logo

གདོན་མིག་གི་ལྷུག་རྩོམ་སྙན་ངག ས་འོག་ཏུ་སྦས་པའི་འཇའ་ཚོན།

རྩོམ་པ་པོ།:གདོན་མིག ཡོང་ཁུངས།:གདོན་མིག དུས་ཚོད།:2022-01-07 ཀློག་གྲངས།:
ས་འོག་ཏུ་སྦས་པའི་འཇའ་ཚོན།
གདོན་མིག
 
        སྒེའུ་ཁུང་མེད་པའི་ཁང་བ་དེའི་ནང་དུ་ཡུན་རིང་ལ་ཁ་དབུགས་ཀྱི་འཁོར་རྒྱུན་ཁེགས་པས། མི་ཞིག་གིས་ཚེ་སྲོལ་ཕུལ་ནས་གསར་དུ་སྒེའུ་ཁུང་ཞིག་བཏོད། སྒེའུ་ཁང་དེ་ལས་རྒྱང་རིང་གི་རྒྱ་མཚོ་མཐོང་། རྒྱ་མཚོའི་ཕ་མཐར་སྐྱོད་པའི་གྲུ་གཡོར་གྱི་ཁ་དོག་རབ་རིབ་དེ་མཐོང་། དེ་ཡིས་མི་རྣམས་ལ་བློ་སྒོ་ཨེན་ཙམ་ཕྱེ་བར་རེ་བ་སྟོང་ཕྲག་བརྒྱབ།
        ལོ་ངོ་སུམ་ཅུ་ལྷག་འདས་ཟིན་པའི་དུས་ཚོད་ཀྱི་བར་སྟོང་ལས། གནམ་གྱིས་བསྐོས་པ་ལྟ་བུའི་སྐྲ་ལོ་རིང་བོ་དེའི་འཕྱོ་ལྡེམ་ཁོ་ན། ཉི་མའི་འོད་ཟེར་ངོགས་སུ་ཐོགས་རེག་རྒོད་པའི་གྲུབ་གཟུགས་ཤིག་ཏུ་གྱུར། ཁེར་ཧྲེང་ཧྲེང་གི་སྐྱོ་གདུང་གིས་མནར་བའི་ཡིད་འོང་གི་འཛུམ་ཆུང་དེའང་། རླུང་འཚུབ་ཀྱི་མྱ་ངན་མཚོན་པའི་རི་ལྗོངས་སྐྱ་བོ་ཞིག་ཏུ་གྱུར།
        མཁའ་རླུང་དབེན་པའི་ནུབ་ཕྱོགས་ཀྱི་གྲོང་ཚོ་ཞིག་ཏུ། ད་དུང་སྙིང་ཉེ་བའི་ཁྱེད་ཀྱི་ཞབས་ཟུང་གི་རྗེས་ཤུལ་ལྷག་ཡོད། ཁ་བ་བབས་ཀྱང་རྗེས་ཤུལ་མངོན་པར་གསལ། ཐ་ན། འགྱུར་ལྡོག་གི་ཆོས་ཉིད་ཀྱིས་དུས་ཚིགས་རེ་རེའི་བར་མཚམས་དབྱེར་མེད་དུ་བཏང་ཡང་། ཁྱེད་ཀྱི་ཞབས་ཟུང་གི་པ་ཏྲའི་རི་མོ་དེ་དག  ཐར་ཐོར་དུ་ནམ་མཁའི་དབྱིངས་སུ་སྐར་ཚོགས་བཞིན་བཀྲའོ།།
        མི་མངོན་པའི་སྙིང་ཁམས་ཤིག ལོ་རྒྱུས་ཀྱི་རྩྭ་ཐང་དུ་ཁྱབ།
        མནར་གཅོད་དང་གདུག་རྩུབ་ཀྱིས་བྲབ་པའི་ཞོགས་པ་ཞིག མི་གཤིས་ཀྱིས་ཐེག་ཚོད་ལྟར་གཉོར་ཏེ་ཉི་རྩེ་རྒྱག་པའི་བར་དུ་བསྒུགས ཞོགས་པ་དེ་རུ། རེ་སྙེག་དང་ཡི་ཆད་སྤུངས་ཡོད། བརྩེ་དུང་དང་སྐྱོ་ཡུས་སྤུངས་ཡོད། ཚེ་སྲོག་དང་ཁེར་རྐྱང་སྤུངས་ཡོད། ཐ་ན། མཁའ་དབུགས་གསར་བ་ཞིག་གི་ཉེར་ལེན་གྱི་ཕྲ་རྡུལ་སྤུངས་ཡོད། ཐང་ཆད་པའི་ལུས་པོ་ཡི་ཡན་ལག་དང་ཉིད་ལག་ཀྱང་སྤུངས་ཡོད།
        ཁྱོད་ཀྱིས་སྙིང་ལ་རེ་བ་རུམ་གང་བསྙལ་ནས་ཤར་གྱི་རྒྱ་མཚོའི་ངོགས་སུ་ཆས་མྱོང་།
        ཁྱེད་ཀྱིས་ཡིད་ཆེས་ཁྲི་སྟོང་ཁྱེར་ཏེ། ཕ་ཡུལ་གྱི་རྩྭ་ཐང་ལ་ཕེབས་མྱོང་།
        ཡིན་ནའང་། ཡོད་ཚད་བློ་ཡིད་དུ་ཤོང་དཀའ་བའི་ནམ་ཟླའི་གྲང་རླུང་དེ་ཡིས། ཁྱེད་ཀྱི་དོན་ལྔ་སྣོད་དྲུག་ལ་འཁྱག་འདར་ཡང་ཡང་བརྒྱབ། དྲག་ཆར་ལྟ་བུའི་འདས་ལོག་གི་སྐད་ཆ་རེ་རེས་ཀྱང་། ཁྱེད་ཀྱི་མིད་པའི་ནང་གི་དབུགས་དབྱུང་གིས་སྲུང་པའི་མཆིལ་མ་དྲོན་མོ་དེའང་། གློ་བུར་གློ་བུར་དུ། འཁྱགས་རོམ་རྡོག་པོ་འགའ་རུ་བཏང་། དེ་ནི་ཁྱེད་ལ་ཐོབ་པའི་ཡིད་འོང་གི་ན་ཟུག་རེད། དེ་ནི་ཁྱེད་ལ་དབང་བའི་རང་དབང་གི་རྟ་ཕོ་རེད།
        རྟ་ཕོ་ཁམ་པ། རྔོག་ཆུང་རྦབ་ཆུ་བཞིན་འཕྱོ།
          
