བོད་ཀྱི་སྐྱེས་མ་རྩོམ་པ་པོ་སྐོར་ཞིག་གི་རྩོམ་ཡིག་ཆེད་སྒྲིག
རྩོམ་པ་པོ།:རང་གྲོལ་སྒྲོལ་མ་སོགས།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-03-08
ཀློག་གྲངས།:

བུད་མེད་ནི་ལྷ་སྒྲུང་ཞིག་མིན།༼ཞར་བཀོད་གཅིག༽
རང་གྲོལ་སྒྲོལ་མ།༼མཚོ་ནུབ།༽
བུད་མེད་ནི་དྭངས་གཙང་གི་ཆུ་མོ་ཞིག
རྦ་རླབས་ལངས་པ་མེད་ལ།
འུར་སྒྲ་སྒྲོག་པའང་མེད།
ལྷོད་ཀྱིས་བཞུར་ཏེ་ཡར་ཀླུང་གཙང་པོར་འདྲེས།
བུད་མེད་ནི་དེ་འདྲའི་མཛེས་པ་ལ་ཨང་།
མཛེས་ཉམས་དེ།
དུང་བ་བརྗོད་པའི་སྙན་ངག་ཅིག་དང་འདྲ་བར།
བཀླགས་ཐེངས་རེ་ལ།
ཁྱེད་ཀྱི་གློ་སྙིང་མཆིན་གསུམ་རྩ་ནས་བྲུས་འགྲོ།
བུད་མེད་ནི་འབག་སྐུ་ཞིག་ཡིན་ཞེས་ཀྱང་ཆོག
ཡར་འགྲོ་མར་ཡོང་གི་འགྲུལ་བཞུད་པའི།
པར་མིག་ན།
ལག་འོག་ན།
སེམས་དཀྱིལ་ན།
འབག་སྐུ་ཡིད་འཕྲོག་ཅན་ཞིག
བུད་མེད་ནི་ཨ་མ་ཞིག
མིང་ཐོས་པ་ཙམ་གྱིས་མཐོ་མཐོ་ན་ཡོད།
ཨ་མ་ནི་བུད་མེད་ཅིག
གེ་སར་བླངས་ཟིན་པའི་མེ་ཏོག་རྙིད་པ་ཞིག
བུད་མེད་ནི་ལྷ་སྒྲུང་ཞིག་མིན།
ལྷ་སྒྲུང་ལྟར་སྒྱུ་འཕྲུལ་གྱིས་ཁྱོགས་པ་ཞིག་ཡིན།
ཞུ་འཕྲིན།
ལོ་དང་ཟླ་བས་འཁྲབ་སྟོན་གྱི་མགོ་ཚུགས་པ་ནས་བཟུང་།
ང་ནི་ཁེར་རྐྱང་གི་ཁོར་ཡུག་ཅིག་ཏུ་ཁུ་སིམ་མེར་ལུས།
ངས་རང་ལ།
ཉི་མ་འཚེམ་དྲུབས་བྱས་ཏེ་ཞྭ་མོ་ཞིག་བཟོས་ཡོད།
ཟླ་བ་ནང་མ་བྱས་ཏེ་གོས་ལྭ་ཞིག་ཚད་ཡོད།
ཁྱེད་ཀྱི་མིང་ཡིག་བཞི་པོ་སྐར་མར་བརྒྱུས་ནས་སྐ་རགས་ཤིག་ཀྱང་འཐག་ཡོད།
ནམ་ཞིག
གནམ་སྔོན་པོ་དཔང་ལ་བཞག་ནས།
ས་དོག་མོར་མནའ་ཁ་སྤྲད་ནས།
ངས་ཉི་ཟླ་སྐར་གསུམ་གྱིས་ཤོམ་ཆེན་ཞིག་རྒྱགས་ངེས།
དེ་དུས།
ཁྱོད་ཁོ་ན་ངའི་ལྟད་མོར་ཕེབས་པས་ཆོག
ཁྱེད་ཀྱི་བརྩེ་དུང་གི་ཕོ་བྲང་དེ་ང་ལ་གཡར་ཆོག་པར་ཞུ།
ཕོ་བྲང་དེར་ཡང་སྐོར་བསྐྱར་སྐོར་ཞིག་རྒྱག་ཆོག་པར་ཞུ།

ང་ཡི་ཨ་མ། ང་ཡི་ལྷ་མོ།
པདྨ་ལྷ་མཛེས།༼ཡུལ་ཤུལ།༽
སྲིད་པ་ཆགས་པའི་དབུ་ཁྱུད་ནས་བཟུང་། ཨ་མ་ནི་ཉི་མ་བཞིན། རྩྭ་ཐང་བཞིན། འཇའ་ཚོན་བཞིན་ཕྲུ་གུའི་སེམས་ཀྱི་ལོངས་སྤྱོད་དུ་གྱུར་ལ། མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་ནམ་མཁའ་དང་ས་གཞིར་གྱུར། ང་ལ་མཚོན་ནའང་། ཨ་མ་ནི་སྙིང་དང་མིག་ཟུང་བཞིན་མེད་དུ་མི་རུང་བའི་དབང་པོ་དང་འཇིག་རྟེན། ཚོར་བ་དང་འོད་སྣང་དུ་གྱུར།
