logo

ཀུན་མཁྱེན་གྲགས་པའི་ལྷུག་རྩོམ།

རྩོམ་པ་པོ།:ཀུན་མཁྱེན་གྲགས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-02-28 ཀློག་གྲངས།:
ང་ཡི་དགེ་རྒན་བྱ་གཞུང་བ།
ཀུན་མཁྱེན་གྲགས་པ།

        དགེ་རྒན་ཁོང་ལ་ཕྱིར་དྲན་བྱེད་དུས་ངས་རྟག་པར་ཁོང་གི་ངག་ལས་ཐོས་པའི་བསླབ་བྱ་ཞིག་དྲན་ཡོང་གིན་གདའ། དེ་ནི་སློབ་མ་མ་བརྟག་དུག་འཐུང་འདྲ། །དགེ་རྒན་མ་བརྟག་གཡོང་མཆོངས་འདྲ། །ཞེས་པ་འདི་རེད། ང་རང་མི་ཚེ་འདིར་ཚེ་རབས་སྔོན་གྱི་ཚོགས་བསགས་ཡིན་ནའང་འདྲ། ད་རབས་ལས་ཀྱི་སྐལ་བ་ཡིནའང་འདྲ། གང་ལྟར་སྐད་ཡིག་དགེ་རྒན་གཞན་དྲིང་འཇོག་མི་དགོས་པ་ཏག་ཏག་ལ་འཕྲད་ནས་ཡོང་། བོད་རང་གི་མི་ཚེ་ལྟ་བ་ལྟར་བཤད་ན། ངས་དེ་ནི་རང་ཉིད་ཀྱི་བསོད་ནམས་ཤིག་ཏུ་རློམ་ནས་ཡོད།
        དགེ་རྒན་ཞེས་པའི་རང་ལ་ཤ་མི་ཉེ་ཞིང་། རུས་མི་གཅིག་པའི་སྐྱེས་བོ་འདིས་ང་ཚོའི་སྟོང་སང་སང་གི་བསམ་པའི་འཇིག་རྟེན་ལ་ཤེས་ཡོན་གྱི་རྒྱགས་ཕྱེ་མང་ཙམ་བླུགས་ཏེ། དང་པོ་བ་གླང་ལྟ་བུ་དེ་ད་ལྟའི་ཤེས་ཡོན་གྱི་ཆ་ཅུང་ཙམ་ལྡན་པའི་སློབ་གཉེར་བ་ཞིག་ཏུ་བསྒྱུར་བར་མ་ཟད། ཁོང་གི་བག་ཆགས་ཟབ་མོ་མང་པོ་ཞིག་གིས་ཀྱང་ང་ཚོའི་འབྱུང་འགྱུར་གྱི་བྱ་སྤྱོད་དང་བསམ་བློ་སོགས་ལ་ཡང་ཤུགས་རྐྱེན་ཕྲན་ཙམ་རེ་ཐེབས་ཡོད་པ་རེད། དེ་བས་ངས་དགེ་སློབ་ཞེས་པའི་འབྲེལ་བ་འདིའི་ཡང་སྙིང་ཡང་གོང་གི་ལེགས་བཤད་དེ་ནང་བཞིན་ཕན་ཚུན་དམ་དུ་སྦྲེལ་ཏེ་ཆུ་དང་དེར་བརྟེན་པའི་ཉ་ལྟ་བུར་ཡོད་པ་རྟོགས་ཡོང་།
