logo

མཛེས་སེ་ལགས་ཀྱི་ལྷུག་རྩོམ་གསར་པ། ཕ་ཡུལ།

རྩོམ་པ་པོ།:མཛེས་སེ། ཡོང་ཁུངས།:མཛེས་སེ། དུས་ཚོད།:2022-03-14 ཀློག་གྲངས།:
༄༅། །ཕ་ཡུལ།
མཛེས་སེ།

        ཕ་ཡུལ་ཟེར་བ་དེ་ནི། ས་ཡི་གོ་ལ་ཆེན་པོའི་ངོས་སུ་འགྲེངས་པའི་རི་བོ་དང་། དེའི་འདབས་ཀྱི་ས་རྡོ་དང་། ལུང་བའི་མཐིལ་གྱི་ཆུ་རྒྱུན། སྤང་རྩྭ་གཡོ་བའི་བསིལ་རླུང་། དུས་ཚིགས་བཞི་ཡིས་བསྐྱོར་པའི་ཁང་ཁྱིམ་དང་སྦྲ་གུར། རྒྱང་ནས་འཕྱུར་བའི་དུད་པ་ཡི་འཛུམ་དཀར། ད་དུང་དེའི་མཐའ་རུ་བསྐོར་བའི་ཕྱུགས་ཟོག་དང་ལོ་ཏོག་དང་ནགས་ཚལ་སོགས་རེད།
        སྔོན་མའི་དུས་ཤིག་ལ། ཕ་ཡུལ་གྱི་ལམ་ཕྲན་དེས། ལུ་གུ་ཞིག་བསམ་བཞིན་སྤྱང་ཀིར་འཕྲད་དུ་བཅུག་སོང་ཟེར།
        དེ་ནས་བཟུང་སྟེ། ཉེན་ཁར་མི་འཛེམ་པའི་སྐྱེ་བོ་སྐོར་ཞིག་གིས། ལུས་གཡས་སུ་སྟག་དོང་ཉག་ཕྲན་གྱིས་ཁེངས་ཤིང་གཡོན་དུ་གཟིག་ཤུབས་མཆོག་དཀར་གྱིས་བརྒྱན། མདུན་དུ་རལ་གྲི་བཏགས་ཤིང་རྒྱབ་ཏུ་མེ་མདའ་ཁུར། ངག་ནས་མ་ཎི་འདོན་ཞོར་ཁོག་ཏུ་སྙན་གྲགས་བསྒོམས་ནས། སྔོན་ཆད་འབའ་འབའ་ལུ་གུ་གང་མང་བརྒྱུད་མྱོང་བའི་ཁྲག་མདོག་གི་ས་སྲོད་དེར་གོམ་ཁ་བསྒྱུར་ལ། ཁོ་ཚོ་ཐམས་ཅད་ཀྱིས། ཚེ་ཡི་འཕེན་པ་རྫོགས་པའི་ལུ་གུའི་རྣམ་ཤེས་ཉམ་ཆུང་དེ་དག་ལ་བརྟེན་ནས། ངོ་མཚར་བའི་མཛད་རྗེས་ཤིག་འཇོག་འདོད།
        གངས་ཀྱི་འདབས་རོལ་ཏུ། ཕ་ཡུལ་ཟེར་བའི་ས་ཆ་དེ་ཡིས། སྔོན་གྱི་གནས་སྟངས་དེ་དག་དྲན་ཀྱིན་ཡོད་དམ།
        འཇིག་རྟེན་འཁོར་བ་ལ་དམོད་མོ་འདེབས་ཞོར་དུ། གཞན་གྱིས་གནང་པ་གང་ཞིག་འཛེམ་མེད་དུ་ལེན་པའི་ང་དང་། སྲིབ་ཀྱི་བྲག་ཕུག་ཀྱང་དྲོད་ཁོལ་འཛོམས་པའི་གནས་མལ་དུ་བསམ་གྱིན་པའི་ཁྱོད་ཀྱིས། ཉིན་རེའི་ཕྱི་དྲོའི་དུས་སུ། གྲོང་ཁྱེར་ནང་གི་བཀོད་ཐང་དུ་ཀེ་རེར་ལངས་ནས། གངས་འདབས་ཀྱི་མགོ་ནག་རྣམས་མི་ཚེ་ཡི་ཚིགས་མལ་རེ་རེར་འཚང་ཁ་ཇི་ལྟར་རྒྱག་པ་དང་། ཁོ་ཚོའི་གདོང་ལ་རེ་ཆད་ཀྱི་ན་བུན་ཇི་ལྟར་འཐིབས་པར་ཕྱི་མིག་བལྟས་ཤིང་། ད་དུང་ཁོ་ཚོས་མཛད་སྒོ་སྣ་ཚོགས་བསྡུས་ཏེ། མགྲིན་གཅིག་ཏུ“ཀྱེ་མ། ཕ་ཡུལ་ལགས། ཁྱེད་ལ་བསྙེག་པའི་ལམ་སྣེ་དེ་གང་ན་ཡོད་དམ།”ཞེས་སྐད་ཆེན་སྒྲོག་བཞིན་པ་དེ་ལ་ཉན་མྱོང་།
        མི་ཚེ་ཡི་རྟིང་མཐུག་སར་ཕྱིན་ནས་ཀི་རིང་ཞིག་བཏབ་པ་ན། བྱིས་པ་རྣམས་ཀྱིས་ཨ་ཕ་དང་ཨ་མ་དགོས་ཞེས་འུར་བརྒྱབ་བྱུང་ལ། དར་མ་རྣམས་ཀྱིས་གླུ་གཞས་ལ་ཉན་ཞོར་དུ་ཕྱི་རོལ་གྱི་རྣམ་པ་ཡ་མཚན་རིགས་དེར་ཤུ་སྒྲ་འབྱིན་གྱིན་མཆིས།
