༄༅། །རྒྱལ་བ་ཙོང་ཁ་པར་བསྟོད་པའི་ཚིགས་སུ་བཅད་པ་དད་པའི་མེ་ཏོག་ཅེས་བྱ་བ།
རྩོམ་པ་པོ།:ཐུབ་བསྟན་གྲགས་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-29
ཀློག་གྲངས།:

༄༅། །རྒྱལ་བ་ཙོང་ཁ་པར་བསྟོད་པའི་ཚིགས་སུ་བཅད་པ་དད་པའི་མེ་ཏོག་ཅེས་བྱ་བ།
ཐུབ་བསྟན་གྲགས་པ།
དབུ་ལ་མནབས་པའི་པཎ་ཞྭའི་རྩེ་མོས་རླུང་གི་རྒྱ་གྲམ་ཕུག་ལ་ཉེ།།
ཞབས་ལ་མནབས་པའི་ཀྲད་ཀ་དེས་ནི་ས་ཆེན་རྡོག་པས་གནོན་ཉམས་ཡོད།།
ཕྱག་ཟུང་མཉེན་མོའི་སྟངས་སྟབས་དེས་ཀྱང་ལྟ་ངན་མུན་འཇོམས་གར་བྱེད་པ།།
ཁྱེད་ཀྱི་ཆ་བྱད་ཡིད་ལ་ཤར་ཚེ་བདག་བློར་དད་པའི་སྤུ་ལོང་གཡོ།།
མནབ་གཟན་སྣེ་མོ་རླུང་གིས་བསྐྱོད་པས་ནམ་མཁའི་རྡུལ་དམར་དྭངས་པར་བྱེད།།
ཤམ་ཐབས་འདབས་ཁ་ཅུང་ཟད་བརྫིས་པ་གོམ་པས་སྟོང་ཁམས་ཉུལ་དང་མཚུངས།།
སྐུ་ཆིངས་སེར་བོའི་དམ་ལྷོད་དེས་ནི་རི་བོ་སྒུལ་བའི་ངང་ཚུལ་འཛིན།།
ཉིད་ཀྱི་སྣང་བརྙན་དངོས་མཇལ་བྱུང་བར་རེ་བ་འབུམ་གྱིས་སྒུག་ནས་ཡོད།།
སྨིན་མ་ཁྱུང་གཤོག་རྒྱས་འདྲའི་འོག་ན་སྤྱན་གཉིས་བརྩེ་བའི་འཛུམ་གྱིས་བསུ།།
གཟེངས་མཐོ་ཤངས་དང་མཆུ་སྒྲོས་པད་མ་ཐགས་བཟང་བཞི་བཅུའི་ཚེམས་འཕྲེང་སོགས།།
བཞིན་གྱི་དཀྱིལ་འཁོར་ཟླ་ཞལ་མཛེས་པ་བསམ་བཞིན་བཟོ་བོས་བྲིས་འདྲ་བ།།
ཨེ་མ་ཁྱོད་གདོང་མཐོང་བའི་མོད་ལ་ཀུན་གྱི་ཡིད་དུ་དགའ་བ་སྟེར།།
ཞྭ་མདོག་སེར་བོས་འདུལ་བསྟན་ཉམས་པ་སླར་ཡང་གསོ་བའི་རྟེན་འབྲེལ་དང་།།
ཞྭ་རྩེ་རྣོ་བས་ཆེས་མཐོའི་ལྟ་བ་ཐལ་འགྱུར་དབུ་མའི་ཡང་རྩེ་མཚོན།།
སྣམ་བུའི་གོས་ཙམ་རྒྱུན་དུ་འཆང་བས་ཉན་ཐོས་སྤྱོད་པའི་ཚུལ་འཛིན་པ།།
རྒྱུན་འཁྱེར་འགྲོ་འཆག་གང་ནས་བསམས་ཀྱང་རྒྱལ་བའི་འཕྲིན་ལས་རྨ་མེད་པ།།