        སློབ་རིམ་བཞི་བར་བུད་པའི་ཉིན་མོ་དེར། སློབ་གྲོགས་གསར་བ་ཚོས་ཁ་བརྡ་བྱས་ནས་སློབ་ཁང་ནང་འུར་སྒྲ་དང་འཛེར་སྒྲས་ཁེངས་འདུག སྐབས་ཤིག་ལ། སློབ་ཁང་ནང་དལ་ཅག་གེར་དབུགས་འབྱིན་རྔུབ་བྱེད་པའི་སྒྲ་ལས་ཐོས་རྒྱུ་མི་འདུགམ་གཞི་ངེད་ཅག་གི་དགེ་རྒན་གསར་བ་སླེབས་སོང་། བལྟས་མ་ཐག་ཏུ། དགེ་རྒན་བཙན་པོ་ཞིག་རེད་སྙམ་བྱུང་། གཟུགས་ཕུང་གཏོས་ཆེ་ལ་རིང་བ། ཤ་རྒྱགས་ཤིང་མདོག་སྨུག་པ། སྐྲ་ལོ་ལུ་གུའི་ཚ་རུ་ལྟར་འཁྱིལ་ཞིང་འཇུ་ལི་གྱུག་གེར་ཡོད་པ། མིག་ཟུང་ཆེ་རྒྱུ་ཆུང་རྒྱུ་མེད་ཅིང་། གྲལ་འགྲིག་པའི་སོ་ཕྲེང་གི་ཚོམས་ནི་དཀར་འོད་འོད་བྱེད། དེ་མུར་མཐོ་ལ་གསལ་བའི་སྐད་གདངས་ཤིག་གིས་ང་ནི་ཁྱོད་ཚོའི་སྐད་ཡིག་དགེ་རྒན་ཡིན། ངའི་མིང་ལ་དབང་ཆེན་ཚེ་རིང་ཟེར། ཕ་ཡུལ་བྱ་མདོ་ལུང་བའི་ཡིན། ད་ནས་བཟུང་། འུ་ཅག་དགེ་སློབ་ཟུང་མཉམ་འབྲེལ་གྱིས་ཤེས་བྱ་སྦྱང་སྟེ། གཞན་ལ་སྟོན་རྒྱུ་ཡོད་པའི་གྲུབ་འབྲས་ཤིག་ལེན་མི་ཐུབ་རུང་། རང་ལ་ངོ་གནོངས་མི་དགོས་པ་ཞིག་བྱ་དགོས་ཞེས་ཟེར་ཞིང་། དེར་མཐུད་དེ་ང་ཚོ་མི་རེ་རེ་ལ་རང་ཉིད་ངོ་སྤྲོད་བྱེད་དུ་བཅུག་སོང་།
        ཕྱིར་དྲན་ནི་ལོ་ཟླའི་ཆུ་བོའི་འགྲམ་ངོགས་ནས་ཡར་དེད་ན། ངེད་དགེ་སློབ་གཉིས་ཀྱི་ཐོག་མའི་བག་ཆགས་འགྲིག་པའི་ཉིན་དེ་ཏག་ཏག་རྒྱུགས་ཤོག་ཤིག་དང་འབྲེལ་བ་མེད་དམ། དེ་ནི་ལོ་རིམ་བཞི་བར་བུད་པའི་རྒྱུགས་ཐོག་མ་སྟེ། ཟླ་རྒྱུགས་ཞེས་པ་དེ་རེད། ཉིན་མོ་དེར། དགེ་རྒན་གྱིས་རྒྱུགས་ཤོག་བསྣམས་ཏེ་སློབ་ཁང་དུ་ཡོང་སྟེ། ཆེས་ཐོག་མར་ངའི་མིང་ནས་བོས་སོང་། ངས་ཅི་ཡིན་འདི་ཡིན་མ་ཤེས་པར་ཡར་ལངས་ཤིང་། དངངས་འཚུབ་ཀྱིས་ཁོང་སྙིང་ལུ་གུ་ལྡིང་ལྡིང་བྱས་ཤིང་། རྐང་བའི་ཉྭ་ཁུག་ཀྱང་འདར་གྱིན་པ་ཚོར། ཁོང་གིས་ངའི་རྒྱུགས་ཤོག་བཀྲམས་ཏེ་ཞིབ་ཏུ་གཟིགས་ཞིབ་གནང་ཞིང་། དེ་ནས་སྐར་མ༩༨རེད་ཟེར་བཞིན། མུ་མཐུད་དུ་འབད་པ་བྱོས་དང་། རེ་བ་ཆེན་པོ་འདུག་ཅེས་བཤད་སོང་། སྐད་ཆ་དེས་ངའི་ཅོལ་ཆུང་གི་བསམ་པའི་མྱུ་