སྙན་ངག་པ་གྲགས་ཅན་འཆི་མེད་ལགས་ཀྱི་སྙན་ངག
རྩོམ་པ་པོ།:འཆི་མེད།
ཡོང་ཁུངས།:༢༠༢༡ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དེབ་ལྔ་པ།
དུས་ཚོད།:2021-12-17
ཀློག་གྲངས།:
ཏུན་ཧོང་དུ་བསྐྱོད་པ།(ཚན་པ་གསུམ།)
འཆི་མེད། རེབ་གོང་།
ཏུན་ཧོང་།
གཟུག་སྒྲར་བསྡོངས་པའི་འབོད་པ་དེས།
རི་ཆུ་སྟོང་ཕྲག་ངལ་དུབ་ལ་བརྒྱུས།
དོ་ནུབ། ང་རང་གཞི་ནས་ཁྱེད་ཀྱི་གམ་དུ་འབྱོར།
ཚ་གདུག་དང་འཛེར་སྐད་ཀྱིས་ཉོབ་པར་བྱེད་ནའང་།
གོམ་པ་ལྗིད་ཏིག་ཏིག་གིས་ཁྱེད་ཀྱི་ཕྱོགས་སུ་སྤོས།
ས་སྲོད་ཀྱི་མཚམས་སྤྲིན་འོག་ན།
བྱེ་ཐང་དམར་ལམ་ལམ།
མུན་པའི་གཏིང་རུམ་ན།
ལྐོག་གཡོ་དང་ངན་ཇུས་ཁྱེར་བའི།
འདོད་སྲེད་དང་ཞེ་སྡང་བསྣམས་པའི།
དམག་མི། ཕོ་ཉ། ཆོས་སྤེལ་པ། ཡུལ་
གྱར་བ། སྒྱུ་རྩལ་པ། ་་་
བྲེལ་བྲེལ་གྱིས། རང་རྟོན་ཆེན་པོས།
ངའི་མིག་ཟུང་བརྒྱུད་དེ་སེམས་ལ་གཟས་འོང་།
སྟོང་ལྷང་ལྷང་གི་ངས། སྟོང་ལྷང་ལྷང་གི་རྒྱབ་ཁུག་ཁུར་ཏེ།
མི་ཚོགས་ཀྱི་འཇིངས་སུ་ཞུགས།
དུས་རབས་དུ་མའི་ཕ་མཐའ་ནས་ཡོང་བའི་མགྲོན་པོ་རེ་རེར་ཕྲད་ནའང་།
ངས་བཙལ་དགོས་པའི་ཁྱེད་རང་ཁོ་ན་མཐོང་མ་བྱུང་།
མིང་ཡིག་ཙམ་ཡང་རྙེད་མ་བྱུང་།
ཁྱེད་རང་ཅིས་ཀྱང་རྙེད་དགོས་པའི་སེམས་བྱུང་གིས།
མུན་པའི་ནང་ལ་ལག་སྙོབ་བྱེད་དུས།
མི་ལོ་ཉིས་སྟོང་སྔོན་ལ་ཡོང་བ་ཡིན་ཟེར་བའི་སྐུ་མགྲོན་དེས།
ངའི་ལག་ལ་བྱེ་མ་སྤར་མོ་གང་བླུགས།
སྙིང་ཟུག་གིས་ངའི་བྲང་རུས་བརླན་ནའང་།
ངའི་ལག་གི་བྱེ་མ་བརླན་ཐབས་བྲལ།
རྒྱང་རིང་གི་བཀའ་ལ་སྒུག་པའི་རྒྱང་རིང་གི་འགྱུར་རྡོ་རེ་རེ།
མཐའ་མེད་པའི་མྱ་ངམ་ཐང་ན་ལོ་ཟླས་གཏགས་ནའང་།
ངས་ཁྱེད་ལ་རྡེའུ་ཞིག་གི་འདུག་གྲོགས་ཀྱང་བསྐྱུར་མ་ཐུབ།
གནམ་མཐའ་ན་མཆེད་ཀྱིན་པའི་ཀི་སྒྲ་དང་རྨིག་སྒྲ་ལས།
ངའི་ཇོ་ཇོས་ནམ་མཁའ་མཐོངས་ལ་བཏེགས་ཚུལ་དང་།
ས་གཞི་རྐང་འོག་ལ་བརྡབས་ཚུལ་མཐོང་ཞིང་།
ངའི་ཉི་ཟླ་སྐར་གསུམ་ཡང་།
མགོ་ཐོག་ན་སྔར་བཞིན་འོད་དུ་འཚེར།
་་་ ་་་
ཟླ་གམ་མཚེའུ།
ནམ་མཁའི་མེ་ལོང་ཡིན་པའི།
བྱེ་ཐང་གི་མིག་ཡིན་པའི།
ཡང་ཡང་དྲན་ཞིང་འཁྲེང་བའི།
ཟླ་གམ་མཚེའུ།
བྱེ་ཐང་གི་མིག་ཡིན་པའི།
ཡང་ཡང་དྲན་ཞིང་འཁྲེང་བའི།
ཟླ་གམ་མཚེའུ།
______གཞས་ཚིག
ངག་རྒྱུན་ཁྲོད་ཀྱི་ཟླ་གམ་མཚེའུ།