ཙོང་ཁའི་ཡུལ་དུ་ལྟེ་ཁྲག་འཕོ་སར་རང་བྱུང་སྐུ་འབུམ་བྱོན་ཞེས་གྲགས།།
རྨ་ཆུའི་འགྲམ་ནས་བླ་མ་བསྟེན་སར་ཨ་ར་པ་ཙའི་སྒྲུབ་ཕུག་ཡོད།།
རྫིང་ཕྱིའི་ལུང་པར་བརྐྱངས་ཕྱག་འབུལ་སར་འོལ་ཁ་རྡོ་ཡི་མཎྜལ་ཡོད།།
བོད་ཡུལ་མདོ་ཁམས་དབུས་གཙང་ཚང་མ་ཉིད་ཀྱི་ཕ་ས་ཕ་ཡུལ་ཡིན།།
ཤང་ཤང་འབབ་པའི་གཙང་བོའི་ངོགས་སུ་ཞབས་ཕྱག་བཀྲུ་སའི་རི་མོ་ཡོད༎
ལྟེམ་མེར་འཁྱིལ་བའི་མཚེའུའི་ནང་དུ་བྱད་བཞིན་འཆར་སའི་མེ་ལོང་ཡོད།།
ཀྲོང་ངེར་འགྱིང་པའི་རི་བོའི་སྤོ་ན་རྒྱང་ལྟ་གནང་སའི་ལམ་བུ་ཡོད།།
འདི་དག་དྲན་ཚེ་བོད་ཡུལ་དབུས་འདི་འཕགས་པ་ཉིད་ཀྱི་གདན་ས་ཡིན།།
འཛམ་གླིང་འཛིན་མའི་ཡང་རྩེ་འདི་རུ་ཞབས་ཀྱིས་བཅགས་པའི་སྐྱེས་བུ་ཁྱོད།།
ནམ་མཁའི་སྐར་ཚོགས་བྱེ་བའི་ཁྲོད་ན་ཉ་རྒྱས་ཟླ་བའི་དཔལ་ཇི་བཞིན།།
གཞན་སྡེའི་ཡོན་ཏན་ཟིལ་གྱིས་གནོན་ཅིང་ཚངས་དབང་ལྷས་ཀྱང་བཏུད་གྱུར་བའི།།
ཁྱད་འཕགས་གཟི་བྱིན་བླ་ན་མཐོ་བ་རྒྱུ་ཚོགས་ཚང་བའི་འབྲས་བུ་ཡིན།།
བསྐལ་མང་སྔོན་ནས་མངོན་སངས་རྒྱས་པ་ངེས་པ་དོན་གྱི་རྣམ་ཐར་དང་།།
འཇམ་པའི་དབྱངས་ཀྱི་རྣམ་པར་སྤྲུལ་བ་རྩོད་མེད་ཡོངས་སུ་གྲགས་གྱུར་ཀྱང་།།
ལྗོངས་འདིར་བསམ་བཞིན་མི་ཡི་གར་གྱིས་དུས་མཐའི་མི་ཚེ་གཅིག་ལ་ཡང་།།
གྲུབ་པའི་འབྲས་བུའི་རྒྱལ་མཚན་བསྒྲེངས་པ་ཐུན་མོང་མཛད་པ་ཆེན་པོར་བསྟོད།།
བླ་མའི་བཀའ་བཞིན་དབུས་ལ་ཕེབས་ནས་ཐོས་བསམ་སྒོམ་པའི་མཐའ་རྒྱ་བཅད།།
ཡོངས་འཛིན་རྣམ་བཞིའི་གདམས་པ་ཇི་བཞིན་གཞུང་བརྒྱའི་དཀའ་གནད་མདུད་བརྒྱ་བཀྲོལ།།
ཡི་དམ་ལྷ་ཡི་རྗེས་གནང་ཇི་བཞིན་བོད་ཡུལ་ཆོས་ཀྱིས་ཚིམ་པར་མཛད།།
