེ་བའི་བསྟན་བཅོས་རྣམས་ལ་འཇུག་པར་བར་ཆད་བྱེད་པའི་ཆོས་དང་ལོགས་སུ་འཚེ་བའི་དགྲ་ཡིན་ཏེ། གཙོ་ཕལ་གྱི་འཁྲུན་མ་ཆོད་པར་དཔེ་ཆ་ཐམས་ཅད་བཀླག་དགོས་ཚེ། ཉིན་གཅིག་ལ་གསར་དུ་བྲིས་པའི་ཡི་གེ་ཁོ་ན་མི་ཞིག་གིས་ཚེ་གང་པོ་སྤྱད་དེ་བསླབས་ཀྱང་མཐར་མི་ཕྱིན་པས་སོ། །དེའི་ཕྱིར་ང་ཚོས་རིན་པོ་ཆེ་རྣམ་གསུམ་ཁོ་ན་ཁུར་ནས་དགྲ་མེད་པ་དང་། བར་ཆད་མེད་པའི་གླིང་དེར་རང་ཉིད་གཅིག་པུས་རྟག་འགྲུས་བགྱི་དགོས་པ་ཡིན་སྙམ།
        ད་ནི་བདག་གིས་གནད་ཀྱི་དམ་པ་རྣམས་ཧྲིལ་གྱིས་དྲིལ་བ། ཉམས་སུ་བླངས་ན་བདེ་བ། ལུང་དང་རིགས་པས་འཐད་པ། ཡུན་དུ་འཕྲོད་ངེས་པའི་རིན་པོ་ཆེ་རྣམ་གསུམ་བདམས་ཏེ། གླིང་དེར་བགྲོད་རྒྱུའི་སྟ་གོན་བརྩམ་པར་བྱ། ཐོག་མར་བདག་ལ་མཁོ་བ་ནི། ཕྱི་སྨིན་བྱེད་ཀྱི་དཔེ་ཆ་སྟེ། སྣོད་བཅུད་ཀྱི་གྲོལ་རབས་དང་འཕེལ་འགྲིབ་གསལ་བའི་དཔེ་ཆ“ཕ”ལྟ་བུ་དེ་དགོས་སྙམ། ང་རང་གཅིག་པུ་མི་མེད་གླིང་དུ་བགྲོད་པ་ལ། གླིང་དེའི་སྣོད་བཅུད་ཀྱི་ཆོས་ཉིད་ཚུལ་བཞིན་མ་རྟོགས་ཚེ། ང་རང་ཡང་གནས་དེར་གཞིས་ཆགས་པར་དཀའ་བས་སོ། །དེ་ལྟ་བུའི་དཔེ་ཆ་ནི།«ལོ་རྒྱུས་ཆེན་མོ»སྟེ། དབྱིན་ཇིའི་སྐད་དུ། “Big history”ཞེས་བྱ་བ་དེ་ཡིན་པར་སྙམ། གཞུང་དེར་ད་སྔར་མིའི་རིགས་ཀྱིས་གསར་དུ་བཏོད་པའི་གཙུག་ལག་རྣམ་གཞག་ཁྱབ་ཆེ་ཁྱད་གཟུགས་ཅན་རྣམས་ཏེ།  དཔེར་བརྗོད་ན། སྐྱེ་དངོས་རིག་པ་དང་། དངོས་ཁམས་རིག་པ་དང་། རྫས་འགྱུར་རིག་པ་དང་། སྐར་རྩིས་རིག་པ་དང་། ལོ་རྒྱུས་རིག་པ་དང་། གནའ་དཔྱོད་རིག་པ་སོགས་ཀྱི་ཐབས་དང་ཐབས་བྱུང་ཉེ་བར་སྤྱད་ནས། དངོས་པོའི་བྱུང་བ་དང་། ཚེ་སྲོག་གི་བྱུང་བ་དང་། དུས་ཀྱི་བྱུང་བ་སོགས་ཡི་གེ་དང་རི་མོ་ཟུང་སྦྲེལ་གྱིས་གསལ་བར་བསྟན་ཡོད་པས་སོ། །