རེད་དེ། ཨ་མ་ནི་ཆུང་དུས་སྣབས་དང་གཅིན་སྐྱག་ལ་མི་འཛེམ་པའི་ལུས་སེམས་གསོ་བའི་སྐྱབས་མགོན་ཞིག ཨ་མ་ནི་ཀ་ཁའི་སློབ་ལ་གཉེར་དུས་ཕྲུ་གུ་ལ་རེ་བ་དང་སྨོན་ལམ་གཙང་མ་གནང་བའི་དགོས་འདོད་སྤུངས་འབྱུང་ཞིག ཨ་མ་ནི་རྒྱང་རིང་གི་ཡུལ་དུ་ཡོད་པའི་ཕྲུ་གུ་ལ་རྡེའུ་དཀར་ནག་གི་དབྱེ་བ་ཕྱེ་ལུགས་སྟོན་པའི་མཛངས་མ་ཐོག་མ་དང་། སྙིང་ཕུར་རྡེབ་མཁན་ཐོག་མ་དེ་ཡིན། ནར་སོན་རྗེས་ཨ་མ་ནི་ང་ཡི་ཕྲུ་གུ་ཞེས་ལོ་ལེགས་ཀྱི་འབྲས་བུ་བསྣམས་ཏེ་ལ་རྒྱ་དང་སྤོབས་པ་བསྐྱེད་པའི་མི་ཡུལ་གྱི་བདག་མོ་ཞིག
ད་ལྟ། མ་གནས་འགྲོ་ཡིན་ན་གནས་ཡུལ་འགྲིམས། བན་སེར་མོ་ཡིན་ན་ཆོས་གྲྭ་བསྙེགས། རྒྱབ་དཔེ་ཁུག་ཁུར་མཁན་སློབ་གླིང་འགྲིམས། སྐྱེས་ཕོ་ཞིག་ཡིན་ན་ཁྱིམ་ཐབ་བཟུང་ལ་རན་པའི་ལོ་ངོ་ཉི་ཤུ་རྩ་གྲངས་ལ་བུད་པའི་ཕྱིར་དྲན་གྱི་ངོགས་སུ། ཨ་མའི་བཀའ་དྲིན་ནི་ཆུང་ཆུང་རྫིང་བུ་བཞིན་མ་ཡིན་པར་ཀུན་གསལ་ཀྱི་ཕ་མཐའ་དང་བྲལ་བའི་རྒྱ་མཚོ་དང་གཉིས་སུ་མ་མཆིས།
ང་ཡི་ཨ་མ་ནི་མཐོ་སྒང་གི་ཨ་མ་གཞན་དང་འདྲ་བར། བཞོ་ལོང་བཏགས་ནས་བཞོ་ཟེའུ་བསྐྱོར་ཏེ་འབྲི་དང་མཛོ་མོའི་ནུ་མགོར་འཇུ་དགོས་ལ། སླེ་བོ་ཁུར་ནས་སྒོ་ཕྱུགས་ཀྱི་ལྕི་བ་འཐུ་དགོས། རྒྱ་ཚེབ་བཟུང་ནས་རྩྭ་འདེད་པ་དང་བོད་ཁེམ་བཟུང་ནས་འབྲུ་ཕྱར་དགོས་པ་མ་ཟད། ཕྲུ་གུའི་སློབ་སྦྱོང་གི་ཆེད་དུ་ནམ་སྔ་ལངས་དང་དགོང་ཉལ་འཕྱི་བྱེད་དགོས་ཤིང་། སྤོ་བོ་དང་རྨོ་བོ། ཨ་ཕ་དང་ཨ་ནེའི་སྐྱིད་སྡུག་གི་ངོ་ཟིན་དགོས། དེ་ལྟར་ནའང་། ཨ་མ་ལ་སུན་སྣང་མེད། འཁང་ར་མེད། གནག་སེམས་མེད། མིག་ཆུ་ནི་དེ་བས་མེད།
ནམ་རྒྱུན། ཨ་མས་ང་ལ་བུད་མེད་ནི་གཡའ་དག་པའི་ནམ་མཁའ་དང་ས་དོག་མོའི་ཁ་ཞེང་ཡིན་ཟེར། དུས་དེ་ཤེད་ནས་བཟུང་། ངས་བུད་མེད་ནི་ཨ་མ་ལྟ་བུར་ཡིན་དགོས་པར་སྙམ་སྟེ། བྱམས་དང་སྙིང་རྗེ་ལྡན་ཞིང་། ལས་དང་རྒྱུ་འབྲས་སྲུང་བ། ཕྲག་དོག་དང་ང་རྒྱལ་མེད་ཅིང་གཡོ་སྒྱུ་དང་ཕྲ་མ་མེད་པ་སོགས་ཀྱི་ཁྱད་ཆོས་ལྡན་དགོས་པར་སྙམ། ང་ཡི་ཨ་མ། ང་ཡི་ལྷ་མོ། ཁྱེད་ནི་ང་ཡི་བསམ་བློ་དང་དེའི་གཟི་འོད་ཡིན་ལ། ངའི་མི་ཚེའི་མིག་དཔེ་ཉག་ཅིག་ཡིན།
ཨ་མ། ངའི་སྤང་ལྗོངས་ཀྱི་སྟེང་རོལ་ན་དྭངས་གཙང་གི་ཆུ་མགོ་ལྟ་བུའི་ཨ་མ་ཁྱེད་ཡོད་ན། ང་ལ་མེ་ཏོག་གི་ཕྲ་རྒྱན་དང་གཡང་དཀར་གྱི་འབའ་སྒྲ་མེད་ཀྱང་ཆོག ངའི་མི་ཚེ་ཡི་མཁའ་དབྱིངས་ན་ཟླ་བ་ལྟ་བུའི་ཨ་མ་ཁྱེད་ཡོད་ན། ང་ལ་སྐར་མ་སྨིན་དྲུག་ལྟ་བུའི་སྐར་ཚོགས་ཀྱི་ཕྲ་རྒྱན་ཡང་མེད་ཀྱང་ཆོག ང་ཡི་ཨ་མ། ང་ཡི་ལྷ་མོ། ཁྱེད་ནི་མི་ཡུལ་དུ་གནང་བའི་ལེགས་སྐྱེས་ཐོག་མ་ཞིག བུད་མེད་ཀྱི་ཁམས་ན་མཛེས་པའི་གངས་རྒྱན་མེ་ཏོག་དེ་ཉིད་ལགས།

འབྲོག་མོ་དེ།
ལན་བུ་ཅན།༼ཡུལ་ཤུལ།༽