སྟོན་པའི་ལུང་གིས་ཟིན་པ་ཇི་བཞིན་བསྟན་པའི་རྒུད་པ་བཅོས་པར་མཛད།།
དབུ་མ་འཇུག་པའི་གསན་བསམ་ཐོག་མ་རེད་མདའ་བ་ཡི་དྲུང་ནས་བཞེས།།
ཟླ་བ་གྲགས་པའི་ལྟ་བའི་རྩལ་འདོན་གངས་རིའི་ལྗོངས་སུ་ཉིན་ལྟར་མཛད།།
དི་བམ་ཀ་རའི་ལམ་རིམ་བརྒྱུད་པ་སྔར་མེད་གསར་བས་རྒྱུད་འཛིན་བྱས།།
བཀའ་གདམས་གོང་མའི་རྣམ་ཐར་ལ་ནི་སྐྱེ་བོ་མང་དག་འཛུད་པར་མཛད།།
ཐོས་བསམ་མཐའ་རྒྱ་ཡུན་རིང་མ་ཆོད་གདམས་ངག་ཆུ་བོའི་སྣོད་དུ་གྱུར།།
ལྟ་བ་རྒྱུད་ལ་ཡུན་རིང་མ་འཁྲུངས་ཡི་དམ་ལྷ་ཡིས་རྗེས་སུ་བཟུང་།།
བསྟན་པའི་སྙིགས་མ་དྲུང་ནས་བགྲུང་ལ་སྐུ་ཚེ་གཅིག་གི་སྐུ་ངལ་གནང་།།
མཐའ་མར་འགྲོ་བའི་དོན་ཆེན་སླད་དུ་རྫོགས་སངས་རྒྱས་ཀྱི་མཛད་པ་བསྐྲུན།།
བླ་མ་ཡི་དམ་དབྱེར་མེད་གསོལ་འདེབས་ཤུགས་དྲག་རླུང་གི་རྒྱུ་ཕྱོགས་འདྲ།།
བསགས་སྦྱང་གནད་ལ་རྩེ་གཅིག་གཞོལ་དེ་གཟིངས་ཆེན་བཅོས་པའི་ཚུལ་དང་འདྲ།།
ཀླུ་ཐོགས་གཙུག་ལག་རྒྱ་མཚོར་འཐུང་བ་མཐའ་མེད་རླབས་ཀྱིས་སྐྱོམ་དང་མཚུངས།།
མཐའ་བྲལ་དབུ་མའི་ལྟ་བ་རྟོགས་པ་འཇོག་པོའི་གཙུག་རྒྱན་བླངས་དང་མཚུངས།།
ལྷོ་བྲག་མཁན་ཆེན་བཤོལ་བ་མེད་ན་བོད་དུ་མི་བཞུགས་རྒྱ་ལ་བཞུད།།
རྒྱ་ནག་རྒྱལ་བོའི་གདན་དྲོངས་ཡོད་ན་རྒྱ་བླའི་ཉམས་ཤིག་ཐོན་ཀྱང་སྲིད།།
ཨ་མའི་བཀའ་བཞིན་ཡུལ་ལ་ལོགས་ན་དེས་ཀྱང་དུས་ཚོད་འཆོར་ངེས་ཡིན།།
རྒྱལ་བསྟན་རྨང་ནས་བཅོས་པའི་དོན་ཆེན་སྐར་ཆ་གཅིག་ལ་བྱོལ་མ་མྱོང་།།
མངོན་པའི་བཤད་པ་ཐོག་མར་གསན་དུས་ཁྱོད་ལ་ཁྲིད་རྒྱུ་དཀའ་འོ་ཟེར།།
ཉ་དབོན་ཀུན་དགའི་སློབ་མར་གྱུར་ཚེ་ད་གཟོད་བདག་ཡིད་ཚིམ་མོ་ཟེར།།
རྣམ་འགྲེལ་གཏན་ཚིགས་རིག་ལམ་གྱིས་ནི་ཁོ་བོའི་ཡིད་སེམས་འཕྲོག་སོང་ཟེར།།
