logo

༄༅། །དུང་སེམས་རླབས་ཀྱི་ཟེགས་མ། འཇུ་སྐལ་བཟང་།

རྩོམ་པ་པོ།:འཇུ་སྐལ་བཟང་། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-03-09 ཀློག་གྲངས།:
༄༅། །དུང་སེམས་རླབས་ཀྱི་ཟེགས་མ།
འཇུ་སྐལ་བཟང་།

དང་པོའི་ན་ཆུང་གི་བརྩེ་དུང་། །
དྭངས་བསིལ་ཆུ་ངོགས་ཀྱི་ཟླ་བ། །
ལག་པས་འཛིན་རྒྱུ་ཞིག་མེད་ཀྱང་། །
སེམས་པས་འགོག་ཐབས་རང་མི་འདུག །

མཆུ་སྒྲོས་པད་འདབ་ཀྱི་ཟིལ་བ། །
ང་ལ་གནང་འདོད་ཅིག་མིན་ན། །
ཟུར་མིག་གེ་སར་གྱི་མདའ་མོས། །
སྙིང་ལ་གཙག་པ་རང་མ་གནང་། །

མེ་ཏོག་ཆུང་ཆུང་གི་སྒྲོམ་བུར། །
གཡུ་སྦྲང་འཁོར་འཁོར་རང་མ་གནང་། །
གེ་སར་སྦྲང་ཆུང་དུ་སྨིན་ཚེ། །
དུང་སེམས་འདབ་གཤོག་དེ་སྒྱུར་ཤོག །

སོ་འཛུམ་གེ་སར་གྱི་ཕྲེང་བ། །
ང་ལ་ངོམ་པ་རང་མ་གནང་། །
ཟུར་མིག་གཡུ་སྦྲང་གི་གཤོག་རྩེ། །
དབང་མེད་དེ་ཕྱོགས་ལ་འཁོར་འགྲོ། །

འོ་མའི་རྒྱ་མཚོ་ཞིག་བསྐྱིལ་ཡོད། །
མཚོ་མཐའ་མེ་ཏོག་གིས་བརྒྱན་ཡོད། །
ངང་ཆུང་འབབ་པ་རང་མ་གནང་། །
བབས་ནས་འཕུར་བློ་དེ་མི་འཁྲུངས། །

སྨིན་མའི་གཞུ་རྒྱུད་ལས་བསྐུལ་བའི། །
མིག་འཛུམ་མེ་ཏོག་གི་མདའ་མོ། །
གཞོན་པའི་སྙིང་ཁ་ལ་ཐེབས་ཚེ། །
དྲན་ཤེས་རང་དབང་ན་མི་འདུག །

ངས་ནི་ཕེབས་ཤོག་རང་མ་སྨྲས། །
ཁོས་ཀྱང་བཀའ་ཞུ་ཡང་མེད་མོད། །
ཇོ་ཇོ་གསང་སྟབས་ཀྱིས་ཕེབས་ཏེ། །
སྙིང་གི་ཁང་ཆུང་དུ་འཛུལ་བྱུང་། །

དགའ་བའི་ཟུར་མིག་དེ་འཕྲད་པས། །
སེམས་པའི་ཕྱེད་ཀ་དེ་བཀུག་སོང་། །
དུང་བའི་སེམས་པ་དེ་འཕྲད་པས། །
ལུས་སེམས་གཉིས་མེད་དུ་ཤོར་སོང་། །

སྙིང་དབུས་སྒྲོམ་ཆུང་གི་སྦུབས་སུ། །
ན་ཆུང་གསང་བ་ཞིག་སྦས་ཡོད། །
ཚིག་གསུམ་མེ་ཏོག་གི་ལྡེ་མིག །
ཁྱེད་རང་གཅིག་པུ་ལ་གཏད་ཡོད། །

ཚར་དཀར་གོང་བ་ཡི་ཁ་ནས། །
མིག་ཞགས་ལྷོད་ལྷོད་ཅིག་འཕངས་པས། །
དགའ་སྐྱོ་བརྩེ་དུང་གི་གཏན་ཚིག །
གཞོན་པའི་ལས་དབང་ལ་བྲིས་སོང་། །

ཨ་ཇོ་རྔོན་པ་ཡི་བུ་ཆུང་། །
ཁྱོད་ལ་སྙིང་རྗེ་དེ་མེད་ན། །
དབང་མེད་ལས་དེད་ཀྱི་ཤེའུ་ཆུང་། །
ང་ནི་བཤོལ་ཐབས་ཤིག་མི་འདུག །

དགའ་ཡང་རྣམ་གཡེང་དུ་མ་ཤོར། །
སྡུག་ཀྱང་མིག་ཆུ་རུ་མ་བཞུར། །
དྲན་ཤེས་གཤོག་དྲུག་གི་ཉ་མོ། །
དཀྱུས་རིང་ལྕགས་ཀྱུ་དེས་དྲངས་སོང་། །

ལམ་མདོའི་རྐུན་པོ་དང་འཕྲད་ཀྱང་། །
རིན་ཆེན་རྒྱན་ཆ་དེ་མ་ཤོར། །
སྙིང་གི་རྐུན་པོ་ཁྱོད་མཐོང་བས། །
ལུས་སེམས་ཕྱེད་ཀ་དེ་བརྐུས་སོང་། །

སེམས་པ་རྗེས་སོང་གི་མི་དང་། །
གཏན་དུ་མཛའ་རྒྱུ་ཞིག་བྱུང་ན། །
ཡ་གའི་ཞིང་ཁམས་ལ་མི་སྨོན། །
མ་གའི་དམྱལ་བར་ཡང་མི་སྐྲག །

ཆུ་དང་འོ་མ་གཉིས་བསྲེས་པས། །
འོ་ཆུ་གཉིས་ཀ་རུ་གྱུར་སོང་། །
སེམས་དང་སེམས་པ་གཉིས་བསྲེས་པས། །
སེམས་པ་གཅིག་པུ་ལས་མི་འདུག །

ཁ་ལ་སྦྲང་རྩི་དེ་ཞིམ་པོ། །
སྣ་ལ་བཟང་སྤོས་དེ་ཞིམ་པོ། །
བཅོ་ལྔའི་ན་ཆུང་གི་སྙིང་ལ། །
དགའ་བའི་རོ་མངར་དེ་ཞིམ་པོ། །

གདུང་བའི་ཟུག་བག་དང་འགྲོགས་པ། །
ན་ཆུང་རྗེས་ཆགས་ཀྱི་བདེ་བ། །
ཅུང་ཟད་སྐྱུར་ཁ་དང་ལྡན་པ། །
བོད་པའི་ནས་ཆང་གི་རོ་མངར། །

རོ་མངར་འབྲས་བཟང་ཞིག་མེད་ན། །
མེ་ཏོག་ཟེའུ་འབྲུ་དེ་འཐོར་འགྲོ། །
ཁྲེལ་གཞུང་ཕྱི་ཐག་ཅིག་མེད་ན། །
ཞག་གསུམ་འཛུམ་ཞལ་དེ་འགྱུར་འགྲོ། །

ཕར་དགའ་ཚུར་འཐད་ཅིག་མིན་ན། །
བཙན་པོའི་གཉེན་ཐག་དེས་མི་ཆོངས། །
ཁ་ཡ་ན་ཟླ་ཞིག་མིན་ན། །
ཆེ་སྐེར་ཆུང་འདོག་དེ་མི་མཛེས། །

ན་ཆུང་དགའ་ཕྱོགས་ཀྱི་སེམས་པ། །
གནམ་མཐའི་སྤྲིན་གསེབ་ཀྱི་ཟླ་བ། །
སྤྲིན་པ་གཅིག་གསེང་ནས་ཐོན་ཏེ། །
སླར་ཡང་གཅིག་གསེང་ལ་འཛུལ་འགྲོ། །

