logo

རྨོག་ཐང་དཀར། ཀ་རྩོམ་གླང་ལོ་བཞུད་པའི་སྐྱེལ་མ།

རྩོམ་པ་པོ།:རྨོག་ཐང་དཀར། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-03-10 ཀློག་གྲངས།:
ཀ་རྩོམ་གླང་ལོ་བཞུད་པའི་སྐྱེལ་མ།
རྨོག་ཐང་དཀར།

ཨ་བུས་རང་སེམས་མག་མོག་རླུང་ལ་བསྐུར་ནས།།
དགའ་སྐྱོའི་དྲན་པ་སླར་ཡང་འཛིན་ཐབས་མི་འདུག།
ཧ་ལོའི་མེ་ཏོག་བཞད་པའི་དུས་ལ་སླེབས་ན།།
མི་ཡུལ་ལུང་གསུམ་མདོ་ནས་མཉམ་འཛོམས་གནང་ཆོག།

ས་ཆེན་འདར་བའི་རོལ་མོ་སེམས་ཀྱིས་མྱོང་སྐབས།།
ཀུན་རྟོག་འཆར་སྣང་ཁྲོད་ནས་གཅེར་བུར་ལུས་འགྲོ།།
ཤ་དང་རུས་པའི་བརྩེ་བ་འཇའ་བཞིན་བཀྲ་བའི།།
དུངས་སེམས་མདུད་པའི་ཨ་ལོང་འཐོར་བ་མ་གནང་།།

ལ་ལུང་སྲིད་པའི་རྫ་འདབས་དབྱངས་ལ་བརྒྱུས་ནས།།
གྲགས་འཆང་སྙན་པའི་གླིང་བུ་སིང་སིང་འབུད་བཞིན།།
ར་བ་གངས་ཅན་བསིལ་མོའི་ལྗོངས་འདིར་གཏམས་པའི།།
གཏམ་སྙན་བདུད་རྩིའི་རྒྱན་འདི་གླིང་ལ་བཞག་ཡོད།།

ཡ་ཆུང་སྙིང་གི་སྒྲོམ་བུ་མངོན་དུ་ཕྱུངས་ནས།།
མཛའ་མཐུན་བརྩེ་བའི་ཁ་དན་རྡོ་ལ་བརྐོས་ན།།
འ་འུར་རྫུན་དང་སྒྱུ་མའི་བསླུ་བྲིད་ཟེར་བ།།
ཉེས་བྱས་གྲིབ་བརྙན་ཙམ་ཡང་ལྡང་བ་མ་གནང་།།

ཟ་ཟིའི་རྨི་ལམ་ངོགས་ཀྱི་གངས་དཀར་ལྷ་མོ།།
མཐོན་མཐིང་མཁའ་ལམ་བསྙེག་པའི་ངང་མོ་ཡིན་ན།།
ཞྭ་མོ་ཕུད་ནས་གུས་པའི་བསྟི་སྟངས་བགྱིད་ནས།།
འཁྲེང་སེམས་དམར་པོའི་རྣོ་སྦྲེང་ལན་ཅིག་དཀྲོལ་ངེས།།

ཝ་ལེར་དྲན་པའི་གཞི་ཁྱོད་ཡང་ནས་ཡང་དུ།།
གཞོན་ཆུང་སྣང་བ་འགུག་པའི་མཛའ་མོ་ཡིན་ན།།
ཛ་ཏིའི་བསིལ་གྲིབ་འཁོར་བའི་ནགས་མའི་ཚལ་ནས།།
གསང་ཆེན་བདེ་བ་ལན་ཅིག་སྐྱོང་རོགས་གནོངས་དང་།།

ཚ་འཁྱག་རེག་བྱ་སྟེར་བའི་སྣང་སེམས་བར་ནས།།
ཕྱད་ཕྱོད་སྣང་བའི་རྫུན་རྐུབ་བརྟོལ་ཐབས་མི་འདུག།
ཙ་རིའི་སྒྲུབ་ཕུག་འགྲིམས་པའི་འཕྲུལ་གསང་ཟབ་མོས།།
ལོ་ཟླའི་འཇབ་རྒོལ་ཐེངས་གཅིག་སླེབས་པ་རྟོགས་སོང་།།