ལྷན་སྐྱེས་རིག་པ་མེ་ལྟར་འབར་བ་གཞོན་ནུའི་དུས་ཀྱི་རང་གཤིས་ཡིན།།
གསུང་རབ་མ་ལུས་དགོངས་པའི་དོན་ཀུན་མ་འདྲེས་རྣམ་གྲོལ་གྲོགས་སུ་འཁྱེར།།
ཐེག་དགུའི་གནད་རྣམས་འགལ་མེད་བསྒྲུབས་ཏེ་ལྟ་སྤྱོད་གཙང་མའི་རྒྱན་བཟང་བསྐྲུན།།
མདོ་སྔགས་གཞུང་བརྒྱའི་འཆད་ཉན་ལ་ནི་སྔར་མེད་ལམ་སྲོལ་གསར་བ་བཙུགས།།
བསྟན་པའི་སྙིང་བོ་གསལ་བར་མཛད་པ་བྱང་སེམས་ཆེན་པོའི་རྣམ་ཐར་ཡིན།།
མདོ་སྨད་ཡུལ་ནས་དབུས་སུ་ཕེབས་ཏེ་དགེ་ལྡན་བསྟན་པའི་ཆུ་གཏེར་བསླངས།།
རྒྱ་བོད་ཡུལ་གྲུ་དུ་མའི་ཁྱོན་ལ་དགོན་གནས་གསར་བའི་ཚོགས་ཞིང་བསྐྲུན།།
འཛམ་གླིང་གོ་ལའི་ཤར་ནུབ་ཀུན་ཏུ་རྟེན་འབྲེལ་ཟབ་མོའི་ཆར་ཆེན་ཕབ།།
འགྲོ་མའི་ལམ་ལ་འོད་སྣང་སྦྱིན་འདི་སྟོན་པ་ཆེན་པོའི་རྣམ་ཐར་ཡིན།།
ཅི་ཡང་ཡིད་ལ་མི་སེམས་པ་དང་ཡོད་མིན་མེད་མིན་ལ་སོགས་པའི། །
གངས་རིའི་ལྗོངས་ཀྱི་བསམ་བློའི་གླིང་ལ་སྤྱན་གྱིས་གཟིགས་པ་མ་དོར་བས།།
རྟེན་འབྲེལ་རིག་པའི་རྒྱལ་བོ་ཞེས་པའི་མཚན་གྱི་ཅོད་པན་ཐོགས་དང་ལྷན།།
འཇིགས་མེད་སྟོབས་ཀྱིས་ས་ཆེན་གཡོས་པ་སྲིད་པའི་མཐའ་ལས་འགོང་པར་གྱུར།།
སྣང་བ་རྟེན་འབྲེལ་བསླུ་བ་མེད་དང་རང་བཞིན་སྟོང་བ་འགལ་མེད་དང་།།
ཟབ་གསང་ལམ་གྱི་སྙིང་བོ་མཐར་ཐུག་འོད་གསལ་སྒྱུ་ལུས་ཟུང་འཇུག་རྣམས།།
སུས་ཀྱང་མ་བཀྲལ་སྔོན་མེད་ལེགས་བཤད་བདུད་རྩིའི་ཆར་གྱི་རྒྱུན་བཟང་གིས།།
ཐུབ་བསྟན་འདབ་བརྒྱ་སླར་ཡང་བཞད་མཛད་ཐུབ་པ་ཆེན་པོ་གང་དེར་འདུད།།
རྣམ་དཀར་བསོད་ནམས་དཔལ་ལས་འཁྲུངས་པའི་གཟུགས་སྐུའི་བཀོད་པ་ཡིད་དུ་འོང་།།
རྣམ་དག་བསླབ་སྡོམ་གཙང་མས་བྱུགས་པས་ཚུལ་ཁྲིམས་དྲི་བཟང་སྤོས་དད་འཐུལ།།