གུ་ལ་ཆུ་ཐིགས་ལྟ་བུ་གཏོར། ང་ལ་རང་རློམ་ལྟ་བུའམ། སྔར་བས་འབད་པ་བྱེད་དགོས་སྙམ་པའི་ཆོད་སེམས་ཤིག་ཤར་མྱོང་། དེ་མུར་ཁོང་གིས་སློབ་གྲོགས་རེ་རེའི་རྒྱུགས་ཤོག་དང་སྐར་གྲངས་བསྒྲགས། ངའི་དྲན་འཛིན་གྱི་ཡོལ་གོའི་ངོས་སུ་ད་དུང་ཡང་གསལ་ལེར་འཆར་བ་ནི་རེབ་དེར་སྐར་མ་གཅིག་གམ་གཉིས་ཅན་གྱི་སློབ་གྲོགས་ཤིག་ཀྱང་ཡོད་འདུག་པ་དེ་རེད། རྒན་ལགས་ཀྱི་སློབ་གྲོགས་དེར་དམིགས་བསལ་གྱི་སྐྱོན་བརྗོད་སོགས་ཅི་ཡང་མ་བྱས་པར། རྗེས་སུ་ཤུ་རེ་བྱོས་དང་། ཁྱོད་ཀྱིས་ཀྱང་སྐར་གྲངས་མཐོན་པོ་ལེན་ཐུབ་ཅེས་བཤད། རྗེས་སུ་འཛིན་བདག་གིས་ཀུ་རེའམ་ཟུར་ཟའི་ཚུད་དུ་ངའི་སྐར་གྲངས་དང་སློབ་གྲོགས་དེའི་སྐར་གྲངས་གཉིས་མཉམ་འབྲེལ་བྱས་ཚེ་སྐར་མ་བརྒྱ་རེད་ཅེས་བཤད་ལ། སློབ་ཁང་ཡོངས་འུར་ཆ་ལེར་བཏང་སོང་། དགེ་རྒན་ཁོང་གིས་རྒྱུགས་བླངས་ཚད་ཀྱི་རྗེས་ནས། སློབ་མའི་སྐར་གྲངས་དེ་འདྲ་གཙོ་བོ་མིན། ཆེས་འགངས་ཆེན་དེ་ཚང་མས་བོད་ཡིག་ལེགས་པོ་ཞིག་ཤེས་དགོས་ཞེས་ཡང་ཡང་གསུངས་པ་དེ་ད་དུང་ཡང་ངའི་རྣ་ལམ་དུ་དྲིལ་ཆུང་གི་སྒྲ་སྙན་ལྟར་སིལ་སིལ་དུ་གྲགས་ཡོང་།
        དགེ་རྒན་ཁོང་གི་སློབ་ཁྲིད་ལ་སློབ་མ་ཚང་མ་ཉན་སྤྲོ་པོ་ཡོད་ཅིང་། ཧ་ལམ་གཉིད་ལྕོགས་རྒྱག་མཁན་གཅིག་ཀྱང་མེད། ངས་དེ་ནི་ཁོང་གི་ཐུན་མིན་གྱི་སློབ་ཁྲིད་བྱེད་ཐབས་ལ་འབྲེལ་བ་མེད་དམ་སྙམ། ཁོང་གིས་ཐོག་མར་སློབ་ཚན་གྱི་རྩོམ་པ་པོ་དག་མཚམས་སྦྱོར་ཐུང་ངུ་ཞིག་བྱེད་སྲིད་ལ། ད་དུང་དེ་འབྲེལ་གྱི་མཚར་གཏམ་ཡང་བཤད་དུས་ཡོད། དེ་ནས་སློབ་ཚན་གྱི་ལོ་རྒྱུས་རྒྱབ་ལྗོངས་ངོ་སྤྲོད་ཕྲན་བུ་བྱེད། དེར་མཐུད་དེ་སློབ་ཚན་གྱི་ཁ་བྱང་ནང་གི་དཔེ་དང་དཔེ་ཅན་བཤད་དེ་རྟགས་རྒྱག་ཏུ་འཇུགརིམ་གྱིས་སློབ་ཚན་དངོས་ལ་ཞུགས། ཡ། ད་