        ང་རང་མི་མེད་ཀྱི་གླིང་དེར་བདེ་བར་གནས་རྗེས། ཕྱི་ནང་གཉིས་ཀྱི་ཟམ་པར་གྱུར་པའི་དཔེ་ཆ“སྐྱེ་རྒུའི་བདག་མོ”ལྟ་བུ་སྟེ། རིགས་རུས་ཐ་དད་དུ་གྱུར་པའི་འགྲོ་མི་དཀར་ནག་སེར་གསུམ་གྱི་དམ་པ་དང་མགོན་པོ་དང་། སྐྱབས་གནས་རྣམས་ཀྱི་རྣམ་པར་ཐར་པའོ།  །གླིང་དེར་རང་ཉིད་གཅིག་པུ་འཛམ་གླིང་གཙུག་རྒྱན་རྣམས་ཀྱི“ཉེ་སྲས”ཡིན་པས། ཕྱོགས་ཞེན་དང་རིས་ཆད་མེད་པར་ཤིན་ཏུ་གཅེས་ཏེ། གདམས་ངག་མ་ལུས་བུམ་པ་གང་བྱོའི་ཚུལ་དུ་གནང་ངེས་པས་སོ། །དེ་ལྟ་བུའི་དཔེ་ཆ་ནི། གནས་སྐབས་སུ«རླབས་ཆེན་གྱི་ཐོད་བརྒལ»ཞེས་པ་སྟེ། དབྱིན་སྐད་དུ། “The Great Transformation: The Wolrd in the Time of Buddha, Socrates, Confucius and Jeremiah”ཞེས་པ་དང་། རྒྱ་སྐད་དུ། “轴心时代”ཞེས་པ་དེ་ལས་གཞག་ཏུ་མེད་ཀྱང་། དེ་ནི་ཆ་ཚང་ཞིང་ཀུན་འདོམ་པའི་གཞུང་ཞིག་མིན་ངེས་ན། སླད་ནས། མིའི་རིགས་ཀྱི་རླབས་ཆེན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་གཙང་མ་དཀྱུས་སུ་བསྡེབས་པའི་གླེགས་བམ་ཁ་ཚང་ཞིག་ཡོད་པར་གྱུར་ན་ཅི་འདྲའི་དགའ་བ་ལ་ཨང་།
        གོང་གི་དཔེ་ཆ་གཉིས་པོ་ནི། བདག་གི་ཕ་མ་ལྟ་བུའི་བསྟན་བཅོས་ལགས་ན། ཤིན་ཏུ་གཅེས་པར་རིགས་ཀྱང་། མཐར་ཐུག་པ་ནི་མ་ཡིན་ནོ། །དེ་ནི་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་ཕྱེ་ན། ཐ་མ་དང་འབྲིང་པོ་རྣམས་ཀྱི་བཀླག་བྱའམ། ཐེག་པ་ལ་གསར་དུ་ཞུགས་པའི་གང་ཟག་རྣམས་ཀྱི་བཀླག་བྱ་ལྟ་བུར་གྱུར་ཡོད། རང་རྒྱུད་སྨིན་པར་བྱེད་པའི་དཔེ་ཆ“དགེ་བའི་བཤེས་གཉེན”ལྟ་བུ་ནི། ཐེག་པ་ཆེན་པོའི་གང་ཟག་རྣམས་ཀྱི་བསླབ་བྱ་སྟེ། མཚན་ནས་སྨོས་ན། «འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ»ཞེས་བྱ་བའི་བསྟན་བཅོས་དྲི་མ་དང་བྲལ་བ་དེའོ། །གཞུང་དེ་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་ལས། བསྡུས་པ་ལགས་ན། ཇི་སྐད་རྒྱལ་བ་བཀའ་གདམས་པའི་དགེ་བཤེས་རྣམས་ཀྱིས་གསུངས་པ་ལྟར། “བཀའ་སྡེ་སྣོད་ཐམས་ཅད་མན་ངག་ཏུ་ཧྲིལ་ཏེ་བསྡུས་པ། བསྟན་ན་སུས་ཀྱང་མི་གོ་བ་མེད་པ། ཉམས་སུ་བླངས་ན་སུའང་འཚང་མི་རྒྱ་བ་མེད་པའི”བསྟན་བཅོས་གཞན་དྲིང་མི་འཇོག་པ་ཞིག་གོ། །ཡོངས་ལ་ཕྲན་ལྟ་བུ་ནི། སྙིང་ཁམས་ཆུང་ཞིང་བརྩོན་འགྲུས་དམན་པ། རྒྱུད་དུག་ཅན་དུ་གྱུར་པས། དེ་ལ་འཇུག་པའི་འོས་མེད་ཀྱང་། གོང་དུ་སྤྲོས་པ་ལྟར། རང་ཉིད་མི་མེད་གླིང་དུ་དཔེ་ཆ་ཁུར་ནས་འགྲོ་རྒྱུར་བརྟག་པ་མཐའ་བཟུང་བགྱིས་ན། དཔེ་ཆ་གསུམ་གྱི་གྲངས་ཀྱང་མང་བར་དོགས་ལ། གལ་ཏེ་དཔེ་ཆ་གཅིག་མ་གཏོགས་འཁུར་དུ་མ་སྟེར་ཚེ། ཕྲན་གྱིས་ཡིད་གཉིས་ཐེ་ཚོམ་མེད་པར་གཞུང་དེ་ཁོ་ན་གདམ་ངེས། གཞུང་དེ་ནི་བོད་ཀྱི་གསུང་རབ་སྡེ་སྣོད་རྣམས་ཀྱི་སྤྱན་ལྟོས་བཟང་པོར་གྱུར་ཡོད་དེ། ཡབ་མེས་བཀའ་དྲིན་ཅན་ཚོས་སྔ་ཕྱི་མཐར་ཆགས་སུ་འགྱུར་བཅོས་དང་ཞུས་དག །གཏན་འབེབ་ཡང་ནས་བསྐྱར་དུ་གནང་སྟེ་ཤིན་ཏུ་དག་པར་བཅོས་ཡོད་པས། བསྟན་བཅོས་གཅིག་ལ་ལོ་ཙཱའི་རིམ་པ་འདི་ཙམ་ཞིག་བརྒྱུད་པའི་དཔེ་ཆ་གླིང་གཞན་གང་ལའང་མེད་སྙམ། དེས་ན། འདིར་ཡིད་རྟོན་ཕེར་བའི་ཕྱིར་རམ། བསྟན་བཅོས་ཚད་ལྡན་གྱི་མཚན་གཞི་ལ་ངེས་ཤེས་འདྲོང་ཕྱིར། གཞུང་དེའི་འགྱུར་བྱང་འདིར་དྲངས་ཏེ་མཇུག་བསྡུ་བར་བྱའོ། །
        དེ་ལས། རྒྱ་གར་གྱི་མཁན་པོ་ཤཱཀྱ་སེ་ན་དང་ཛྙཱ་ན་སིདྡྷི་དང་ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དྷརྨ་ཏཱ་ཤཱི་ལ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱི་དབང་ཕྱུག་དམ་པའི་མངའ་བདག་བོད་ཀྱི་དཔལ་ལྷ་བཙན་པོ་བཀྲ་ཤིས་ལྷ་ལྡེ་བཙན་གྱི་བཀས། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་འགྲེལ་པ་དང་མཐུན་པར་བསྒྱུར། སླད་ཀྱི་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་འགྲེལ་པ་ལ་གཏུགས་ནས་བཅོས་ཤིང་ཞུས་ཏེ་གཏན་ལ་ཕབ། ཡང་སླད་ཀྱི་སྐྱིད་སྨད་མཉེ་ཐང་ན་མོ་ཆེར། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