རྣམ་མཁྱེན་ལམ་བཟང་གསལ་བའི་སྒྲོན་མེ་སྲིད་པ་རྒྱན་གྱི་མིག་གཅིག་པུ།།
རྣམ་པ་ཀུན་ཏུ་ཁྱེད་ཀྱི་ཕྱོགས་ལ་དང་བའི་ཡིད་ཀྱིས་གསོལ་བ་འདེབས།།
མགོན་པོ་མཆོག་དེའི་མདོ་སྔགས་བསྟན་པ་ཕྱི་ནང་དྲི་མེད་གདུགས་དཀར་འོག།
སྲིད་པའི་ངལ་བ་ཡོངས་སུ་གསོ་པའི་ཁམས་གསུམ་སྐྱེ་དགུའི་ཁྱོན་གང་དུ༎
བཤད་སྒྲུབ་ཕྱི་དོར་ཡང་ཡང་བགྱིས་པའི་གསེར་སྦྱངས་བཙོ་མའི་མདངས་ལྡན་པའི།།
བསྟན་དང་བསྟན་འཛིན་བརྒྱུད་པར་བཅས་ལ་བུ་ངས་གུས་པས་ཕྱག་ཀྱང་འཚལ།།
ཁྱེད་ཉིད་ཟླ་བྲལ་དྲི་མེད་རིགས་ལམ་ཉིན་བྱེད་སྣང་བའི་འོད་དཀར་གྱིས།།
གངས་རིའི་སྨག་ཆེན་ཀུན་ནས་འཇོམས་མཛད་གསུང་རབ་འོད་སྣང་འབུམ་སྤྲོས་ཀྱང་།།
ལྟར་སྣང་རིག་པས་མིག་གོང་བསྒྲིབ་ལ་ང་དང་ཁྱོད་ཅེས་ཕྱོགས་འཛིན་པའི།།
འབྱུང་བོའི་བྱ་བཞིན་མུན་ཁུང་འཚོལ་རྣམས་མཐོང་ན་སྙིང་ལ་གདུང་བ་སྟེར།།
རྒྱལ་བའི་ཕྲིན་ལས་ཐུགས་བསྐྱེད་རླུང་གིས་དུས་དང་དུས་སུ་བསྡུས་གྱུར་བའི།།
ཕན་བདེའི་ཆར་གྱིས་ཡོངས་སུ་བརླན་པའི་ཁྱོད་བསྟན་སྤྲིན་དཀར་བླ་བྲེ་ཉིད།།
མི་ཤེས་ཚ་གདུང་འཇོམས་པའི་དཔལ་དུ་ཕྱོགས་མེད་མཁའ་ལ་བྲེས་གྱུར་ཀྱང་།།
སྐལ་ངན་ཡིད་ལ་དང་བ་མ་ཐོབ་ཕྱོགས་རིས་གདོན་གྱིས་བརླམ་ལ་ལྟོས།།
སྒོམ་པར་རློམ་ནས་སྤྱོད་པ་འཆོལ་བའི་གྲུབ་རྫུན་གཏེར་རྫུན་མང་བོ་བྱུང་།།
སྤྱོད་པའི་བརྟུལ་ཞུགས་ཁོ་ནར་རེ་བའི་ལྟ་སྒོམ་ཉམས་ལེན་གནད་མ་ཤེས།།
མདོ་དང་སྔགས་ཀྱི་དགོངས་དོན་མ་ལོན་རང་རྒྱུད་ཆོས་དང་ཁ་གྱེས་པའི།།
དུས་ཀྱི་སྙིགས་མའི་རང་མཚང་བརྟོལ་དུས་ཁྱོད་ལ་ཀུན་གྱིས་བསྟོད་པར་རིགས།།
གང་གི་ཞལ་གསུང་ཟབ་གསལ་ལུང་རིག་དབྱར་རྔ་འབུམ་གྱི་སྒྲ་དབྱངས་ཅན།།