རྒྱ་ལྕང་གྱེན་ཕྱོགས་སུ་སྐྱེས་ཀྱང་། །
འདབ་ལོ་ཐུར་ཕྱོགས་ལ་འཕྱངས་སོང་། །
ཞལ་རས་ཚུར་ཕྱོགས་སུ་འཁོར་ཡང་། །
སེམས་པ་ཕར་ཕྱོགས་ལ་ཤོར་སོང་། །

སྡེ་ཆེན་མི་ཁ་ཡི་གླེང་ཕྱོགས། །
སྟོན་ཁའི་དྲི་བཞོན་དང་འདྲ་བ། །
ན་ཆུང་བློ་རྩེ་ཡི་འགྱུ་ཕྱོགས། །
ལ་ཁའི་དར་ལྕོག་དང་འདྲ་བ། །

བླང་དོར་འོ་ཆུ་དེ་འབྱེད་ལ། །
ངང་བའི་ན་ཆུང་ཁོ་མཁས་ཀྱང་། །
བཅོས་འཛུམ་ཆུ་ནང་གི་ཟླ་གཟུགས། །
དུང་སེམས་པད་རྩ་རུ་འཁྲུལ་སོང་། །

སེམས་པ་འཇའ་ཚོན་གྱི་རི་མོ། །
ཚུར་ལ་འོང་ཐབས་དེ་དཀའ་ཡང་། །
མོས་འདུན་སྨུག་རླངས་ཀྱི་ན་བུན། །
ཕར་ལ་ཟློག་ཐབས་ཤིག་མི་འདུག །

སྐུ་ལུས་ཆུ་ཀླུང་གི་འབབ་རྒྱུན། །
ཟམ་མིག་གཅིག་འོག་ཏུ་ཚུད་ཀྱང་། །
སེམས་པ་ཆུ་འགོ་དང་ཆུ་རྔ། །
གཅིག་ཏུ་འཕྲད་ཐབས་ཤིག་མི་འདུག །

སེམས་དང་སེམས་པ་ཡི་མཐུན་ཕྱོགས། །
གཅིག་ཏུ་འདྲེས་པ་རང་མེད་ན། །
གོས་དང་གོང་བ་ཡི་འདབ་མ། །
འདྲེས་དང་མ་འདྲེས་རང་མི་འདུག །

མི་ཁ་སྨྱུག་རྒོད་ཀྱི་མདའ་མོ། །
ཕོ་རོག་ཤ་ཁྱེར་ལ་འབབ་ཀྱང་། །
ཕྲག་དོག་མདེའུ་ཡི་ཟེགས་མ། །
རྨ་བྱའི་སྒྲོ་ཐིག་ལ་བབ་བྱུང་། །

ཕོ་རོག་ཤ་ཁྱེར་གྱིས་ཉེས་སོང་། །
སྤྲེའུ་བྱ་ལག་གིས་ཕུང་སོང་། །
ང་དང་རྨ་བྱ་ཡི་བུ་མོ། །
མ་བཅོས་མཛེས་སྡུག་གིས་ལན་བྱུང་། །

ཡིད་སྨོན་ཁུ་བྱུག་གི་བུ་མོ། །
མི་ཡི་སྡོང་མགོ་རུ་བབ་ཚེ། །
ཁ་ནས་འཛུམ་འཛུམ་ཞིག་བཅོས་ཀྱང་། །
ཁོག་ལ་དགའ་དགའ་རང་དཀའ་འདུག །

ན་ཆུང་མཛའ་མཐུན་གྱི་ཕྱི་ཐག །
ནོར་བུ་ཐང་རྙེད་ཀྱི་རྨི་ལམ། །
ལན་གཅིག་ཆད་པ་ཡི་འཕྲོ་ལ། །
སླར་ཡང་མཐུད་ཐབས་དེ་དཀའ་མོ། །

