ཀྱེ་ཕུར་མཆོག་གསུམ་གྱི་ལྷུག་རྩོམ་ཁག་གསུམ།
རྩོམ་པ་པོ།:ཀྱེ་ཕུར་མཆོག་གསུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-02-23
ཀློག་གྲངས།:
ངའི་རྐང་འོག་ན་ཧྲིག་ཧྲིག་འཆི་བའི་སྡོང་ལོ།
སྟོན་མགོ་བཀུག་པ་ནས། མཁྲིས་ནད་ཀྱིས་མནར་འདྲའི་ལོ་མ་དག་གིས། སེམས་གཅོང་གང་ཞིག་དྲུད་དེ་མར་ལྷུང་གིན་འདུག གནམ་གཤིས་ཀྱི་འགྱུར་བག་གིས་དེད་པའི་ཚ་གྲང་གི་དམྱལ་ཁམས་དེ། གདོང་གི་སྐྱི་ལྤགས་ལ་འབྱར་བའི་དྲི་བ་ཁྲི་སྟོང་གི་གསེང་ལ་སྦས་འདུག
གོམ་པ་ཡང་མོར་སྤོས་ཀྱང་ཐྲིག་སྒྲ་མཆེད་ཡོང་བའི་རྐང་ལམ་ཀྱ་ཀྱུ། ལྗོན་པའི་ཧྲག་བར་ནས་རྒྱང་ལ་འཐེན་འདུག སྨྲེང་སྐྱོ་འགུག་པའི་ཁུ་བྱུག་གིས། ནགས་རྒྱ་རྫོང་གི་ཡལ་གའི་རྩེ་རུ། གཞས་ཀྱི་གདངས་དབྱངས་བཀལ་ཏེ་ཐག་རིང་ལ་ཆས་སོང་། འདང་གི་ཤིང་འབྲས་མྱངས་མ་ཚར་བའི་འཇོལ་མོས་ཀྱང་། གཤོག་ཟུང་གི་ལྡེབས་སུ་འབྱར་བའི་ཐལ་རྡུལ་དག་ཀྱང་སྤྲུག་ལོང་མེད་པར། ངག་གི་དྲིལ་བརྡ་དཀྲོལ་ཏེ་ར་མདར་ཆས་ཀྱང་། ཆོས་ཉིད་ཀྱི་བདེན་པ་བཙན་པོས། སེམས་ཁོང་གི་ལྷན་འཛོམས་དེ་ཕྱི་ལོའི་དཔྱིད་ཀར་མི་འཇོག་ག་མེད་བྱུང་།
སྟོན་པས་ཀྱང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ་ཟེར་བ་མིན་ནམ། འདུས་བྱས་མང་པོ་ཞིག་གི་ངོ་བོ་རྡོག་ཏུ་དྲིལ་པའི་ཟག་བཅས་དེ་དག རླུང་གི་རྒྱུ་བ་དང་། ཆུ་ཡི་བཞུར་བ། མེ་ཡི་འབར་བ། ས་ཡི་འཇིག་པ་གང་ཞིག་ལ་འཐིམ་དགོས་པའི་ཆོས་ཉིད་ཀྱིས། ངའི་རྣམ་རྟོག་གི་གོམ་མཚམས་བཞག་ཀྱང་། ད་དུང་ཧྲིག་སྒྲ་གང་ཞིག་ཡིད་ཀྱི་ན་ལུང་ལ་ཡང་ཡང་འཁོར་ཡོང་།
སྟོན་གྱི་ལག་པའམ་མཇུག་མ་གང་ཞིག་གིས་དྲུད་ཡོང་བའི་ཙག་རླུང་། གཙང་པོ་དང་ལྗོན་པའི་མངལ་དུ་སྦྲུམ་སྟེ། འགྲེ་ལྡོག་གི་འཕག་འཚག་ཡང་མོ་ཞིག་གིས། ཚེ་སྲོག་གི་གཟུངས་ཐག་བཅད་དེ་བདག་གི་རྡོག་སྣེར་གཡུགས་པའི་རྣམ་ཤེས་ཚོགས། ངའི་རྐང་འོག་ན་ཧྲིག་ཧྲིག་གིས་འཆི་བའི་ལོ་མ་དག་ལ། རེ་རེ་ལ་ཡིག་དྲུག་གི་བསྔོ་བ་དང་དད་འདུན་གྱི་དུངས་པ་ཕུལ་ནས། ལམ་སྐབས་གྲང་བས་མི་མནར་བའི་ལམ་རྒྱགས་བསྩལ་པ་ཡིན།