ཁྱེད་རང་གློ་བུར་དུ་ཚེ་ལས་འདས་པ་ཐོས་དུས།
ཅི་འདྲའི་ཡིད་ཆེས་དཀའ་བ་ཞིག་རེད་ཨང།
ཁྱེད་ཀྱིས་མི་ཡུལ་འདིར་ཆགས་སྡང་ཙམ་ལས་ཅི་ཡང་མ་བཞག་པར།
འཇམ་ཐིང་ངེར་བུད་འགྲོ་དུས་ཕངས་སེམས་ལས་ཅི།
ང་ཡི་བྱིས་དུས་ཀྱི་ཡོལ་རས་ངོས་སུ།
ཁྱེད་དང་འབྲེལ་བའི་གཏམ་རྒྱུད་ཀྱི་རི་མོས་ཁེངས་ཡོད།
ཁྱེད་ཀྱི་མི་ཚེ་གླེང་དུས།
བུད་མེད་ཅིག་གི་ལས་དབང་དྲན་ཡོང།
ཡུལ་མི་ཚོའི་ལྟ་སྤྱོད་མཐོང་ཡོང།
ཁྱེད་རང་གསོན་དུས།
ཁྱེད་ནི་མེད་པོ་ཞིག་སྟེ།
ཁྱིམ་བདག་མ་ཞིག་ལ་དགོས་པ་ཚང་མ་མེད།
ཁྱེད་ལ་སེམས་ཀྱི་ཆ་ཡའི་ཁྱོ་ག་མེད།
མིག་གིས་འཚོ་སའི་བུ་ཕྲུག་མེད།
ཡིད་སྨོན་འཆོར་བའི་ལང་ཚོ་མེད།
རྫི་གླུ་ལེན་དུས་ཉན་རོགས་མེད།
ཁྱེད་རང་གསོན་དུས།
ཁྱེད་ནི་ཡོད་པོ་ཞིག་སྟེ།
དབྱར་མཚེར་ནས་མཆེད་པའི་རྔུལ་ཆུ་ཡོད།
དགུན་མཚེར་ནས་བཟོད་པའི་གྲང་ངར་ཡོད།
སྟོན་མཚེར་ནས་བརྒལ་བའི་ན་ཚོད་ཡོད།
དཔྱིད་མཚེར་ནས་ཐོབ་པའི་རེ་སྨོན་ཡོད།
ཁྱེད་རང་གསོན་དུས།
ཁྱེད་ནི་ཟབ་མོ་ཞིག་སྟེ།
ཁྱེད་ཀྱི་སེམས་ཁམས་ནོར་གྱིས་རྟོགས་མ་མྱོང།
ཁྱེད་ཀྱི་བདེ་སྡུག་མཚེར་སས་ཤེས་མ་ནུས།
ཁྱེད་ཀྱི་རུས་མིང་རྩི་ཤིང་གིས་འབོད་མ་ཐུབ།
ཁྱེད་ཀྱི་བརྩོན་འགྲུས་སྒོ་ཁྱིས་མཐོང་མ་ཐུབ།
ཁྱེད་ཀྱི་རེ་བཅོལ་ལ་བྲག་ཅས་ལན་མ་བཏབ།
ཁྱེད་རང་གསོན་དུས།
ཁྱེད་ནི་ཁེར་རྐྱང་གི་ལོངས་སྤྱོད་ལྡན་མཁན་ཞིག་སྟེ།
ཁྱེད་ཀྱི་འགྲོ་རོགས་གྲིབ་མ་ནག་རིས་ཡིན།
ཁྱེད་ཀྱི་ལོངས་སྤྱོད་རྩི་ཤིང་མེ་ཏོག་ཡིན།
ཁྱེད་ཀྱི་སྙན་དབྱངས་གཙང་པོའི་རླབས་སྒྲ་ཡིན།
ཁྱེད་ཀྱི་གར་སྟེགས་གངས་རི་རྩྭ་ཐང་ཡིན།
ཁྱེད་ཀྱི་ཟུངས་ཁྲག་འབྲི་མོའི་འོ་མ་ཡིན།
ཁྱེད་རང་མི་ཡུལ་འདིར་གྱེས་ཕྱག་འཚལ་དུས།
སྒོ་ཕྱུགས་དག་བདག་མེད་དུ་འགྱུར་ངེས་ཤིང།
ཁྱེད་རང་མི་ཡུལ་འདིར་གྱེས་ཕྱག་འཚལ་དུས།
རྩྭ་ཐང་དང་མཚེར་ས་ཁེར་རྐྱང་གི་སྣང་བས་ཁེངས།
ཁྱེད་རང་མི་ཡུལ་འདིར་གྱེས་ཕྱག་འཚལ་དུས།
འདོ་རིག་རྟ་ཕོའི་འཚེར་སྒྲ་དང་།
གནག་ཆུང་ནོར་གྱི་ངུར་སྒྲ།
གཡང་དཀར་ལུག་གི་འབའ་སྒྲ།
ཁྱིམ་སྒོ་སྲུང་བའི་སྒོ་ཁྱིའི་ཟུག་སྐད་དག་ཀྱང་ཆད་འགྲོ་ཨང།

གདམ་ཀ
སྙིང་མོ་སྐྱིད།༼ལྷ་ས།༽
གཅིག
གཉིས།