མ་ཚོགས་སྙིང་གི་རྐུན་མོ་ཉེ་སར་སླེབས་དུས།།
ལྷན་སྐྱེས་སྙིང་ནོར་དེ་ལ་བདག་པོ་མེད་ན།།
བ་གམ་རྡུལ་དུ་བརྩེགས་པའི་ཕོ་བྲང་ནང་ནས།།
གཉིས་ཆོས་སྲིད་པའི་མེ་དཔུང་སྦར་ན་ཅི་བྱ།།

ཕ་གཅིག་དམ་པའི་ཞལ་གསུང་ལྷང་ལྷང་ལྡིར་བའི།།
གཟི་ལྡན་ཉི་མའི་ཁང་ཆུང་བར་མ་དེ་ནས།།
པ་ཏྲའི་གཟུགས་འཛིན་རང་སེམས་ཤེལ་གྱི་སྒོ་ང་།།
སྲིད་པའི་བྲག་ལ་བརྡབ་ན་ཅིས་ཀྱང་ཕངས་སོ།།

ན་ཆུང་མཛེས་པའི་ལང་ཚོ་མིག་ལ་མཛའ་ཡང་།།
མི་སྡོད་སྣང་བརྙན་འདི་ལ་གཉེར་རིས་བབས་བྱུང་།།
ད་ལྟའི་ཞེན་པ་སྐད་ཅིག་ཐང་ཅིག་འདི་ལ།།
ཡིད་ཀྱི་གཏད་སོ་འཆའ་བ་རྫུན་དུ་གོ་བྱུང་།།

ཐ་མལ་སྣང་བའི་བྲག་ཅ་འཁོར་ཐེངས་རེ་ལ།།
རྫ་ཁའི་སྨུག་ལོང་ཁྲོད་ཀྱི་གཞོན་པ་ང་རང་།།
ཏ་གུར་བརྟེན་ནས་ལམ་རིང་བརྒལ་བ་མེད་ཀྱང་།།
འཇིག་རྟེན་འཁོར་བའི་སྐྱིད་སྡུག་ལོ་ཟླས་ངོམ་བྱུང་།།

ཉ་མོ་གཙང་ཆུའི་ངོགས་ནས་འཁྱུག་ཐེངས་རེ་ལ།།
ལས་སྣང་བག་ཆགས་འདི་ཡང་སྐྱིད་པོ་སྙམ་བྱུང་།།
ཇ་ཁ་ཆང་ཁའི་གཞོན་ནུ་ཕོ་མོའི་བར་ལ།།
འགལ་འདུའི་ཕུང་བོ་ལྷགས་དུས་དགོད་རེ་བྲོ་བྱུང་།།

ཆ་མེད་ཡུལ་གྱི་ཁང་ཆུང་སྒེའུ་ཁུང་འགྲམ་གྱི།།
རྟོག་པའི་རླབས་རྒྱུན་འཕྱོ་བའི་གཞོན་པ་ང་རང་།།
ཅ་ཅོ་ངག་ནས་སྒྲོག་པའི་འདབ་ཆགས་རྣམས་དང་།།
སྐྱེས་ཐོབ་མགྲིན་པའི་རྩལ་གྱིས་འགྲན་རེས་བྱེད་ཡ།།

ང་ཚོ་སང་འཛོམས་གནང་འཛོམས་ཉི་ཟླ་འཁོར་རེས།།
འབྱུང་བཞིའི་ལུས་དང་ཚེ་ལ་བར་ཆད་མེད་ཀྱང་།།
ག་དུས་གང་ནས་འཕྲད་པ་སུས་ཀྱང་ཅི་ཤེས།།
ལོ་ཟླའི་དཀྱོག་མཚམས་འདི་ནས་འཛོམས་ཆང་བཞེས་ཡ།།

ཁ་བའི་ལྗོངས་འདིར་བཏབ་པའི་ལས་སྨོན་དཀར་པོ།།
འདི་ཉིད་གཞོན་པ་ང་རེའི་དཔལ་དུ་སྨིན་བྱུང་།།
ཀ་ཁའི་དབྱངས་རྟར་བརྒྱུས་པའི་ངག་གི་འགྱུར་ཁུགས།།
བསྐལ་པ་གླང་ལོ་བཞུད་པའི་སྐྱེལ་མར་བཏེགས་ཡོད།།
                                                           ༢༠༢༡.༡༢.༡༠
འབྲེལ་ཡོད་འོས་སྦྱོར།