སྡོང་ལོ་སྡོང་མགོ་རུ་མ་བསྡད། །
སྡོང་ལོ་ཆུ་ཕྲན་དུ་བབས་སོང་། །
ཆུ་ཕྲན་རླབས་རྗེས་དེ་ཟིན་ན། །
རླབས་རྗེས་དེད་པ་ལ་ཅི་སྐྱོན། །

གཞོན་པའི་དུང་སེམས་ཀྱི་ལས་ལ། །
ཆགས་སྡང་དེ་ཙམ་ཞིག་མི་དགོས། །
མཛའ་མཛའ་དུང་དུང་གིས་འགྲོགས་ཏེ། །
དགའ་དགའ་འཛུམ་འཛུམ་གྱིས་གྱེས་འགྲོ། །

སྙིང་གི་ཤིང་ལོ་ཡི་ངོས་ན། །
དགའ་བའི་ཡིག་འབྲུ་ཞིག་བྲིས་ཡོད། །
ཤིང་ལོ་རླུང་བུ་ལ་སྐུར་ཉིན། །
ང་ཡི་ཡི་གེ་དེ་གསུབས་རོགས། །

རྔོག་མའི་སྤྲིན་ཕུང་གི་འདབས་སུ། །
ཚེ་ལྷའི་སྲུང་མདུད་ཅིག་ཐོགས་དང་། །
རྟ་ཕོ་གཞན་དབང་དུ་གྱུར་ཡང་། །
སྲུང་མདུད་སྒ་འོག་ཏུ་མི་གཏོང་། །

འཇིག་རྟེན་འདུ་འབྲལ་གྱི་ཞིང་ན། །
གཏན་དུ་འཛོམས་པ་དེ་དཀའ་མོ། །
སྙིང་ནས་ལན་གཅིག་ལ་འགྲོགས་དང་། །
བྲལ་ཡང་འགྱོད་སེམས་དེ་མི་འདུག །

ཚིག་གསུམ་སྐད་ཆ་ཞིག་ཡོད་ཀྱང་། །
མགྲིན་པ་མཆི་མ་ཡིས་བརྣངས་སོང་། །
གོམ་གསུམ་སྐྱེལ་མ་དེ་བྱེད་ལ། །
མ་ཕེབས་གསུང་བ་རང་མི་གནང་། །

ལོ་སྒུག་ཟླ་སྒུག་དེ་མ་གསུངས། །
དབུ་མནའ་བཞེས་པ་ཡང་མི་དགོས། །
བུ་ཕོ་ས་མཐའ་རུ་འགྲོ་ལ། །
གོམ་གསུམ་སྐྱེལ་མ་ཞིག་གནང་རོགས། །

མྱ་ངན་གདུང་ཡུས་ཀྱི་མིག་ཆུ། །
འགྲོ་ཁའི་སྙིང་སྡུག་ལ་མ་སྟོན། །
དྲན་པའི་མེ་ལོང་གི་ངོས་སུ། །
འཛུམ་པའི་བཞིན་རས་དེ་འགོད་རོགས། །

འཕྲད་པའི་འཛུམ་དཀར་གྱི་སྦྲང་ཆར། །
མཉམ་པས་བཞེས་རོགས་ཤིག་གནང་དང་། །
འབྲལ་བའི་སྐྱོ་གདུང་གི་མིག་ཆུ། །
རང་རང་སོ་སོ་ནས་འཐུང་ཆོག །

ང་རང་བྱེས་སོང་གི་རྗེས་ལ། །
སྤྱན་ཆབ་གཏོང་བ་རང་མ་གནང་། །
ཁྲེལ་མེད་འཁྱམ་པོ་ངའི་དོན་ལ། །
སེམས་པ་དཀྲུག་རིན་ཞིག་མི་འདུག །

ཧ་ལོའི་མེ་ཏོག་གི་འདབ་ནས། །
ལྷོ་སྤྲིན་མིག་ཆུ་དེ་འགྲིལ་ཚེ། །
ད་ནངས་སྐྱེལ་ཐུང་ལ་ཕེབས་པའི། །
བུ་མོའི་ཞལ་རས་དེ་དྲན་བྱུང་། །