ལོ་ཟླའི་དེབ་ཐེར་མཐུག་ནས་མཐུག་ཏུ་འགྲོ་བ་དང་བསྟུན་ནས། འཚོ་བའི་ཁྲོད་ཀྱི་དཀའ་སྡུག་ནི་བདེ་སྐྱིད་ལས་མང་ལ། མི་ཚེའི་འགྲུལ་བཞུད་ཁྲོད་ཀྱི་བར་ཆད་ནི་བདེ་སྐྱིད་ལས་མང་ཕྱིར། དུས་དཔག་བབ་བསྟུན་དང་དགེ་སྤེལ་སྐྱོན་སྤོང་བྱས་ནས་གདམ་ཀ་བྱེད་རྒྱུ་ཧ་ཅང་གལ་ཆེ་སྟེ། རང་ཉིད་མི་ག་འདྲ་ཞིག་ཆགས་མིན་དེ་འཇོན་ཐང་དང་འབྲེལ་བ་མེད་པར་གདམ་ཀར་རག་ལས་ཡོད། དེ་བས་ཁྱོད་རང་གདམ་ཀའི་ལམ་སུམ་མདོ་ཁ་དེར་འགྲེང་དུས། གྲགས་སྐམ་འུད་ལ་ཡིད་རྟོན་མི་འཆའ་བར་རང་གིས་བླང་དོར་བྱས་ནས་གདམ་ཀ་བྱེད་དགོས་ལ། ཆོས་ཉིད་གཤིས་ལུགས་ལ་ཕྲ་ཞིབ་ཚངས་ཐིག་འདེབས་བཞིན་གདམ་ཀ་བྱེད་དགོས། འདས་དོན་ལ་ཕྱིར་དྲན་བྱས་ནས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་བཞིན་གདམ་ཀ་བྱེད་དགོས་ལ། བླངས་བའི་གྲུབ་འབྲས་དང་ཐོབ་པའི་ཉམས་མྱོང་བཅས་ལ་ནན་ཏན་གྱིས་ཕྱིར་འདང་རྒྱག་བཞིན་གདམ་ཀ་བྱེད་དགོས། རང་ཉིད་ཀྱི་གོ་ས་དང་ད་ལྟའི་གནས་བབ་ལ་དཔྱད་བཞིན་གདམ་ཀ་བྱེད་དགོས་ལ། ཐོབ་ཤོར་དང་མཐའ་འབྲས་ལ་བསམ་བློ་ཡང་ཡང་གཏོང་བཞིན་གདམ་ཀ་བྱེད་དགོས། སྔོན་བྱོན་མཁས་པའི་གསུང་ལ་རིགས་པ་ཞིབ་མོས་ཚུལ་བཞིན་དུ་དཔྱད་བཞིན་གདམ་ཀ་བྱེད་དགོས་ལ། དཔྱད་གསུམ་རྣམ་པར་དག་པས་བདེན་བརྫུན་གསང་མཐིལ་འབྱེད་བཞིན་གདམ་ཀ་བྱེད་དགོས། ཐབས་ཤེས་ཏིང་འཛིན་སྣོལ་མར་སྒྲིམ་བཞིན་གདམ་ཀ་བྱེད་དགོས་ལ། སྤྱང་གྲུང་གི་འོད་མདངས་འགྱེད་པའི་ཤེས་རབ་ཀྱི་སྤྱན་ཟུང་གདངས་ནས་གདམ་ཀ་བྱེད་དགོས་སོ།།
གསུམ།
མི་ཚེ་ནི་ཁྱོད་ཀྱིས་གདམ་ཀ་བྱས་པ་ནས་མགོ་བཙུགས་ཏེ་འཇིག་རྟེན་གསར་པ་ཞིག་གི་སྒོ་གླེགས་ཕྱེས་པ་ཡིན་ལ། གདམ་ཀ་མི་འདྲ་བས་ང་ཚོར་མི་ཚེ་དང་ཁ་ཕྱོགས་མི་འདྲ་བར་ཁྲིད་ཐུབ་པ་ལྟར། ཡང་དག་པའི་གདམ་ཀས་ཁྱོད་ལ་ངལ་བ་ཆུང་ཡང་འབྲས་བུ་ཆེན་པོ་ལོན་ཏུ་འཇུག་ཐུབ་ལ། ནོར་འཆུག་གི་གདམ་ཀས་མ་གཞི་ནས་ཡུན་ཐུང་བའི་ཁྱོད་ཀྱི་མི་ཚེ་འཚབ་བ་འཚུབ་བེ་ཞིག་དང་། ཟང་ང་ཟིང་ངེ་ཞིག་ཏུ་བཏང་འགྲོ་བས། ཡང་དག་པའི་གདམ་ཀ་ནི་ཁྱོད་ཀྱིས་མི་ཡུལ་འདི་ལ་འགྲན་རྩོད་བྱས་པ་ལས་རྙེད་པའི་རང་དབང་དང་། འཁོར་བ་འདི་ལ་ཨུ་ཚུགས་བྱས་པ་ལས་ཐོབ་པའི་བདེ་སྐྱིད་ཅིག་ཅི་ལ་མིན། དེར་བརྟེན། སློབ་བུ་རྣམས་ལ་བུ་ཕྲུག་བཞིན་དུ་བྱམས་སེམས་ཆེ་ཞིང་རྟག་ཏུ་ཡར་རྒྱས་ཀྱི་ལམ་ཁར་སྐུལ་མ་མཛད་པ་ནི་དགེ་རྒན་ཞིག་གི་ཡང་དག་པའི་གདམ་ཀ་ཡིན་ལ། ཤེས་བརྩོན་ཟུང་གི་སྤྱན་རས་མཛེས་ཤིང་སློབ་གྲོགས་བར་ལ་མཐུན་སྒྲིལ་ཆེ་བ་ནི་སློབ་མ་ཞིག་གི་ཡང་དག་པའི་གདམ་ཀ་ཡིན། ཕྱི་ཐག་གི་མཛའ་བ་བརྟན་པ་ནི་གྲོགས་པོ་ཞིག་གི་ཡང་དག་པའི་གདམ་ཀ་ཡིན་ལ། དམངས་ཀྱི་བདེ་སྡུག་སེམས་སུ་ཉར་ནས་དྲང་བདེན་ལུགས་སུ་འཛིན་པ་ནི་དཔོན་པོ་ཞིག་གི་ཡང་དག་པའི་གདམ་ཀ་ཡིན། མེས་རྒྱལ་གྱི་གཏན་འདུན་རྣམ་དག་སེམས་སུ་ཉར་བ་ནི་ཆེད་མཁས་པ་ཞིག་གི་ཡང