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ཉོན། སྨྱུག་གུ་ཐོགས་ཏེ་གཙོ་གནད་ལ་རྟགས་རྒྱོབས་ཟེར་བཞིན་ཐ་སྙད་རེ་རེར་འགྲེལ་བཤད་རྒྱག་ཅིང་། ཚིག་དོན་རེ་རེ་བཞིན་བུམ་པ་གང་བྱོའི་ཚུལ་དུ་བཤད། ཁོང་གིས་ད་དུང་སློབ་ཚན་གྱི་མི་སྣར་ལད་མོ་བྱས་ཏེ་འཁྲབ་སྟོན་བྱེད་ཅིང་། དབང་བོ་ལྔ་དང་ཡན་ལག་དག་ཀྱང་ཁོམ་ལོང་མེད་པར་སློབ་ཁྲིད་ལ་གཡེང་འདུག སློབ་ཁྲིད་བྱེད་ཐབས་ཁྱད་པར་བ་དེས་སློབ་གྲོགས་ཐམས་ཅད་ཀྱི་ཡིད་དབང་རབ་ཏུ་བཀུག་ཏེ། ལྟོགས་པའི་ཟས་དང་སྐོམ་པའི་ཆུ་འདོད་བཞིན་དུ་རྣ་བ་བླགས་ཏེ་ཁོང་གི་སློབ་ཁྲིད་ལ་རོལ་མྱོང་མི་བྱེད་ག་ལ་སྲིད།
        སློབ་ཁྲིད་གྲོལ་བརྡ་བརྒྱབ་བྱུང་། ཨ་ཙི། སྐར་མ་གཅིག་ཀྱང་མ་འགོར་སྙམ་བྱུང་། ཁོང་གིས་ཡ་སློབ་ཁྲིད་གྲོལ། ལས་བྱ་ནི་སློབ་ཚན་རྗེས་ཀྱི་ཐ་སྙད་དེ་དག་ལ་རྗོད་པ་བཟོ་དགོས་ཟེར་བཞིན་དཔེ་དེབ་བཟུང་སྟེ་བུད་སོང་། དེ་ནས་བཟུང་། ངས་དགེ་རྒན་ཁོང་ནི་གང་ལ་གང་འདུལ་གྱི་སྒོ་ནས་སློབ་མ་ཐབས་ཀྱིས་སྐྱོང་མཁས་པའི་དགེ་རྒན་ཞིག་རེད་སྙམ། ཡང་དེ་ནས་བཟུང་། ང་ཚོའི་འཛིན་གྲྭའི་འགན་ཁུར་ཇེ་ལྕིར་བུད་སོང་། སློབ་ཚན་རེ་རེ་ཁྲིད་ཚར་རྗེས་དེའི་ཐ་སྙད་དག་ལ་རྗོད་པ་བཟོ་དགོས་ཤིང་། དགེ་རྒན་གྱིས་ལས་བྱ་གཞན་མང་པོ་མི་འཇོག་མོད། ལས་བྱ་འདི་རང་ཤིན་ཏུ་གལ་ཆེན་ཞིག་ཏུ་བརྩི་ཞིང་། སློབ་མ་དག་གིས་ཐོག་མར་རང་རང་གི་སྦྱང་དེབ་སྟེང་ལ་རྗོད་པ་བཟོ་དགོས་ཤིང་། དེ་ནས་ལས་བྱ་འབྲི་དེབ་སྟེང་བཤུ་དགོས་པ་རེད། ཁོང་གིས་སློབ་མ་རེ་རེའི་ལས་བྱ་ལ་དག་བཅོས་གནང་སྟེ། དཔྱད་བརྗོད་ཉུང་ངུ་རེའང་འབྲི་སྲིད། ད་དུང་དག་ཡིག་སློབ་ཚན་གྱི་ཐ་སྙད་དག་ཀྱང་བསྐྱུར་མི་རུང་བས་ང་ཚོའི་མགོ་ཉོག་ཏུ་ཡང་བཅུག་མྱོང་། ཉིན་གུང་དང་ཕྱི་དྲོའི་གུང་གསེང་གི་སྐབས་སུ། ཚང་མ་རྩེད་འཇོ་ལ་གཡེང་བའི་སྐབས་དེར། ངེད་དགེ་སློབ་དག་སློབ་ཁང་ལྟག་རྒྱབ་ཀྱི་སྡོང་གསེང་དེར་འཛོམས་ཏེ། མཉམ་དུ་རྗོད་པ་བཟོ་དགོས་པའི་དུས་ཀྱང་མང་དུ་ཡོད།