སྤྲིན་པ་ཐར་ཐོར་གྱི་གསེབ་ན། །
ཟླ་བ་ཁེར་འགྲོས་དེ་མཐོང་ཚེ། །
མི་ཡུལ་སྡེ་མཐའ་རུ་ཕྱིན་པའི། །
ཆུང་གྲོགས་བུ་མོ་དེ་དྲན་བྱུང་། །

ཞལ་རས་མེ་ཏོག་གི་འདབ་མ། །
མིག་ཆུའི་ཟིལ་བ་ཡིས་བརླན་ཏེ། །
མ་བརྗེད་ལན་གསུམ་དུ་གསུང་བ། །
དྲན་ན་ཚུགས་ཐབས་རང་མི་འདུག །

བཅོ་ལྔའི་དུང་ཟླ་དེ་ཤར་ཚེ། །
ཉིན་མོའི་སྣང་བ་དང་འདྲ་ཡང་། །
བྱམས་པའི་ཞལ་རས་དེ་དྲན་ན། །
སེམས་ལ་མུན་པ་ཞིག་འཐིབ་ཡོང་། །

ཞལ་ངོ་མ་མཐོང་ཡང་ཆོག་གི །
གསུང་ངག་མ་ཐོས་ཀྱང་ཆོག་གི །
ནང་གི་དུང་སེམས་ཀྱི་སྐུད་པ། །
དུམ་བུར་ཆོད་ཐབས་ཤིག་མི་འདུག །

སྐུ་ལུས་ཚིགས་དྲུག་གི་སྨྱུག་མ། །
ལྷོ་རོང་ནགས་གསེབ་ན་ཡོད་ཀྱང་། །
ཞལ་རས་མེ་ཏོག་གི་འདབ་མ། །
ང་ཡི་སྙིང་ཁ་རུ་བཞད་འདུག །

ཨ་ཇོའི་ཚིག་གསུམ་གྱི་གསང་གཏམ། །
སྙིང་གི་མཚོ་གཏིང་དུ་སྦས་ཡོད། །
མཚོ་ལ་བྲི་བ་རང་མེད་ན། །
ཚིག་ལ་བོར་བ་དེ་མི་སྲིད། །

དྲན་བྱུང་སྙིང་སྡུག་དེ་དྲན་བྱུང་། །
དགོད་པའི་ཟུར་མིག་དེ་དྲན་བྱུང་། །
དྲན་བྱུང་དགའ་ལོ་དེ་དྲན་བྱུང་། །
འཛུམ་པའི་མཛེས་ཀོང་དེ་དྲན་བྱུང་། །

ཡིད་འོང་ན་ཆུང་གི་ལང་ཚོ། །
ཆུ་བོའི་ཕར་ཚུར་དུ་ལུས་ཀྱང་། །
དྲན་སེམས་སྤྲིན་དཀར་གྱི་དུམ་བུ། །
ཆུ་བོའི་མཐོངས་དབྱིངས་ནས་འཕུར་སོང་། །

དུང་ཤོག་དཀར་པོ་ལ་ཕབ་པའི། །
དྲན་པའི་རི་མོ་དེ་མ་ཡིན། །
མིག་ཆུས་བརླན་པ་དེ་མཐོང་བས། །
ཤུགས་རིང་ལན་གསུམ་དུ་ཤོར་སོང་། །

ཆུང་གྲོགས་སྙིང་སྡུག་གི་མཛའ་བོས། །
ང་ལ་གནང་བ་ཡི་སོར་གདུབ། །
གྲམ་པའི་ཆུ་གཏིང་དུ་བསྐྱུར་ཡང་། །
སེམས་པའི་ཆུ་ཁ་རུ་གཡེང་འདུག །