་དག་པའི་གདམ་ཀ་ཡིན་ལ། ཕ་ཡུལ་གྱི་རྣམ་པ་དང་མེས་རྒྱལ་གྱི་མཛེས་ལྗོངས་ལ་ཁ་དོག་གསར་པ་སྣོན་པ་ནི་ཚན་རིག་པ་ཞིག་གི་ཡང་དག་པའི་གདམ་ཀ་ཡིན། གཞན་ཕན་ཁུར་ཆེན་འདེགས་པར་སྐྱོ་ངལ་སྤངས་བ་ནི་སྨན་པ་ཞིག་གི་ཡང་དག་པའི་གདམ་ཀ་ཡིན་ལ། དུས་རབས་ཀྱི་དབྱངས་རྟ་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་ནི་བཟོ་པ་ཞིག་གི་ཡང་དག་པའི་གདམ་ཀ་ཡིན། མེས་རྒྱལ་འཛིན་མའི་ཁྱོན་དུ་ཞི་བདེའི་གླུ་དབྱངས་སྐྱེལ་བ་ནི་དམག་མི་ཞིག་གི་ཡང་དག་པའི་གདམས་ཀ་ཡིན་ལ། རིག་གནས་ཀྱི་ཆུ་གཏེར་ཆེན་པོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བ་ནི་སྒྱུ་རྩལ་པ་ཞིག་གི་ཡང་དག་པའི་གདམ་ཀ་མ་ཡིན་ནམ།
བཞི།
གདམ་ཀར་ཡིད་ཆེས་བྱེད་པ་ནི་རང་ཉིད་ལ་ཡིད་ཆེས་བྱེད་པ་དང་འདྲ་ཞིང་། རང་ཉིད་ལ་ཡིད་ཆེས་མེད་ན་གདམ་ཀར་ཡིད་ཆེས་ཡོད་པ་མིན། གལ་ཏེ་གདམ་ཀར་ཡིད་ཆེས་མེད་ན། དེ་ནི་རང་གི་ཚེ་སྲོག་དང་། རང་གི་མི་ཚེར་ཡིད་ཆེས་མེད་པ་དང་གཅིག་མཚུངས་ཡིན་པས། ཡིད་ཆེས་ཀྱིས་ཁེངས་པའི་གདམ་ཀ་ནི་ང་ཚོས་བདེ་སྐྱིད་དང་ཡར་རྒྱས་བརྩོན་ལེན་བྱེད་པའི་འདེད་ཤུགས་ཡིན་ཞིང་། དེས་ང་ཚོའི་ཚེ་སྲོག་ལ་མཚམས་མི་ཆད་པར་ངར་ཤུགས་བསྐྱེད་ཅིང་། ང་ཚོར་མི་ཚེའི་ལས་དབང་ཁ་ལོ་སྒྱུར་ཐུབ་པའི་སྟོབས་ཤུགས་རླབས་ཆེ་པོ་དེ་སྩོལ་ཐུབ། ཡིན་ཏེ། ཁྱོད་ཀྱིས་ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་བདེ་བ་བསྐྲུན་པར་འདོད་ན་གདམ་ཀར་ཡིད་ཆེས་བྱེད་དགོས་ཤིང་། མཚན་སྙན་གྱི་བ་དན་སྲིད་རྩེ་རུ་བསྒྲེང་བར་འདོད་ན་གདམ་ཀར་ཡིད་ཆེས་བྱེད་དགོས་ལ། ཤེས་རིག་ཡོན་ཏན་ལ་གཞི་བཅོལ་ནས་དཔལ་འབྱོར་ཚོང་གཉེར་ཁྱབ་ཁོངས་རྒྱ་བསྐྱེད་འདོད་ནའང་གདམ་ཀར་ཡིད་ཆེས་བྱེད་དགོས། ད་དུང་རྩོམ་རིག་གསར་པའི་དར་ཆ་སྒྲེང་ནས་རྗེས་ལུས་ཅན་གྱི་མི་རྣམས་གཉིད་གཅོང་ཁམས་ལས་དཀྲོགས་པར་འདོད་ན་གདམ་ཀར་ཡིད་ཆེས་བྱེད་དགོས་ཤིང་། རང་ཉིད་ཀྱི་གཤིས་ལུགས་ལྡན་པའི་གཟུགས་བརྙན་གསར་བཞེངས་བྱེད་འདོད་ན་གདམ་ཀར་ཡིད་ཆེས་བྱེད་དགོས་ལ། འགྱོད་སེམས་དང་བློ་དོགས་མེད་པའི་འཚོ་རྟེན་ཞིག་འཐོབ་འདོད་ནའང་གདམ་ཀར་ཡིད་ཆེས་བྱེད་དགོས་པ་བཞིན། འཇིག་རྟེན་གྱི་སྙིང་བོ་གང་ཞིག་ཚགས་སུ་ཆུད་པར་ཡང་གདམ་ཀར་ཡིད་ཆེས་བྱེད་དགོས་པ་མ་ཟད། ལས་སྐལ་གྱི་རྦབ་རྡོ་འགྲིལ་ནས་འཚོ་བའི་ལམ་དུ་རྨས་ཕོག་མི་འདོད་ནའང་གདམ་ཀར་ཡིད་ཆེས་བྱེད་དགོས་སོ། །
ལྔ།