        མཚམས་ཤིག་ལ། དགེ་རྒན་གྱིས་འཛིན་གྲྭའི་ནང་གི་སློབ་བུ་ཞིག་ལ་བསྟོད་བསྔགས་བྱས་བྱུང་། ད་དུང་ཁྱོད་ཚོས་རེ་རེ་བཞིན་ལྟོས་ཨ། རྗོད་པ་བཟོ་ན་འདི་ལྟར་བཟོས་ན་ཡང་ཧ་ཅང་ཡག་གི་ཟེར། ངས་ནི་དོན་གསལ་བོ་ཞིག་མ་གོ་བར་སློབ་གྲོགས་དེའི་ལས་བྱར་བལྟས་པས། མ་གཞི་ཁོས་ཐ་སྙད་གཉིས་གསུམ་རེའམ། ཡང་ན་བཞི་ལྔ་རེ་ཚིག་སྦྱོར་གཅིག་ཏུ་སྤེལ་འདུགངས་ནི་སློབ་གྲོགས་དེའི་འབྲི་ཐབས་ལ་ཡིད་སྨོན་སྐྱེས་ཤིང་། རང་གིས་ཀྱང་དེར་ཚོད་ལྟ་བྱེད་དགོས་སྙམ་པ་ཤར། དེ་བས་ཐེངས་མང་པོར་ངས་ཀྱང་དེ་ལྟར་སྦྱང་བ་བྱས་ཤིང་། ལས་བྱ་ཡང་དེ་ལྟར་བྲིས་པ་ཡིན།
        ཡང་མཚམས་ཤིག་ལ་ངས་ཚིགས་བཅད་འབྲི་སྟངས་ལ་རང་སྦྱོང་བྱས་པ་ཡིན། སྐབས་དེར་དབྱར་དགུན་གནང་གི་སྐབས་སུ་ཚངས་མགུར་དང་ལེགས་བཤད་སོགས་ཤོག་གྲངས་བཞི་ལྔ་རེ་བློར་འཛིན་དགོས་ཤིང་། ངས་དེ་དག་གི་ཚིག་སྦྱོར་ལ་ལད་མོ་དང་། རང་གིས་སློབ་གྲོགས་ཤིག་གི་ལག་ནས་ཉོས་པའི་རྩོམ་ཡིག་འབྲི་སྦྱོང་གི་དེབ་ཅིག་ཡོད་པ་དེར་དཔེ་བལྟས་ཏེ་ཆ་ཡ་དོ་མཉམ་སོགས་ལ་སྦྱང་བ་རེ་བྱེད་ཁུལ་བྱས་པ་ཡིན། དེར་བརྟེན། ངས་རང་གི་ལས་བྱ་ཡང་ཚིགས་བཅད་ཀྱིས་བྲིས་ཤིང་། མཚམས་རེར་ཤོ་ལོ་ཀ་གཅིག་ཏུ་བསྡུ་ཨེ་ཐུབ་ཀྱང་ཚོད་ལྟ་བྱས་མྱོང་། དགོང་ཚོགས་ཤིག་ལ། དགེ་རྒན་གྱིས་ང་ཚོའི་ལས་བྱར་ལྟ་བཞིན་འདུག ང་ཚོས་རང་སྦྱོང་ལྟ་བུ་བྱས་ནས་བསྡད་ཡོད། ཡུད་ཙམ་ནས་ཁོང་གིས་ང་རང་བོས་བྱུང་། ཁོང་གིས་ངའི་ལས་བྱ་དེ་ཐེངས་གཉིས་གསུམ་ཞིག་ལ་བཏོན་རྗེས། དངོས་ནས་ཡ་མཚན་ཡག་གིདགེ་རྒན་ཚོའི་ཁྲོད་དུ་ཡང་འདི་འདྲ་འབྲི་ཐུབ་མཁན་དཀོན་པོ་རེད་ཅེས་ཚང་མས་མདུན་དུ་ང་ལ་བསྟོད་པ་བྱས་ཤིང་མཐེ་བོང་བསྒྲེངས་བྱུང་། སྐད་ཆ་དེས་ང་ལ་སྔར་ལས་ལྷག་པའི་སྒུལ་ཤུགས་ཤིག་དང་། སྐད་ཡིག་ལ་འབད་པ་བྱ་དགོས་སྙམ་པ་ཞིག་ཤར། དེ་དུས་འཛིན་གྲྭའི་ནང་དུ་ཧ་ལམ་ཚིགས་བཅད་འབྲི་ཤེས་མཁན་ང་ལས་མི་འདུག དུས་དེ་ཙ་ནས། ངས་རང་ཉིད་ལ་ཡང་གཞན་གྱིས་ཡལ་བར་བོར་བའི་འོད་ཞིག་ཡོད་པ་ཚོར། འོད་དེ་སྙེག་བཞིན་ང་རང་མུ་མཐུད་དུ་མདུན་དུ་ཆས་པ་ཡིན།
        དགེ་རྒན་ཁོང་གིས་ད་དུང་སློབ་མའི་རྩོམ་འབྲིའི་ནུས་པར་དོ་སྣང་བླ་ལྷག་བྱེད་པ་རེད། སློབ་མ་རེ་རེའི་རྩོམ་ལ་ཞིབ་གཟིགས་གནང་རྒྱུ་ནི་ཁོང་གི་ལས་ཀ་གལ་ཆེན་ཞིབ་ཏུ་གྱུར་འདུགནམ་ཞར་སློབ་ཁྲིད་ཀྱི་སྔོན་དུ་ཁོང་གིས་ང་ཚོའི་རྩོམ་ཡིག་ལས་བྱ་ཁྱེར་ཡོང་སྟེ། རྩོམ་ལེགས་པོ་འགའ་བདམས་ཏེ་ཁོང་གིས་ཀློག་འདོན་བྱེད་པ་རེད། དེ་མིན་ད་དུང་ཆེས་ཡིད་སེམས་བསྐྱོམས་པར་བྱེད་པ་ཞིག་ཡོད་པ་ནི་ཁོང་གིས་ཀྱང་རྩོམ་མང་པོ་བྲིས་འདུག་ལ། ཁོམ་ལོང་གི་དུས་སུ་ང་ཚོར་ཁོང་གི་རྩོམ་རེ་འདོན་སྲིད། ངས་ད་དུང་ཡང་བརྗེད་ཐབས་མེད་པ་ནི་ཁོང་གི་རྩོམ«ཕག་བཤའ་བ»དང«ཐེ་གེ» «བྱ་མདོའི་གོ་རེ»སོགས་རེད། ཞིབ་ཆ་དང་གསོན་ཉམས་ལྡན་པའི་རྩོམ་དེ་དག་གིས་ངའི་ཡིད་ཀྱི་དང་བ་ཡང་ཅིག་ཅར་དུ་འཕྲོག་མྱོང་། ཁོང་ཉིད་ལྷུག་རྩོམ་འབྲི་བར་ཞེ་དྲག་དགའ་མཁན་ཞིག་ཡིན་པར་མ་ཟད། དངོས་ཡོད་རང་ལུགས་ཀྱི་ལྷུག་རྩོམ་འབྲི་མཁན་ཞིག་ཀྱང་ཡིན། ཁོང་གིས་རྒྱུན་པར་ཁྱོད་ཚོས་ལྷུག་རྩོམ་ཕྲིས། ཇི་བཞིན་བརྗོད་པའི་ལྷུག་རྩོམ་ཕྲིས་ཞེས་ཡང་ཡང་གདམས་མྱོང་། ཁོང་གི་སྣེ་སྟོན་དང་གྱ་ཙེ་གོམ་ཙེ་ཡི་ཀློང་ནས་ང་ཡང་རིམ་གྱིས་རྩོམ་ཡིག་འབྲི་བར་མོས་