སྙན་ངག་པ་ན་རོའི་སྙན་ངག་ཡག་པོ་འོས་སྦྱོར།
རྩོམ་པ་པོ།:ན་རོ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-24
ཀློག་གྲངས།:

བློས་བསླངས་དཀར་པོ།
ན་རོ།
དེ་རིང་། འདྲིས་པའི་ཡུལ་ལ་ས་བཀྲ་ཞིག་འབྲི་འདོད་སྐྱེས།
ཆུང་ཆུང་ལག་མཐིལ་ལྟ་བུའི་ས་བཀྲ་ཞིག་འབྲི་འདོད་སྐྱེས།
གོམ་པ་སྤོ་ས་མེད་ནའང་།
གསང་བའི་ཞེ་ཚིག་ཅིག་ཤོང་ན་ཆོག
ཐོག་མར། སྡོང་རྒན་ཞིག་བྲི་བར་བྱ།
བྱ་ཚང་དང་གྲིལ་བསིལ་རླུང་བུས་ཁུར་ནའང་།
གཤོག་སྒྲོ་ཁ་ཤས་སྡོང་རྩར་ཡོད་པ་ཞིག་བྲིས་པས་ཆོག
བར་དུ། ནས་སྙེ་ཞིག་བྲི་བར་བྱ།
སྦྲ་གུར་དང་ཞིང་སར་ལྟེབ་ཆགས་ཤོར་ནའང་།
རྩམ་དྲིས་མ་བཏང་བའི་སོག་མ་ཞིག་བྲིས་པས་ཆོག
མཐའ་མར། གཙང་བོ་ཞིག་བྲི་བར་བྱ།
ཀོ་གྲུ་དང་རབ་ཁ་ཤྭ་འོད་ཀྱིས་ཁྱེར་ནའང་།
ཆུ་རྒྱུན་དང་ལྡོག་སྟེ་འཁྱུག་པའི་ཉ་མོ་ཞིག་བྲིས་པས་ཆོག
ད་དུང་། རི་ལ་དབུ་འཕང་ཞིག་ཀྱང་བྲི་བར་བྱ།
མི་མགོ་དམའ་དུས།
ལྷ་ལ་ཡོན་ཆབ་འདྲེན་ས་དེ་ཉིད་ཡིན།
༢༠༡༧ལོའི་«སྦྲང་ཆར་»དེབ་བཞི་པ་ལས་བཏུས།
རྩོམ་པ་པོ་ངོ་སྤྲོད།
བསེ་ཆང་ཤ་བོ་ཚེ་བརྟན་ནམ་ན་རོ། ༡༩༧༨ལོར་མཚོ་སྔོན་ཞུན་ཧྭ་རྫོང་ཁོངས་བསེ་ཆང་དུ་སྐྱེས། རིམ་བཞིན་བསེ་ཆང་སློབ་ཆུང་དང་། ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང་། ཀྲུང་དབྱང་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་བཅས་འགྲིམས། རྩོམ་རིག་གི་འབུམ་རམས་པའི་སློབ་གནས་བླངས། ད་ལྟ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་སྐད་ཡིག་རྩོམ་རིག་ཚན་ཁག་གི་དགེ་རྒན་ཆེན་མོ་གཞོན་པ་དང་། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཀྲུང་གོའི་རིག་རྩལ་དཔྱད་གཏམ་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འཛིན། བོད་ལྗོངས་རིག་རྩལ་དཔྱད་གཏམ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ༢༠༡༣ལོར«བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུས»ཞེས་པ་པར་དུ་བསྐྲུན་པ་དང་། ༢༠༡༤ལོར་སྙན་དེབ་ཐོག་མ«གྱང་ཆག»ཅེས་པ་དུས་རབས་༢༡པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་དུ་བདམས་ཏེ་པར་དུ་བསྐྲུན། ༢༠༡༧ལོར་འགྱུར་རྩོམ«ཤེལ་ལེ་ཡི་སྙན་ངག་གཅེས་བསྡུས»ཞེས་པ་པར་དུ་བསྐྲུན། མི་འགྱངས་པར«བརྩམས་སྒྲུང་དང་རིག་གནས»ཞེས་པའི་དཔྱད་བརྗོད་ཀྱི་ཆེད་དེབ་ཅིག་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་འཆར་ཡོད། སྔ་རྟིང་དུ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་དང་།(༢༠༠༧ལོ) ཟླ་ཟེར་རྩོམ་རིག་བྱ་དགའ།(༢༠༡༢ལོ) མི་རིགས་ཀྱི་རྩོམ་རིག་བོད་ཡིག་པར་མའི་བྱ་དགའ།(༢༠༡༣ལོ) གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་(༢༠༡༥ལོ)བཅས་ཐོབ་མྱོང་། སློབ་ཆེན་དུས་ནས་ད་བར་དུ་སྙན་ངག་གཙོས་པའི་བརྩམས་ཆོས་མང་པོ་ཞིག«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«སྦྲང་ཆར» «གངས་རྒྱན་མེ་ཏོག» «ཟླ་ཟེར»ལ་སོགས་པའི་དུས་དེབ་དང་ཚགས་པར་དུ་བཀོད། རྒྱལ་ཁབ་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་ལས་གཞི་གཉིས་ཀྱི་ཞིབ་འཇུག་གི་ཁུར་བླངས་ལ། དེ་འབྲེལ་གྱི་དཔྱད་རྩོམ་མི་ཉུང་བ་ཞིག«བོད་ལྗོངས་ཞིབ་འཇུག»དང«ཀྲུང་གོའི་བོད་རིག་པ་ཞིབ་འཇུག» «བོད་ལྗོངས་སློབ་ཆེན་གྱི་རིག་དེབ»ལ་སོགས་ཀྱི་སྟེང་སྤེལ།
འབྲེལ་ཡོད་འོས་སྦྱོར།