མི་ཞིག་ཡིན་ན་ཚེ་འདིར་དུས་གཅིག་ལ་ལམ་ཁ་གཉིས་སུ་ཞུགས་ཐབས་བྲལ་བས། ངེས་པར་དུ་ལམ་ཁ་གཅིག་གདམས་ཀ་བྱེད་དགོས་ཕྱིན། གདམ་ཀར་ཡིད་ཆེས་བཅངས་ཏེ། གདམ་ཀའི་ནོར་བ་མ་འཁྱིལ་བར་ཡང་དག་པའི་གདམ་ཀ་ཞིག་བྱས་ནས། བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་ཚེ། ནམ་ཞིག་དེ་ཉིད་ཀྱིས་ཁྱོད་ལ་ལྗིད་ཏིག་ཏིག་གི་འབྲས་བུ་དྲངས་ནས་བསླེབས་ངེས་ཡིན་ལ། མཚམས་མི་ཆད་པར་གདམ་ཀ་བྱེད་པའི་མི་ཚེའི་འགྲུལ་བཞུད་ཁྲོད། མཛེས་པ་གྲངས་མེད་ཁྲོད་ཀྱི་རང་ཉིད་ལ་དབང་བའི་མཛེས་ལྗོངས་གཅིག་པུ་དེའང་རྙེད་ངེས། དུས་ཚོད་ལ་གཤོག་པ་ཐོགས་པའི་ང་ཚོའི་དུས་རབས་འདིར་གོ་སྐབས་མང་ཕྱིར། གདམ་ཀ་མང་པོ་ཞིག་ལ་འཕྲད་སྲིད་པ་ནི་སྨོས་མ་དགོས། འོ་ན་གདམ་ཀ་བྱེད་དུས། བཅོས་མ་མིན་པའི་རང་ཉིད་ཀྱི་ནང་སེམས་ལ་བརྩི་སྲུང་བྱེད་དམ། ཡང་ན་རླུང་དང་བསྟུན་ནས་ཁ་ལོ་བསྒྱུར་བའི་གྲུ་གཟིངས་ལྟར་སྐད་ཅིག་མའི་བདེ་བ་ཁོ་ནར་བསྙེགས་སམ། གཞན་ད་དུང་སྤོབས་པ་གཟེངས་སུ་བཏེགས་ནས་གདམ་ཀར་ཡིད་ཆེས་བྱེད་དམ་ཡང་ན་བག་འཁུམས་ཏེ་སེམས་ཀྱི་ལ་ལུང་ཀུན་ཏུ་བྲེལ་རྟབ་ཀྱི་གྲིབ་སོ་འཁྲིགས་བཞིན་བྲོས་བྱོལ་བྱེད་དམ། གང་ལྟར་འཐོབ་དཀའ་བའི་དལ་འབྱོར་གྱི་མི་ལུས་ལན་གཅིག་བླངས་པར། འགྱོད་སེམས་དང་བློ་དོགས་མེད་པའི་གདམ་ཀ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེའོ།།

འཚོ་སྟངས་ཤིག་གི་གྲིབ་གཟུགས།
སྒྲོལ་མ་ཚེ་རིང་།༼ནུབ་བྱང་།༽
གཤོག་ཟུང་རྒྱང་ལ་བརྐྱངས་ཏེ་ག་ཙམ་འགོར་ཡོད།།
ངང་སྒུག་ལུས་ཀྱིས་གཞོལ་ནས་དེ་ཙམ་འདས་ཡོད།།
དབྱངས་རྟ་གཉོམ་པོ་ཞིག་གི་རྒྱུན་ལ་འཁྲེང་ནས།།
ལོ་ཟླ་ཅི་ཙམ་འདས་པ་ད་དུང་ཚོར་མེད།།
བརྩོན་ལྡན་སྙིང་ལ་བཅངས་དོན་ག་རེ་ཡིན་པ།།
འཕྲིན་པ་ལན་མང་བསྐུར་བའི་དགོས་པ་ཅི་རེད།།
ཟུག་གཟེར་ལུས་ཀྱིས་མྱངས་པའི་འདུ་བྱེད་ལྡོམ་པོ།།
གསང་བའི་ཡུལ་དུ་བསྙལ་བ་སྐྱོ་བའི་རྒྱུ་རེད།།
འུ་གཉིས་ལོ་ཟླ་ཞིག་གི་དབྱར་ཁར་འཕྲད་ཀྱང་།།
ཁྱོད་ཉིད་བདག་དང་བྲལ་སྐབས་འབྲས་བཟང་དུས་རེད།།
ཡིད་འཕྲོག་སྡུ་གུ་མ་ཡི་མཛེས་པས་མ་བསླུས།།
སྟོན་རླུང་འཁྱམ་པོ་ཞིག་གིས་རྒྱང་དུ་དེད་སོང་།།
ང་རང་སྤང་ལ་ཆགས་དུས་དཔྱིད་མགོ་ཞིག་རེད།།
མཚམས་སྤྲིན་བཀྲགས་མདངས་འཚོལ་དུས་དགུན་ཁའི་དཀྱིལ་རེད།།
ལོ་ལ་ཟླ་ལྷག་མཐུད་པའི་ངང་སྒུག་མི་གླེང་།།
འབྲི་དེབ་ཤོག་ལྷེ་བར་གྱི་སྨྱུ་གུའི་གྲངས་ཡིན།།
ཉིན་མཚན་རེས་སུ་འཁོར་ཏེ་ལོ་དགུ་འགོར་སོང་།།
ཁྱོད་ཀྱང་རྒྱང་དུ་གྱེས་ཏེ་འདི་ཙམ་འདས་ཡོད།།
ལས་ཀྱིས་སླར་ཡང་བསྡུས་ཏེ་དགོད་འཛུམ་སྟོན་དུས།།