ངག་རྒྱུན་མ་ཡིན་པར་སྔོ་ལྟེམས་ལྟེམས།
སྡུག་བསྔལ་དབོག་ས་ཨེ་ཉན་ཟླ་གམ་མཚེའུ།
སེམས་པར་བྱིལ་བྱིལ་ཨེ་གནང་ཟླ་གམ་མཚེའུ།
བྲོས་བྲོས་ཀྱང་ཐར་ཐབས་མེད་པ་ནང་སེམས་ཨེ་རེད་ཟླ་གམ་མཚེའུ།
ཇི་ལྟར་བཀྱེད་ན་དེ་ལྟར་ཉེ་བ་དྲན་པ་ཨེ་ལགས་ཟླ་གམ་མཚེའུ།
རྒྱང་ནས་རྒྱང་དུ་འཁྱམ་ཡང་།།
གཏན་དུ་བརྗེད་ཐབས་མེད་པ།།
ང་ཡི་དྲན་པ་རེད་ཨང་།།
ང་ཡང་རྐང་རྗེན་ཡིན་བཞིན།།
ལམ་ལ་ཚེར་མ་འདེབས་མཁན།།
ང་ཡི་དྲན་པ་རེད་དོ།།
སེམས་ཀྱི་གཡང་སར་ལྷུང་ཡང་།།
གཟེབ་དྲ་རིམ་པར་སྐོར་མཁན།།
ང་ཡི་དྲན་པ་ལགས་རེད།།
ད་ལྟ། བསེར་བུས་བསྣམས་པའི་མེ་ཏོག་གི་བསུང་ཞིམ་ཡང་ཐེག་པར་དཀའ་བའི་ང་རང་ལ།
ང་རང་མི་ངུ་མཚེའུ་ཁྱེད་ཀྱང་མ་ངུ་རོགས།
ཁྱེད་རང་མཆི་མའི་ཟོལ་གྱིས་བྱེ་མའི་ཐང་ལ་ལྷུང་འགྱུར་ན།
ང་ཡང་རླུང་བུའི་བཟོ་ཡིས་རྒྱང་ནས་རྒྱང་ལ་ཆས་འགྲོ་ལགས།
ཁྱེད་དང་ང་གཉིས་ལས་དབང་གཅིག་གོ་ཀྱེ་ཀྱེ་ཟླ་གམ་མཚེའུ་ཨང་།
བྱེ་མ་དུང་འབུད་རི་བོ་བརྒལ་དུས།
རྒྱང་རིང་ནས་གྲགས་ཤིང་འོང་བའི་རྔ་མོང་གི་སྐེ་དྲིལ་གྱིས།
རྒྱང་རིང་གི་དྲན་པ་བསླངས།
མཐོང་ལམ་བསྒྲིབས་པའི་བྱེ་རླུང་གིས།
ང་རང་མྱ་ངམ་ཐང་དུ་བསྒྱུར།
བྱེ་རླུང་གིས་ལོ་ཟླ་རྒས་རུང་།
ངའི་དྲན་གདུང་རྒས་མ་ཐུབ།
“ངའི་དྲན་པ་ཡོད་ཚད་བྱེ་ཟེགས་རེ་རེར་སྤྲུལ་ནས་འཐོར་བས།
ད་གཟོད་བརྒལ་མི་ཚར་བའི་བྱེ་ཐང་གྲུབ།”
ཚ་ལམ་ལམ་གྱི་བྱེ་ཁུད་ན།
གཤོག་པ་ཡ་གཅིག་སར་དྲུད་པའི་ཕྱེ་ལེབ་རྨས་མ་དེ་ང་རང་ཡིན།
ངའི་དབུགས་རྒྱུན་མ་འགག་གོང་ལ།
ང་རང་ཁྱོར་བར་ཡུད་ཙམ་ཉར་རོགས།
ངའི་གཤོག་ཟུང་གིས་ཁྱེད་ཀྱི་ལག་མཐིལ་ལ།
ཁ་དོག་རྣམ་པར་བཀྲ་བའི་རི་མོ་ཡིད་དུ་འོང་བ་ཞིག་བྲིས་ཏེ་འགྲོ་འདོད།
ནམ་ཟླ་སྟོན་ཀ་མ་བསླེབས་གོང་ལ་ང་རང་གཏང་རོགས།
སྐྱི་བསེར་རླུང་གིས་ང་རང་ངེས་མེད་འཁྱེར་ན།
ཁྱེད་ཀྱིས་ང་རང་གང་དུ་བཙལ།
དགུན་གྱི་གྲང་ངར་མ་ལྡང་གོང་ལ་ང་རང་འགྲོ་རུ་ཆུགས།
ངའི་གཤོག་ཟུང་འཁྱག་ལ་འབྱར་བར་ང་རང་ཤིན་ཏུ་སྐྲག་ཨང་ཇོ་ལགས།
བརྩེ་བའི་མངའ་ཐང་མ་ཉམས་གོང་ལ།
ང་རང་སེམས་ཀྱི་སྙི་སར་ལན་གཅིག་ཉར་རོགས།
གཤོག་པ་རྨས་མ་འདི་ཡིས་རི་མོ་མཛེས་ཤིང་སྡུག་པ་ཞིག
ལན་གཅིག་མ་གཏོགས་བྲི་ཐབས་མི་འདུག་ཇོ་ལགས།
རི་མོ་དེ་ཁྱེད་ཁོ་ནར་བྲི་ཆོག་པར་ཞུ་ཇོ་ལགས།
འབྲེལ་ཡོད་འོས་སྦྱོར།