མཁན་ཞིག་ཏུ་གྱུར། ལོ་ཟློའི་འཁོར་སྐྱོད་དང་དུས་ཚོད་ཀྱི་བཞུར་རྒྱུན་བར་ནས་ང་ཡང་དགེ་རྒན་དང་འདྲིས་པར་གྱུར་ཏེ། ནམ་རྒྱུན་རང་གི་རྩོམ་སོགས་དགེ་རྒན་ལ་བལྟ་ཏུ་བཅུག་སྟེ། དག་བཅོས་གནང་དུ་བཅུག་མྱོང་། ཁོང་གིས་ཀྱང་ང་ལ་མཐོང་ཆེན་བྱས་ཏེ་རྩོམ་ཡིག་རེ་འགའ་ཚགས་པར་སྟེང་བསྐུར་ཟེར། ང་རང་རབ་ཏུ་མྱོས་ཏེ་ནམ་ཞིག་ལ་རང་ཉིད་ཀྱི་རྩོམ་ཡང་ཚགས་པར་ཞིག་གི་སྟེང་ནས་ཀློག་ཐུབ་ན་སྙམ།
        རང་སྦྱོང་སོགས་ཀྱི་སྐབས་སུ། ཁོང་གིས་སྣ་གླུ་ཐན་ཐུན་རེ་ལེན་གྱིན་སློབ་ཁང་དུ་ཡོང་སྟེ་ང་ཚོ་སྲུང་པ་ཡིན། ཁོང་གིས་ནམ་རྒྱུན་དཔེ་དེབ་ལ་བལྟ་སྲིད། ངས་བརྗེད་མེད་པ་ནི་ཁོང་གིས་པོད་རྒན་ཞིག་ཁྱེར་ཡོང་ནས་ལྟ་བཞིན་པ་དེ་རེད། ད་ལྟ་བསམ་ན་དེ་ནི་ཕལ་ཆེར«དུང་དཀར་ཚིག་མཛོད་ཆེན་མོ»རེད། མཚམས་ལན་རེར། ཁོང་གིས་བག་ཕེབས་ངང་ང་ཚོ་ལ་ཁ་བརྡ་བྱེད་པ་རེད། ཁོང་གི་མི་ཚེའི་གཏམ་རྒྱུད་རེ་ཟུང་དང་། མཁས་ཆེན་དམ་པའི་ལོ་རྒྱུས་མདོར་བསྡུས། ཡང་ན་དཔེ་དེབ་གྲགས་ཅན་རེ་ཡང་ངོ་སྤྲོད་གནང་མྱོང་། ཁོང་ཉིད་སློབ་མའི་སྐབས་སུ་མཚན་མོར་ལཱ་སྒྲོན་གྱི་འོག་ཏུ་དཔེ་ཆར་བལྟས་ཏེ། མེ་སྐྱོན་བཟོས་པའི་དོན་དེར་དེ་དུས་དགོད་བྲོ་ལ་ད་ལྟ་བསམ་དགོས་པ་ཞིག་རེད། དེ་དུས་ངས་ཆེས་ཐོག་མར་དགེ་རྒན་གྱི་ངག་ནས«ནགས་ཚང་ཞི་ལུའི་སྐྱིད་སྡུག»ཅེས་པའི་དེབ་དེ་ཐོས་པ་ཡིན། ཁོང་གིས་དེའི་ཁྲོད་ཀྱི་གཏམ་རྒྱུད་རེ་གཉིས་བཤད་པས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོགས་སོང་། དེ་ལྟར་ངས་ཀྱང་དགེ་རྒན་ཁོང་ལ་སློབ་སྦྱོང་དང་ལད་མོ་བྱས་ཏེ་དཔེ་དེབ་ལ་དོ་སྣང་དང་ཀློག་རྒྱུ་བྱུང་བ་རེད། ད་དུང་རྩོམ་འབྲིའི་ཕྱོགས་ལ་ཡང་ཤུགས་བསྣན་པ་ཡིན།