ལམ་ཁ་གཉིས་སུ་ཡོད་པ་འཁོར་བའི་ཆོས་ཉིད།།
ལོ་ལ་ཟླ་ལྷག་མཐུད་ན་ཉིན་གྲངས་སུམ་སྟོང་།།
དྲན་ལ་རེ་གཞག་བསྣན་ན་ཤོག་ངོས་དགུ་བརྒྱ།།
སྐྱོ་བ་གླུ་ལ་བཀུག་ན་རོལ་དབྱངས་བརྒྱད་ཅུ།།
དུས་ཚིགས་རེས་མོས་ཀྱི་བར་གྱི་གཏམ་རྒྱུད་སྐྱུར་བོ།།
མི་ཚོགས་འཚང་ཁའི་བར་གྱི་ཟུར་མིག་རྣོན་པོ།།
ད་ལྟ་ཡིད་དུ་དྲན་ན་སྙིང་ལ་རྩེན་པ།།
ཕྱིར་མིག་ཕྱིར་ལ་ཕྱོགས་པའི་འདྲེས་མདོ་གང་དེ།།
སྐྱོ་སྣང་ཐན་ཐུན་ཞིག་གི་རྐྱེན་དུ་གྱུར་འདྲ།།

རྒོད་ལ་ཤོར་བའི་ཡིད་སེམས།
ལྷ་མོ་མཚོ།༼ནུབ་བྱང་།༽
འདོད་རྔམ་དང་ཕྲག་དོག་རྒོད་པའི་སེམས་པ་སྙི་མོ་འདི། དུས་འདིར་ཁང་མིག་ཆུང་ཆུང་འདིའི་ནང་དུ་མ་ཆུད་པར་ཕྱི་རོལ་ཏུ་ཤོར། སྒོ་ཁྱིའུ་ཟུག་སྐད་དང་རླངས་འཁོར་གྱི་ཟང་ཟིང་ཁྲོད་ན་བདེ་ལ་འབབ་དཀའ་བའི་ཚོར་བ་ཉིན་འདི་དག་ལ་རྟག་ཏུ་འབྱུང་བཞིན་འདུག གྲོགས་ཚོམས་དང་འཁྱུག་དབྱངས་ཀྱི་བར་སྟོང་ལ་འཁྱམ་ཉུལ་བྱེད་པ་ནི་མཚམས་རེར་དུས་ཚོད་བསྐྱལ་སྟངས་འཇམ་པོ་ཞིག་ཡིན་མོད། མཚམས་རེར་འདོད་རྔམ་གྱི་མེ་ཁ་གསོ་བ་དང་ཕྲག་དོག་གི་མེ་ལྕེ་སྒྲོན་མཁན་ཞིག་ཏུ་གྱུར་ཏེ། ཡུན་རིང་ཞིག་ཏུ་ལྷོད་ལ་འབབ་མ་ཐུབ་པར་གཡས་གཡོན་མདུན་རྒྱབ་ཀྱི་མི་དང་བྱ་དངོས་མཐའ་དག་ལ་ཞིབ་ལྟ་ཡང་ཡང་བྱས་རྗེས། རང་གི་ཕྱི་ནང་གསང་གསུམ་ལ་བསམ་བློ་ཡང་ཡང་གཏོང་བཞིན་དབང་མེད་དུ་ཁོང་ཁྲོ་དང་མི་འདོད་པའི་ཚོར་བ་སྣ་མང་ཞིག་སྐྱེས་ཡོང་།
དུས་འདིར་སྒེའུ་ཁུང་འགྲམ་ན་དཔེ་ཀློག་བྱེད་བཞིན་པའི་བུ་མོ་ཆུང་ཆུང་ཞིག་གིས། དཔེ་དེབ་ཅིག་ལག་ཏུ་བཟུང་ནས་སྐད་གསེང་མཐོན་པོས་མཁས་པ་སློབ་པའི་དུས་ན་སྡུག་ཅེས་ཡང་ཡང་བློར་འཛིན་གྱིན་འདུག མཚམས་རེར་དཔེ་དེབ་སྙིང་ཁར་སྦྱོར་བཞིན་མིག་གཉིས་བཙུམས་ཏེ་མགོ་བོ་གནམ་ལ་གཏད་དེ་བློར་བཟུང་ཡོད་མེད་ལ་བལྟ། མཚམས་རེར་ཁ་གྱང་ལ་གཏད་དེ་དཔེ་ཀློག་བྱེད་བཞིན་ཡོད་ལ། ཡང་མཚམས་རེར་ཡར་འགྲོ་མར་འགྲོ་བྱེད་བཞིན་དཔེ་ཀློག་བྱེད་བཞིན་འདུག དུས་འདིར་ཁ་བ་ལྷབ་ལྷུབ་ཅིག་ཀྱང་འབབ་བཞིན་ཡོད་པས། ཙག་དང་གྲང་རླུང་གི་ཟུག་གཟེར་ཁང་མིག་ཆུང་ཆུང་འདིའི་ནང་དུ་ལུས་པའི་རང་ཉིད་ཀྱིས་ཀྱང་ཚོར་ཐུབ་པ་ཇི་བཞིན་གྲང་འདར་ཞིག་བརྒྱབ་བྱུང་། ཡིན་ནའང་ཁ་བའི་ཁྲོད་དུ་བློར་འཛིན་ལ་སྤྲོ་བའི་བུ་མོ་ཆུང་ཆུང་འདི་སྔར་བཞིན་ཁྱིམ་ལ་ལོག་གྲབས་བྱེད་ཀྱིན་མི་འདུག ཡིན་ཏེ། འཇིག་རྟེན་གྱི་ཁྲ་ཁྲའི་ཚོང་ཟོང་དང་ཁ་པར་དང་དྲ་རྒྱ་མི་ཤེས་པའི་སྔོན་ཆད་སྔོན་ཆད་ཅིག་ལ། རང་ཉིད་ཀྱང་ཉིན་རེར་བཞིན་དཔེ་ཀློག་དང་བློར་འཛིན་ལ་བརྩོན་པའི་རྣམ་དག་གི་བུ་མོ་ཞིག་རེད་ཅེས་དགེ་རྒན་དང་ཕ་མ་ཡོངས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་པ་ཡིད་ལ་ག་ལེར་ཤར་ཡོང་མོད། དུས་འདིར་དངངན་རིང་གི་ཁྲོད་ན་འདས་ཟིན་པའི་ལོ་ཟླ་སྒོམ་པའི་རང་ཉིད་ལ་དགོད་ཁ་འཆོར་འོང་།