ཆུང་གྲོགས་རྗེས་དྲན་གྱི་གདུང་ཡུས། །
གནམ་མཐའི་ཟླ་བ་དང་འགྲོགས་འདྲ། །
ཅི་ཙམ་རྒྱབ་ཕྱོགས་ལ་བསྐྱུར་བ། །
དེ་ཙམ་མདུན་ཕྱོགས་ལ་ཐོན་འདུག །

སྤྲིན་མགོ་སྔོ་ནག་གི་ཀློང་ན། །
དྲན་པའི་གདུང་སེམས་ཤིག་བཅངས་ཡོད། །
སྐྱོ་བའི་མིག་ཆུ་རུ་གྱུར་ནས། །
དེ་ཀར་བབས་པ་རང་ཨེ་བྱུང་། །

ཁྲུང་ཁྲུང་ལྷོ་ཕྱོགས་སུ་འཕུར་དུས། །
ཁྱོད་ལ་འཕྲིན་པ་ཞིག་བསྐུར་ཡོད། །
ཁྲུང་སྐད་ལྷང་ལྷང་གི་རྒྱུད་ནས། །
དེ་ཀར་སྦྲན་པ་རང་ཨེ་བྱུང་། །

སྒྲོལ་མའི་དུང་སེམས་དེ་བསྟན་དུས། །
སེམས་པ་སྒྲོལ་མ་ལ་མ་བྱིན། །
སེམས་པ་སྒྲོལ་མ་ལ་ཕྱོགས་ཚེ། །
སྒྲོལ་མ་གཞན་དབང་དུ་གྱུར་སོང་། །

ཟླ་བ་ལོ་གསུམ་ལ་བསྒུགས་ཀྱང་། །
ཟླ་བས་གཟིགས་པ་རང་མ་གནང་། །
ཟླ་བ་བློ་ཡུལ་ནས་བརྗེད་དུས། །
ཟླ་བའི་འཕྲིན་པ་དེ་འབྱོར་བྱུང་། །

དྲན་པའི་སྙིང་ཁ་རུ་ལུས་པའི། །
ཚིག་དེ་ལན་གཅིག་ལ་ཐོས་ན། །
ཚེ་གཅིག་ལུས་གཅིག་ལ་འགྲོགས་པའི། །
ཚོད་མེད་རྔམ་སེམས་དེ་མེད་དོ། །

ཁྱེད་ལ་ཕེབས་སྒུག་གི་དུས་ཚོད། །
རུས་སྦལ་འདམ་འགྲོས་ལས་དལ་ཡང་། །
ཁྱེད་དང་ཞལ་འཛོམས་ཀྱི་ཉིན་མོ། །
མཁའ་ལྡིང་གཤོག་འགྲོས་ལས་མགྱོགས་པ། །

ཁྱེད་རང་བྱང་ལམ་ནས་ཕེབས་ཤིང་། །
ང་ཡང་ལྷོ་ལམ་ནས་འོངས་མོད། །
ལམ་བུ་སྣེ་འཛོལ་རང་བྱུང་བ། །
ལས་དང་སྐལ་བ་ཡིས་ལན་འདུག །

འཇོ་སྒེག་སྔ་ས་ན་འདུག་ཅིང་། །
དུང་བ་སྔར་ལས་ཀྱང་ལྷག་མོད། །
གསང་གཏམ་སྨྲ་ཤེས་ཀྱི་སྤྱན་ལ། །
སྔར་གྱི་གྲུང་ཉམས་དེ་མི་འདུག །

ཤྭ་རྭ་སྨུག་པོ་དེ་བསམས་ནས། །
གཞུ་རྒྱུད་ལྷོད་ཐག་ནི་མ་ཆོད། །
ཤྭ་བ་འདྲོག་སྙམ་གྱིས་དོགས་ཏེ། །
མདའ་མོ་འཕེན་ཐག་ཀྱང་མ་ཆོད། །