་འབྲོམ་རྒྱལ་བའི་འབྱུང་གནས་གཉིས་ཀྱིས་བརྒྱད་སྟོད་པ་བཤད་པའི་དུས་སུ་ཆེ་ལོང་ཞིག་གཏན་ལ་ཕབ། ཕྱིས་རྭ་སྒྲེང་གི་གཙུག་ལག་ཁང་དུ་ལོ་ཙཱ་བ་འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་རྒྱ་གར་གྱི་མདོ་གསུམ་ལ་གཏུགས་ནས་ལན་གཉིས་གཏན་ལ་ཕབ། སླད་ཀྱི་ཡང་ལོ་ཙཱ་བ་དེ་ཉིད་ཀྱིས་བཤད་པ་མཛད་ཅིང་ཕྲན་ཚེགས་ཀྱང་གཏན་ལ་ཕབ། དུས་ཕྱིས་ལོ་ཙཱ་བ་ཆེན་པོ་ཤཱཀྱ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་དཔེ་དང་ཡུལ་དབུས་ཀྱི་དཔེ་དུ་མ་བསགས་ནས་གཏན་ལ་ཕབ། སླར་ཡང་ཞྭ་ལུ་ལོ་ཙཱ་བ་དཔལ་རིན་ཆེན་ཆོས་སྐྱོང་བཟང་པོས་རྒྱ་བོད་ཀྱི་དཔེ་དུ་མ་དང་བསྟུན་ནས་དག་པར་མཛད་པའི་མ་ཕྱི་དང་རྒྱ་དཔེ་གཉིས་དང་བོད་དཔེ་པར་མ་རྣམས་ལ་གཏུགས་ཏེ། ཤཱཀྱའི་དགེ་སློང་མངའ་རིས་རབ་འབྱམས་པ་དཔལ་འབྱོར་རྒྱལ་མཚན་དང་། སྐད་གཉིས་སྨྲ་བ་ཀུན་དགའ་ཆོས་བཟང་གཉིས་ཀྱིས་ཞུས་དག་མཛད་དེ་ཡར་སྟོད་ཤམྦུར་པར་དུ་བསྒྲུབས། དེ་ལ་མ་ཕྱི་མཛད་ནས་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོས་པར་དུ་བརྐོ་བར་མཛད། དེ་ལ་མ་ཕྱི་བྱས་ཤིང་། ཡར་ཤམ་གྱི་པར་ལ་ཡིག་ནོར་བྱུང་བ་དཔེ་ཕྱི་མ་རྣམས་སུ་བྲིས་ནོར་རྒྱུན་འབྱམས་སུ་སོང་བ་འགའ་ཡང་སྣང་བས། བརྒྱད་སྟོང་པའི་དཔེ་རྙིང་མང་པོ་དང་བསྟུན་ཞིང་། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་བརྒྱད་སྟོང་འགྲེལ་ཆེན་ལ་གཏུགས་ནས་ཞུས་དག་ལེགས་པར་བྱས། ཡི་གེའི་སྡེབ་སྦྱོར་རྣམས་ཀྱང་སུམ་རྟགས་དང་བསྟུན་ནས་ཤཱཀྱའི་དགེ་སློང་ཡེ་ཤེས་རྒྱལ་མཚན་གྱིས་བཀྲ་ཤིས་བསམ་གཏན་གླིང་དུ་དག་པར་བྱས་པའོ། །ཞེས་སོ། །
       མཇུག་ཏུ། ཐོས་པ་དོན་དུ་གཉེར་བཞིན་པའི་སྐྱེ་འགྲོ་ཐམས་ཅད་མཐའ་གཉིས་སུ་མ་ལྷུང་བར། དབུས་ཀྱི་མདུན་ས་གཡུང་དྲུང་བཞིན་དུ་ཟིན་པའི་སྨོན་ལམ་ཡང་ཡང་འདེབས་སོ། ། 
འབྲེལ་ཡོད་འོས་སྦྱོར།