ཉིན་གཅིག་གི་ནང་དུ་ལག་ཟུང་འགུལ་ཡུལ་ཆེས་མང་བ་ནི་ཁ་པར་གྱི་མཐེབ་གཞོང་ངོས་ཡིན་ལ། མིག་ཟུང་འདིས་བལྟ་ཐེངས་ཆེས་མང་བའང་ཁ་པར་ཡིན་འགྲོ དེ་དང་མཉམ་དུ་རྒོད་ལ་ཤོར་སླ་བའི་སེམས་པ་འདིའང་ཁོམ་ལོང་མི་འདུག འགྲན་རྩོད་དང་ཕྲག་དོག ང་རྒྱལ་དང་ཁོང་ཁྲོ། སྨྲེང་བ་དང་འཁང་ར། དུས་འདིར་སྙིང་ཉེ་བའི་མི་ལ་ཁ་བརྡ་བྱེད་འདོད་ཀྱི་དང་བ་ཡལ་ཞིང་། ཕ་མའི་སེམས་ཁུར་དང་འཚམས་འདྲི་ལ་དང་དོད་བྱེད་འདོད་ཀྱང་མེད་པར་ཁུ་སིམ་མེར་འདུག་འདོད་སྐྱེས་བྱུང་། མི་ནི་མ་གཞི་ནས་དགེ་ཆོས་ལགས་ཀྱིས་“སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། ། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག། བདེ་བ་འདོད་ཀྱང་གཏི་མུག་པས། ། རང་གི་བདེ་བ་དགྲ་ལྟར་འཇོམས། །"ཅེས་གསུངས་བ་ལྟར་དུ། སྒེར་སེམས་ཀྱིས་བསླུ་བའི་ནང་སེམས་འདིར"ང"ཞེས་པའི་ཐ་སྙད་བཙན་པོ་ཞིག་གིས་བཟུང་ཡོད་ལ། འཇིག་རྟེན་གྱི་ཉེས་དམིགས་དང་ལེགས་ཉེས་བླང་དོར་གྱི་གནད་དེ་རྙེད་ནའང་དེ་དག་འདོར་མ་ཐུབ་པར་ལམ་གྱི་བཞི་མདོ་ལྟ་བུ་ཞིག་ཏུ་ལུས་དུས། ང་ནི་འདི་ལྟར་ནང་སེམས་ཀྱི་བདག་པོ་མ་ཐུབ་པར་ཧད་དེ་ལུས་དགོས་བྱུང་།
སེམས་པ་སྙི་མོ་འདིར་བདག་པོ་མ་ཐུབ་པའི་དུས་མཚམས་རེ་རེར། རང་ཁ་གསེར་གྱི་སྒོ་མོ་འདིར་བདག་པོ་མ་ཐུབ་པར། ཚིག་རྩུབ་དང་ངན་བཤད་ཀྱི་རྒྱ་མཚོ་འཇིངས་སུ་ཞུགས་ཏེ། མཐའ་དང་གཏིང་མ་དཔག་པར་རང་གཞན་གཉིས་སུ་གནོད་པའི་དུག་ཆར་བབས་པ་ག་ཚོད་ཡིན། ཡིན་ནའང་ཕྱིར་མིག་གི་ལམ་ཁ་རེ་རེ་དང་ཕྱི་དོར་གྱི་ལམ་བུ་རེ་རེ་བརྒྱུད་དུས། རང་སེམས་ན་འགྱོད་གདུང་གི་ན་ཟུག་ཅི་འདྲ་བསྐྱེད་བཞིན་པ་རང་ཉིད་ལས་སུ་ཞིག་གིས་དཔག་ནུས། དེ་བས་ཉིན་གཅིག་གི་དུས་ཚོད་ཡལ་ཏེ་དགོང་ཁའི་མཚམས་སྤྲིན་གྱི་རི་མོ་མིག་གི་དགའ་སྟོན་ལ་ཤར་དུས་དང་། མུན་པ་སྲབ་མོ་ཞིག་ག་ལེར་མིག་མདུན་གཡོགས་དུས། རྒོད་ལ་ཤོར་བའི་སེམས་པ་འདིའང་ག་ལེར་ཁང་མིག་ཆུང་ཆུང་འདིའི་ནང་དུ་ཕྱིར་ལོག་སྟེ། ཉིན་གཅིག་གི་ལུས་ངག་ཡིད་གསུམ་ལ་ཕྱི་དོར་བྱེད་བཞིན། རང་སེམས་ལ་སྤར་འབྲད་ཡང་ཡང་བརྒྱག་འདོད་སྐྱེས་བྱུང་།
འབྲེལ་ཡོད་འོས་སྦྱོར།