བུ་མོའི་བསླད་མེད་ཀྱི་བརྩེ་དུང་། །
ལོ་བསྙལ་ཟླ་བསྙལ་གྱི་རྒུན་ཆང་། །
ཨ་ཇོ་ཁྲེལ་ཡོད་ཅིག་ཡིན་ན། །
ཆང་ཕུད་བཞེས་པ་རང་མ་གནང་། །

ཁྱོད་ནི་ཨ་གར་གྱི་ལྗོན་པ། །
ང་རང་མེ་ཏོག་གི་འཁྲི་ཤིང་། །
སྐྱེ་བ་ལན་གཅིག་གི་ཚེ་འདིར། །
སོ་སོར་དབྱེ་ཐབས་ཤིག་མི་འདུག །

དུང་སེམས་དར་དཀར་གྱི་ཁུགས་པར། །
སྨོན་ལམ་རྒྱ་མདུད་ཅིག་ཕབ་སྟེ། །
ཁྱོད་ཀྱི་ཕྱག་སོར་ལ་གཏད་ཡོད། །
བུ་མོའི་ལས་དབང་ལ་ཁྱོད་མཁྱེན། །

ཁྱེད་རང་འཇིག་རྟེན་འདིར་བཙལ་ནས། །
མི་ཚེ་ཕྱེད་ཀ་དེ་ཡོལ་ཐལ། །
ཁྲེལ་མེད་ཁྲམ་པ་ཞིག་ཡིན་ཀྱང་། །
ད་ནི་འགྱོད་སེམས་དེ་མེད་དོ། །

འཇིག་རྟེན་སྐྱིད་སྡུག་གི་ཞིང་འདིར། །
བུ་མོའི་སེམས་པ་ཡི་གཏད་སོ། །
ཁྱེད་རང་གཅིག་པུ་ལས་མེད་ན། །
ང་ལ་བྱམས་བརྩེ་དེ་མ་ཆུང་། །

ན་ཆུང་བློ་རྩེ་ཡི་སྲབ་མཐུར། །
འཐེན་ཤེས་ལྷོད་ཤེས་ཤིག་དགོས་ཀྱི། །
ལྕག་གཞུ་ཡོབ་རྡུང་ལ་བརྟེན་ན། །
སྒ་ལོག་སྟན་འགྱུར་ཞིག་ཡོང་ངོ་། །

གཏན་གྲོགས་མཛའ་མོ་ཡི་སེམས་རྒྱུད། །
དབྱངས་ཅན་པི་ཝང་གི་སྐུད་པ། །
བྱམས་སྐྱོང་ཕྱག་སོར་གྱིས་སྐུལ་དང་། །
བདེ་སྐྱིད་རོལ་མོ་དེ་འཁྲོལ་འོང་། །

ཟླ་བ་ནག་ཕྱོགས་ལ་ཕེབས་འགྲོ། །
མེ་ཏོག་སྟོན་དུས་སུ་ལྷུང་འགྲོ། །
ནམ་ཡང་བྲི་གང་དེ་མེད་པ། །
ན་ཟླའི་བརྩེ་དུང་གི་ཞལ་རས། །

གསུང་ལ་ལན་གཅིག་ལ་ཉན་ཆོག །
ཐུགས་དང་ལན་གསུམ་དུ་བསྟུན་ཆོག །
ཐམས་ཅད་ན་ཆུང་དང་བསྟུན་ན། །
སྲབ་མཐུར་རང་མགོ་ལ་འཁོར་འོང་། །

ཞིམ་མངར་རྒུན་ཆང་གི་རྗེས་ལ། །
དྲན་ཤེས་མཐུར་ཡན་དུ་མ་གཏོང་། །
ན་ཆུང་འཛུམ་དཀར་གྱི་ངོ་ལ། །
མི་ཚེ་དོན་མེད་དུ་མ་གཟོན། །
 
རྩོམ་ཁུངས། «གངས་འདབ་ཀྱི་སེམས་པ།»
འབྲེལ་ཡོད་འོས་སྦྱོར།