རླུང་གིས་ལོ་མ་བདས་པ་དང་། ལོ་མས་ཕུགས་བསམ་བདས་ཀྱང་། ལམ་ལྷུངས་མ་ཡོང་བའི་ཆག་འཇིག་དེས། གསེར་གྱི་མདངས་ཀྱིས་བླུས་པའི་ཙང་ཁོག་སྐམ་པོ། གད་སྐྱིབས་དང་། གྲམ་གཞུང་། གྱང་བར། ཉི་ཕུག་བཅས་སུ་འཚང་སྟེ། མི་འདོད་བཞིན་རང་ཤི་རྒྱག་དགོས་པའི་ཚེ་ཚད་འདིས། ང་ཚོར་ཉེན་བརྡའི་ཅོང་ཆེན་ཞིག་ཤུགས་ཀྱིན་རྡུང་གིན་འདུག་ཨང་།
ད་ནངས་རླུང་གིས་ཁུར་ཡོང་བའི་ལོ་མ་ལྷེབ་གཅིག་ངའི་སྔས་འགྲམ་དུ་ལྷུང་འདུག ངས་དེའི་ངོས་སུ་སྐྱེ་འཆི་ཞེས་པའི་ཡིག་འབྲུ་གཉིས་བྲིས་རྗེས། ཕྱོགས་གཅིག་དཀར་པོ་དང་ཕྱོགས་གཅིག་ནག་པོར་གྱུར་པས། ངའི་སེམས་པའང་ངོས་གཅིག་འཁྱགས་ཤིང་ངོས་གཅིག་དྲོས་པར་གྱུར།
འདང་གི་རྒྱུད་སྐུད་ཆད་པ།
ཁྱེད་ཀྱིས་འདང་ནི་གནམ་ས་ཡུག་སྦྲེལ་གྱི་དམུ་ཐག་ཅིག་ཏུ་བསྒོམས་ཡོད་ན། དེའང་ནོར་འཁྲུལ་ཅིག་ཏུ་མི་འགྱུར་ཏེ། འོད་ཀྱི་ཞགས་པ་དེའི་སྣེ་གཉིས་ན་གཉོམ་ཆུང་གི་རྣམ་ཤེས་གཉིས་འགུལ་གྱིན་པ་མངོན་སུམ་རེད། གཅིག་ནི་དཀར་པོ་དང་ལྗང་གུ། ཅིག་ཤོས་ནི་ནག་པོ་དང་དམར་པོ་གང་ཞིག་ཡིན་པ་ཆ་མི་འཚལ་ཡང་། འགྱུར་ཆོག་པའི་ཁ་དོག་དེའི་གསེང་ན། འགུལ་ཤེས་པའི་སེམས་པ་ཆ་གཅིག་ཡོད་པ་སུ་ལ་གསང་ཨང་།
ལ་གཞས་ཀྱི་དབྱངས་རྟ་ལྷག་འཕྲོ་ཞིག་ལ། རོགས་ཆུང་ལོ་དང་བྱ་ཁུ་ལོ་བརྒྱུས་པ་གཏམ་རྒྱུད་ཅིག་ཡིན་དུ་ཆུགས་ཀྱང་། སྐྲ་དཀར་བབས་པའི་ལོ་ཟླའི་སྐྱི་པགས་ནི་ཡུན་རིང་མཉེས་པའི་ཡབ་ཆེན་གྱི་དུ་ཁུག་བཞིན། ནེམ་ཞིང་རལ་ཏེ་མཁའ་མཐར་ལྷུང་བའི་ཚེས་རིས་ཤིག་གོ། ངས་ཇི་ལྟར་བཙེམ་ཡང་ཟླ་བ་ཧྲིལ་བོ་ཞིག་ཏུ་གྲུབ་མི་ཐུབ་ལ། སྐར་ཚོགས་ཀྱི་བརྒྱ་དཔོན་ཞིག་ཀྱང་ཤིན་ཏུ་དཀའ།
འཇིག་རྟེན་ན་གཏན་ནས་འཚེམ་སྲོལ་མེད་པ་ནི་མི་སེམས་རེད། མི་སེམས་ལ་གས་ཁ་ཤོར་རྗེས་ཚིག་གིས་མི་ཚེམ། འདང་གིས་མི་སྦྱོར། བླ་མའི་བྱིན་རླབས་དང་ཕ་མའི་ཁ་ཆེམས་ཀྱིས་ཀྱང་མི་ཡོང་། དེ་བས། ངས་མི་སེམས་ལ་གཏན་དུ་གས་ཁ་མི་འབྱུང་བའི་སྨོན་ལམ་བཏབ་ཀྱང་། གས་ཁ་གཉིས་སུ་གྱེས་པའི་འཇིག་རྟེན་འདིར། སྨོན་ལམ་ཞིག་གིས་འཐུས་དཀའ་ཡང་། སེམས་ཀྱི་དགུ་ལ་བཀབ་པའི་བག་ཆགས་དེའི་དབང་གིས། དོན་དག་མང་རབ་ཅིག་ད་དུང་ཡང་སེམས་པའི་རྗེས་སུ་འབྲང་གིན་འདུག