ལྟ་བའི་ལེགས་བཤད་ཆེན་མོ་ལྔ་དང་རིམ་ལྔ་གསལ་སྒྲོན་ལ་སོགས་པའི།།
གཞུང་ཆེན་གངྒའི་རྒྱུན་བཟང་འབབ་ལ་ཞུགས་འདོད་སྐལ་ལྡན་ངང་བའི་ཁྱུ།།
དད་བརྩོན་ཤེས་རབ་ལྡན་པའི་བུ་ལ་དུས་རྣམ་ཀུན་ཏུ་རྗེས་ཡི་རང་།།
ཁྱེད་ཉིད་རྗེས་སུ་དྲན་པའི་གདུང་དབྱངས་དབྱངས་ཅན་འཕང་འགྲོས་སྒྲ་འདི་ཉིད།།
རྡེབ་ལེགས་སོར་རྩེས་འདྲེན་པའི་ཚིགས་བཅད་བཅད་རྩོམ་ཉེར་ལྔས་ལེགས་སྤུད་དེ།།
ཞུན་མར་སྒྲོན་མེའི་མཆོད་པ་འོད་གསལ་གསལ་བའི་ཡིད་དང་བཅས་འབུལ་ན།།
བདག་ཅག་སྐྱེ་བའི་འཕྲེང་བ་བརྒྱུད་ཀུན་ཀུན་ནས་རྗེས་སུ་འཛིན་གྱུར་ཅིག།
ཞེས་མགོན་པོ་གང་གི་བསྟན་པའི་ལྷག་ཞབས་སུ་སྐྱེས་པའི་དད་བརྩོན་ལྡན་པའི་དགེ་མིང་འཛིན་པ་ཐུབ་བསྟན་གྲགས་པའམ་ཀུན་བཤད་ཀྱི་མིང་ལ་དབྱངས་ཅན་རིག་པའི་རལ་གྲི་ཞེས་འབོད་པས་ལྕགས་གླང་ལོའི་རྟ་ཟླའི་ལྔ་མཆོད་དུ་བྲིས་པ་དགེའོ། །
རྩོམ་པ་པོའི་ངོ་སྤྲོད།

གསེར་ཐལ་རྫོང་སློབ་འབྲིང་གི་དགེ་རྒན་ཐུབ་བསྟན་གྲགས་པ། ཁོས་ལོ་ན་ཆུང་ངུའི་དུས་ནས་བཟུང་དགེ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་གང་མང་ལ་སྦྱངས་པ་གནད་སྨིན་མཛད་དེ། རང་ཡུལ་གསེར་ཐལ་ས་ཆ་ནས་ལོ་ངོ་མང་བོར་དགེ་རྒན་གྱི་ཕྱག་ལས་གཉེར་ཞིང་། སློབ་མ་བརྒྱ་ཕྲག་དུ་མ་གསོ་སྐྱོང་བྱས། བརྩམས་ཆོས་ལ«ལོ་མ་སེར་བོ»དང་«འཁོར་འབངས་ཀྱི་དད་པ» «སྲིད་པ་རྒྱན་གྱི་མདོ» «ང་ཚོའི་རྗེས་རབས་པ»སོགས་ཀྱི་ཆེད་དེབ་དང་། «ཨེན་སི་ཐན»དང«མར་ཁེ་སི་རིགས་པའི་གཞུང་ལུགས་ཀྱི་བཤད་པ་བཅུ» «ཐའོ་ཞིན་ཀྲི་སློབ་གསོའི་གདམས་ངག་ཆེད་བཏུས»སོགས་ཀྱི་སྒྱུར་རྩོམ་དེབ་སོགས་ཡོད།
འབྲེལ་ཡོད་འོས་སྦྱོར།