        རླུང་ལ་བཅོལ་བའི་ལོ་ཟླ་དེ་དག
        ཆར་བ་བཞིན་བདག་གི་མིག་ལ་བབས།
 
        ལ་མོ་བརྒལ་ནས་རྒྱང་ལ་བལྟས།
        རྒྱང་རིང་གི་མཛེས་སྡུག་ཁྱེད་ཀྱིས་མཐོང་།
        དུས་དེར། མེ་ཏོག་གི་རྨི་ལམ།
        གཙང་བོ་འབབ་ཡུལ། ཁྱེད་ཀྱི་བྲང་གཞུང་རེད།
        ང་ཚོ། ནར་མ་སོན་པའི་ཟོལ་གྱིས།
        སྔར་བཞིན་ལམ་ཕྲན་དེད་དེ་ཕྱིན་པས།
        ཕྱིར་བལྟ་རྒྱུར་བརྗེད་དེ་སོང་།
 
        སེང་གེ་དང་རྣམ་ཤེས་གཅིག་ཏུ་སྒོམ།
        བདེ་སྐྱིད་དང་ཐོབ་ཤོར་གཅིག་ཏུ་སྦྲུམ།
        སྐད་སྒྲ་ཡལ་ཟིན། ཀྭི་སྒྲ་འཇགས་ཟིན།
        མེ་ལོང་ནང་དུ་ལྷུང་བའི་ཡུལ་གྲུ་འདི།
        དགུན་ལྗོངས་སྐྱ་བོ་ཞིག་གི་ས་སྲོད་དུ་འཁྲུལ།
 
        གང་ལྟར། ད་ནི།
        བརྩེ་དུང་དོར་ནས་ལམ་དུ་ཆས་སོང་།
        མེ་ཏོག་བསྐྱུར་ནས་ལམ་དུ་ཆས་སོང་།
        
        ནུབ་མཐའ་ནས་ལྡང་བའི་སྤྲིན་དཀར་གྱི་སིལ་མ་འཐོར་དུས། སྡོང་ལོར་སེར་པོར་གྱུར་བའི་ཡུལ་ལྗོངས་འདི་ཁོ་ན། ལྷིང་འཇགས་དང་འུར་ཟིང་འགྲན་པའི་གྲོང་ཚོ་ཞིག་ཏུ་གྱུར་ཏེ། མ་འོངས་པའི་མུན་ནག་ལ་བསྒུགས་ཡོད། མ་འོངས་པའི་དུས་ཚོད་ཀྱི་ཁ་དོག་ལ་བསྒུགས་ཡོད།
        ང་ཚོས། ནམ་མཁར་འཕུར་བའི་རྒོད་པོ་ཡི་ཁྱུ་ཚོགས་མཐོང་ན་དགའ་བ་ལ་ཨང་།
        ང་ཚོས། ས་འོག་ཏུ་སྦས་པའི་འཇའ་ཚོན་མཐོང་རྒྱུ་བྱུང་ན་དགའ་བ་ལ་ཨང་།
སྤྱི་ལོ༢༠༢༢ལོའི་ཟླ༡པའི་༢ཉིན།
འབྲེལ་ཡོད་འོས་སྦྱོར།