ཁ་ཆད་མང་པོ་ཞིག་ཚིག་གི་སོག་མར་གྱུར་རྗེས། སྟོན་ཐོག་ལ་ལོ་ལེགས་མི་ཡོང་བ་ཤིན་ཏུ་གསལ་ན་ཡང་། ཁྲུང་ཁྲུང་གིས་བསྟར་ཕྲེང་བསྒྲིགས་ཏེ་ལྷོ་རུ་མི་འཕུར་བ་དང་། ཁུ་བྱུག་གིས་སྨྲེང་སྐྱོ་བཀུག་ཏེ་མོན་ཡུལ་མི་འགྲིམས་པ། ངའི་ཐོག་མའི་དམ་བཅའ་ལས་འགལ་མི་འདོད་པའི་དན་རྟགས་སུ་བསྒོམས་ན། ཕྱི་ལོའི་དཔྱིད་ཀར་ལྗང་མྱུག་གི་འཛུམ་ཆུང་གཉོམ་པོས། ས་ཆེན་གྱི་སྐྱི་ཤུན་བརྟོལ་སྲིད་དམ།
གཙང་ཆུ་དྭངས་མོས་འཁྱགས་རོམ་གྱི་གོ་ཁྲབ་གྱོན་པ། སུ་ཞིག་གི་ར་མདར་མངགས་པའི་ཧྲག་དམག་ཡིན་ནམ། ཁྲོ་གཉེར་གྱི་རི་སུལ་རེ་རེར་སྐོང་བའི། སྡང་གཤིས་ཀྱི་རྒྱ་སྟག་སྟོབས་ཀྱིས་ངར་བའི་རྦབ་རྡོས། ངའི་རྒྱ་ཡན་ལ་ཤོར་བའི་འདུ་ཤེས་ཀྱི་རི་དྭགས་ཕྱོགས་སུ་བསྡུས་ཏེ། མཛུབ་མོ་ནང་བཀུག་གིས་ཚང་རྩིས་ལན་གཅིག་བྱེད་དགོས་བྱུང་།
ཉི་མས་ཚིག་པའི་མེ་ཏོག་གི་འདབ་ལོའི་ངོས་སུ། རྙིད་ནས་འཐོར་བའི་ཡིག་འབྲུ་འགའ་ཐུར་ལ་ལྷུང་དུས། གྲམ་གཞུང་སྐམ་ཤུལ་ན་ལྷང་ངེར་མངོན་པའི་རྡོ་བའི་བེམ་རོ་དག་ལྷག་ཏུ་དྲན་ཡོང་སྟེ། ལས་དབང་གི་ཟོ་ཆེན་ལ་མ་ཤོང་བའི་ངོ་གདོང་གང་དེ་སླར་ཡང་དམུར་དགོས་བྱུང་།
མནའ་ཚིག་དང་དམ་བཅའ་མང་པོ་ཞིག་མདུད་མདུད་དེ། སྐ་རགས་ཀྱི་ཁུག་ལ་བཅུག་པའི་སྲུང་འཁོར་དང་མཚོན་སྲུང་དུ་བསྒོམས་ཀྱང་། དུས་ཚོད་ཀྱི་འུར་མཐིལ་རླུང་གིས་ཟད་དུས། ཞེ་འདང་གི་ལུག་ཁྱུ་འཚོ་ཐབས་མི་འདུག་པ། ཁ་དོག་འགྱུར་བཞིན་པའི་དུས་ཚིགས་བཞི་ཡི་ངོ་གདོང་གིས་མཚོན་ཡོང་། དྲོད་གྲང་མི་སྙོམས་པའི་དབྱར་དགུན་གཉིས་ཀྱི་ཁ་ཚིག་གིས་གསལ་ཡོང་།
ང་ཚོ་ཅི་ཡང་མ་རེད།
ཁྱེད་ཀྱིས་དབུགས་ལྒང་ལྟར་སྦོས་པའི་བྲང་གཞུང་དང་། དམར་མདངས་ཆགས་པའི་ངོ་གདོང་ཁོ་ན་བཏེགས་ཏེ། འཇིག་རྟེན་གྱི་ལྟད་མོར་འགྲོ་འདོད་ན། སྔོན་ལ་མདུང་གིས་དཔྲལ་མི་ཐུབ་པའི་ཕུབ་ཅིག་དང་། མྱི་ཁས་མི་ཚིག་པའི་ཡིད་ཆེས་ཤིག་ཀྱང་བསྣམ་རོགས་གནོང་།
