logo

མཐོ་འབྲིང་སློབ་མ་ཀུན་མཁྱེན་གྲགས་པའི་ཉིན་ཐོ།

རྩོམ་པ་པོ།:ཀུན་མཁྱེན་གྲགས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-22 ཀློག་གྲངས།:
ལྔ་མཆོད་ཉིན་ཐོ།
Nov.29,2021. རི་བོང་འཛིན། གནམ་གཤིས་དྭངས།

        དགུན་ཟླ་ར་བའི་དམར་ཕྱོགས་རྫོགས་པ་གཉིས་པའམ་དགའ་ལྡན་ལྔ་མཆོད་ཀྱི་མཚན་གུང་ཞིག་ཏུ། ངས་རང་གི་མལ་ཤག་ཏུ་དེ་རིང་ཕྱི་དྲོར་བླུས་པའི་«རྗེ་བླ་མ་ཙོང་ཁ་པའི་རྣམ་ཐར་ཙན་དན་དཀར་པོའི་ལྗོན་བཟང་»ཞེས་པར་མཇལ་ནས་ནམ་གུང་བར་བཟུར། དེ་རིང་ནི་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་མཆོག་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས་བགྲང་བྱ་དྲུག་བརྒྱ་རྩ་གཉིས་འགོར་བའི་ཉིན་མོ་ཁྱད་པར་ཅན་ཡིན་ལ། ཞྭ་སེར་བསྟན་པའི་རྗེས་འཇུག་མཁན་ཞིག་ཡིན་ན་ལྷག་ཏུ་དོན་སྙིང་ཆེས་ཆེར་ལྡན་པའི་ཉིན་མོ་ཞིག་རེད། འོན་ཀྱང་། ང་ཡོད་སའི་སློབ་གྲྭ་འདིའི་དགེ་སློབ་ཡོངས་ལ་གྲག་འགུལ་ཅི་ཡང་མེད་པ་འདྲ། ང་ཚོས་སྐྱེས་ཆེན་ཁོང་བརྗེད་སོང་བ་ཡིན་ནམ། གང་ལྟར་བདག་ལ་ཞེད་སྣང་ལྷག་མ་ཞིག་ཡོང་གིན་གདའ།
        མདང་ནུབ་ངས་«རྟོགས་བརྗོད་འདུན་ལེགས་མ།»དང་«ཡོན་ཏན་གཞིར་གྱུར་མ»སོགས་དད་པ་རྩེ་གཅིག་གི་སྒོ་ནས་བློ་ཞིབ་མོས་བཀླགས་པ་ཡིན། ད་ནངས་ཀྱང་འཛིན་གྲྭའི་སློབ་གྲོགས་དག་ལ་བསམ་པ་ཡར་སེམས་ཀྱིས་བསྐུལ་ཏེ། ནངས་ཚོགས་ཀྱི་ཁ་བཏོན་གྱི་མགོ་མར་དམིགས་བརྩེ་མ་ཚར་གསུམ་ཙམ་གདོན་དུ་བཅུག ད་ནི་རྗེ་ཡི་རྣམ་ཐར་འདིར་མཇལ་དུས། ཁོ་བོའི་དད་པའི་སྤུ་ལོང་ལྷག་པར་གཡོས་ཤིང་། ངུ་སྙིང་བྲོ་ལ་ཞེ་སྨྲེང་བ་ཞིག་རེད། མཁས་དབང་དགེ་ཆོས་མཆོག་གིས་ཀྱང་ལྔ་མཆོད་ཀྱི་མཚན་མོའི་གླིང་མེ་མཐོང་སྟེ་མཆི་མ་དཀུ་བར་གྲགས། མཉམ་མེད་རྗེ་ཙོང་ཁ་པ་ཆེན་མོ། ཁྱེད་ནི་རྗེས་དྲན་བྱེད་རི་ཞིང་། གསོལ་འདེབས་བྱ་རིགས་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་རེད། ངེས་དོན་གྱི་དྲན་དབང་ཞིག་རེད། མི་ཡུལ་གྱི་འོད་སྣང་ཞིག་རེད། དེ་ནི་ཁྱེད་ཀྱི་ཐུན་མོང་མ་ཡིན་པའི་མི་ཚེའི་བཤུལ་ལམ་དང་གསུང་འབུམ་པོད་ཕྲག་དག་ལས་རྟོགས་ནུས་སྲིད། རིན་པོ་ཆེ་རྣམ་གསུམ་གྱི་རིན་ཐང་གི་ལྟ་བ་དང་། ལམ་སྔགས་གཉིས་ཀྱི་ཐེག་པའི་ལམ། མཛད་པ་ཆེན་མོ་བཞི་སོགས་ཁྱེད་ཀྱི་མི་ཚེའི་ཁྲོད་འོད་འཚེར་འཚེར་བྱེད། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་བ་དང་། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཏེ། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཤིང་། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པའི་རྒྱལ་བ་གཉིས་པ་ལགས། མདོ་སྨད་ཙོང་ཁའི་ཡུལ་དུ་བྱོན་པའི་སྤྱིར་བཏང་གི་འབྲོག་ཕྲུག་ཅིག་གིས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞལ་གདམས་དང་དུ་བླངས་ཤིང་། སློབ་གཉེར་གྱི་ཡིད་དམ་སྙིང་ལ་བཅངས་ཏེ་དབུས་སུ་ཕྱིན་པ་རེད། ཁྱེད་ཀྱི་སློབ་གཉེར་གྱི་སྙིང་སྟོབས་དང་ཐོས་པ་བཙལ་བའི་དཔའ་གདེངས་ནི་སུ་དང་གང་གིས་ཀྱང་ཟླ་བྲལ་བ་ཞིག་རེད། ཁྱེད་ཀྱིས་ཆོས་ལུགས་ནི་འཇིག་རྟེན་འདིའི་སྟེང་གི་མིའི་ནང་སེམས་ཀྱི་གསང་བ་དེ་སྔོག་འདོན་བྱེད་སྤྱད་ཀྱི་ལག་ཆ་ལྟ་བུ་དང་། འགྲོ་བ་མིའི་ཤེས་རབ་དང་སྙིང་རྗེ་གོང་འཕེལ་དུ་གཏོང་བར་ཕན་ནུས་ལྡན་གསུངས་ལ། ཁྱེད་ནི་འགྲོ་བ་མིའི་བསམ་པའི་དེད་དཔོན་ཡང་ཅི་ལ་མིན།
        སྙིགས་མའི་དུས་འདིར། སློབ་བུ་ངས་ཁྱེད་རང་ལྷག་པར་དྲན་ལ། བླ་མ་ཁྱེད་ཁོ་ནར་མི་ཕྱེད་པའི་དད་པ་ཞིག་སྐྱེས་ཡོང་། དོ་དགོང་ཡང་། ཟླ་འོད་དང་ལྷིང་འཇགས། གློག་སྒྲོན་གྱི་འོག་ཏུ་ངས་ཁྱེད་དང་ལྷན་དུ་མི་ཚེ་ཡི་འོད་སྣང་བཙལ།
འབྲེལ་ཡོད་འོས་སྦྱོར།