        དགེ་རྒན་ཁོང་ལ་སློབ་གསོའི་དེབ་ཕྲེང་ཡང་མང་པོ་ཡོད་རེད། ཆེས་དགའ་བསུ་ཐོབ་ཀྱིན་པ་ནི«སློབ་ཆུང་བོད་སྐད་ཡིག་གི་བསྐྱར་སྦྱང་ཀུན་འདུས»ཞེས་པ་དེ་རེད། དེབ་དེའི་དཔར་གྲངས་ཀྱང་འབོར་ཆེན་འདུག་ལ། དཔེ་གཞི་ཡང་གསར་བ་བསྐྱར་བསྒྲིགས་བྱས་འདུག དེབ་དེ་སློབ་ཆུང་སློབ་མ་མང་པོའི་སློབ་དེབ་ཀྱི་ལྷན་ཐབས་ལྟ་བུར་གྱུར་ཏེ། སྐོམ་པ་ཆུ་འདོད་ལྟ་བུའི་སློབ་མ་་མང་པོའི་“གྲོགས་པོ་བཟང་ཤོས”སུ་གྱུར་འདུགདེབ་དེ་རང་ལ་ཡང་ཤིན་ཏུ་སྨན་པ་ཞིག་བྱུང་། རྗེས་སུ་ངས་ཀྱང་རྩོམ་ཡིག་མང་དུ་བྲིས་ཤིང་། བྲིས་པ་དག་ཉར་ཚགས་བྱས་ཏེ། དག་བཅོས་སོགས་བརྒྱབས་ནས་དམའ་གསུམ་གྱི་སྐབས་སུ་རང་ཉིད་ཀྱི་རྩོམ་བཏུས་དེབ་ཕུད་ཅིག་མི་ཡུལ་དུ་བཀྲམས་ཐུབ་པ་བྱུང་།
        འདི་ལྟར་དགེ་རྒན་ཁོང་ལ་ཕྱིར་དྲན་བྱེད་དུས། ངས་རང་ཉིད་ཀྱི་སློབ་གཉེར་གྱི་བརྒྱུད་རིམ་ལ་ཡང་མནོ་བསམ་བྱེད་དགོས་ཆགས། དགེ་རྒན་ཁོང་གི་སློབ་ཁྲིད་བསླབ་བྱ་ནས་བྱ་སྤྱོད་ཆ་ལུགས་སོགས་ཀྱིས་ཁོ་བོར་བག་ཆགས་ཕྲ་མོ་གང་མང་ཞིག་བསྒོས་ཡོད་པ་ཚོར་ཡོང་། དོ་དགོང་ངས་རང་ཉིད་ཀྱི་དགེ་རྒན་ཁོང་དང་ད་དུང་དགེ་རྒན་མང་པོ་ཞིག་དྲན་ཡོང་། གཞན་ཡང་ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམ་པའི་སྡོང་དུམ་ཕལ་བ་ཡང་། །ཡལ་འདབ་བརླན་པས་ཙན་དན་དྲི་བསུང་ལྟར། །གང་ལ་བསྟེན་པ་དེ་ཡི་རྗེས་སུ་འགྲོ། །ཞེས་པའི་གདམས་པ་དེ་ལ་སེམས་བཞིན། དགེ་རྒན་གྱི་བྱིན་རླབས་ཟེར་བའི་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་དང་། དྲིན་ཤེས། དྲིན་དྲན། དྲིན་གཟོ་བཅས་ཀྱི་མི་ཆོས་བསམ་བློའི་ཡང་སྙིང་ལ་ཡང་ཡིད་ཀྱི་རླུང་བུ་གཡུག་ཅིང་གཡུགས།
གངས་དཀར་པོ་རྩོམ་རིག་སྒྱུ་རྩལ་འཕྲིན་སྟེགས་ལས་བརྒྱུད་འགོད་བྱས།
འབྲེལ་ཡོད་འོས་སྦྱོར།