རབ་ཁ་མང་པོ་ཞིག་གི་ཕ་རོལ་ན། ཨུ་ཚུགས་ཀྱིས་ཟོར་འབིགས་ཐོགས་པའི་ལས་མཁན་ཚོ།
གྲལ་ཕྱི་རིམ་ཁྲོམ་པ་དགུ་སྐོར་གྱིས་འཚོགས་འདུག མིག་ཁྲ་ཆུང་བ་རུ་སྟོང་སྐོར་གྱིས་བསྒྲིགས་འདུག
རི་རྩེ་ནས་བལ་ལྟར་ཞིག་པའི་སྤྲིན་པ་དང་། གྲམ་གཞུང་ནས་ཕྱེ་མའི་འཆང་བུ་བཞིན་འཐོར་བའི་འཁྱགས་རོམ། སྡོང་མགོ་ནས་ཆོས་ཉིད་ཀྱི་རླུང་གིས་བདས་པའི་ལོ་མ། དཔེ་མཚོན་འདི་དག་འགྲེལ་རྗེས། ང་ཚོར་དམ་པའི་གསུང་རབ་གང་གི་དབང་ལུང་མི་དགོས་ཤིང་། མཁས་པའི་གདམས་ངག་གང་གི་རྒྱབ་རྟེན་ཡང་མི་མཁོ་ཨང་།
ཉི་མའི་རྦབ་ཆུ་ས་གཞིའི་ཟེ་བར་འདལ་བའི་དུས་ཚོད། སྔོ་མའི་དྲི་ངད་འོ་མའི་རླངས་པར་འདྲེས་པའི་དབྱར་གཞུང་། ལུ་གུའི་མཆོང་གར་དང་བེའུ་ཆུང་གི་རྩེད་བྲོ་རུམ་པའི་བྱིས་པ་སོགས། གནའ་སྔ་མོ་ཟེར་བའི་གཏམ་རྒྱུད་ཅིག་གི་སྲོག་ཤིང་ལས་འཚོལ་དུས། མེས་པོ་སྨྲ་ར་ཅན་ཚོ་དྲན་ཁོམ་མི་འདུག་ལ། སྦྲ་ནག་གི་ཁ་ཚུབ་ལས་འཕོས་པའི་དུ་བའི་སྐར་ཚོགས། བརྙན་འཕྲིན་གྱི་ལེ་ཚན་གཅིག་གིས་ཀྱང་བསྣུབས་ཐུབ་པ་བདེན་ན། ས་གཞིའི་སྐྱི་པགས་ལ་འབྱར་བའི་ང་ཚོ་ཅི་ཡང་མ་རེད།
ད་ནངས་ཤར་རིའི་ཕྲག་པ་ནས་དགོད་ཀྱིན་བསླེབས་པའི་ཉིན་བྱེད་དེ། ད་ནི་ཕྱི་མིག་གི་མིག་ཆུ་སྟོར་གྱིན་ནུབ་ཕྱོགས་ཆུ་ལྷའི་ལྟེ་བར་འཁྲེང་སེམས་ཀྱིས་འཛུལ་དགོས་པ། སྐྱེ་བ་སྔ་ཕྱི་དང་ལས་འབྲས་ལ་བཞག་པའི་དཔེ་མཚོན་ཡིན་ན། རང་ཉིད་ཕྲག་དོག་དང་སྒེར་སེམས་ཀྱི་མདུང་རྩེར་བསྐྱོན་ཟིན་པའི་ང་ཚོ་ཅི་ཡང་མ་རེད།
རང་སེམས་ནི་ཉོན་མོངས་ཀྱི་ཁུག་མ་ཞིག་སྟེ། དབྱིབས་དང་ཁ་དོག་མི་མཐོང་བའི་སྔ་དགོང་གཉིས་ཀར། ཉི་ཟླའི་འཆར་ནུབ་ཁོ་ན་རྟག་བརྟན་གྱི་ལོངས་སྤྱོད་ཅིག་ཏུ་བསྒོམས་ཏེ། ཚེ་ཡི་དར་ཐགས་ཀྱི་མདུད་པ་གྲོལ་དུས། སྨོན་ལམ་ལེགས་པོ་ཞིག་ཀྱང་འདེབས་ཁོམ་མེད་པར། དངངས་ལངས་ཀྱིས་ལམ་ལ་ཆས་དུས། སྔུན་ན་བསུ་བ་དང་རྗེས་ན་སྐྱེལ་མ་མེད་པའི་ང་ཚོ་ཅི་ཡང་མ་རེད། དངོས་གནས་ཅི་ཡང་མ་རེད་ཨང་།
འབྲེལ་ཡོད་འོས་སྦྱོར།