        ཕ་ཡུལ་གྱི་ལམ་འགྲམ་དུ་བཞད་པའི་མེ་ཏོག་རྣམས་སྙིང་རེ་རྗེ། དེ་ཚོའི་མིག་ཀོང་ལས་འཕྲོས་པའི་འོད་ཀྱི་ཐིག་ལེ་ཡིས། རྒྱང་བཞུད་ཀྱི་ལམ་བུ་ཁེར་རྐྱང་གིས་འཇལ་བའི་གནས་སྐོར་པ་རྣམས་ཀྱི་སེམས་པ་ཐག་རིང་གི་ཁ་བ་བཞིན་ཞི་འཇགས་སུ་བཏང་།
        ཕ་ཡུལ་ནི་ཐོག་མ་ནས་ཕ་ཡུལ་དེ་ཡིན་པས། ངའི་ཡིད་ཀྱི་ཤིང་རྟ་ནི་ཕ་ཡུལ་ཁྱོད་ཀྱི་ཕྱོགས་སུ་ཤར་མར་བསྐྱོད་དེ། མྱུར་སྟབས་ཀྱིས་ཕ་ཡུལ་ཁྱོད་ཀྱི་མཐོ་ཞིང་བརྗིད་པའི་བཙན་རྫོང་ལ་འཛེགས་ཤིང་། རྐང་རྗེན་དུ་ཕ་ཡུལ་ཁྱོད་ཀྱི་གསེར་མདོག་གི་གཞལ་ཡས་ཁང་ཆེན་བརྒྱུད་དེ། སྤང་ཐང་གི་གླུ་གཞས་དང་འདྲ་བར། ཕ་ཡུལ་ཁྱོད་ཀྱི་ཁུ་སིམ་པའི་གཟིམ་ཤག་ཏུ་འཇབ་ཅིང་། ལྷ་ཤིང་གི་དྲི་ཞིམ་དང་མཚུངས་པར། ཕ་ཡུལ་ཁྱོད་ཀྱི་དྲོད་འཇམ་ལྡན་པའི་རུམ་དུ་འཛུལ་ནས། བུ་ཆུང་ཨ་མའི་པང་ནས་ངུ་བ་ལྟར། ངོ་གདོང་ཕ་ཡུལ་ཁྱོད་ཀྱི་བྲང་ངོས་སུ་ལྡེམ་པའི་ནུ་འབུར་གཉིས་ཀྱི་བར་ལ་གླན་ཏེ། ཆོ་ངེ་ཡིད་ཚིམས་པ་ཞིག་བཏབ་ན་ཅི་འདྲའི་སྐྱིད་པ་ལ་ཨང་།
        བལྟས་ཚོད་ཀྱིས། ཚེ་སྲོག་གི་ཁ་དོག་ནི་མེ་ལྟར་འབར་གྱིན་མཆིས་མོད། སྐྲག་སྣང་ཞིག་ནམ་ཡང་ལྕགས་ཀྱི་ཀ་བ་བཞིན། སེམས་ཁོང་ན་ཀྲོང་ངེར་འགྱིང་འདུག་པས། ངས་ཉེས་པ་ཅི་ཡང་མེད་པའི་རྨི་ལམ་མཐའ་དག་ཕ་ཡུལ་གྱི་གཡང་གཟར་དུ་གཡུག་དགོས་བྱུང་།
        ལུས་འདི་ཕ་ཡུལ་དང་བྲལ་དུས། ཁྱོད་ཀྱིས་ཤུལ་དུ་བསྐྱུར་སོང་བ་དེ་ཅི་ཞིག་ཡིན་ནམ། རྒྱང་ནས་ཕ་ཡུལ་ལ་ལྟ་དུས། ཁྱོད་ནི་ཡུལ་ལུང་གང་གི་བུ་ཕྲུག་ཡིན་ནམ། སེམས་སུ་ཕ་ཡུལ་དྲན་དུས། ཁྱོད་ཀྱིས་གླེང་འདོད་པའི་མི་དེ་སུ་ཡིན་ནམ། ཕྱིར་ཕ་ཡུལ་དུ་ལོག་དུས། ཁྱོད་ཀྱི་རྡོག་ཁྲེ་ནང་དུ་བཅུག་པ་དེ་ཅི་ཞིག་ཡིན་ནམ།
        ངས་འཛམ་གླིང་ཡུལ་གྲུ་སོ་སོའི་གཙང་པོ་དངོས་སུ་མཐོང་མ་མྱོང་རུང་། སྐྱེ་བོ་ཀུན་གྱིས་རང་གི་གཙང་པོ་ལ་མཆོད་ཅིང་བསྟོད་པའི་རོལ་དབྱངས་ལ་ཉན་མྱོང་། དེ་དག་གི་རླབས་ཀྱི་འགྱུར་ཁུགས་ནི་ཅི་འདྲའི་སྙན་ཡང་། ང་རང་གསོ་སྐྱོང་གནང་མཁན་ཡར་ཀླུང་གཙང་པོ་དང་། རྨ་ཆུ་འབྲི་ཆུ་རྫ་ཆུ་སོགས་གངས་ལྗོངས་ཆུ་ཀླུང་ཁྲི་ཕྲག་གི་བརྗིད་ཉམས་ལ་འགྲན་ག་ལ་ནུས་ཞེས་ཕ་ཡུལ་གྱིས་དེ་སྐད་གསུངས་བྱུང་།
        ངས་སྟོབས་འབྱོར་མངའ་ཐང་ཤིན་ཏུ་རྒྱས་ཤིང་ཤེས་རིག་ཡོངས་སུ་དར་བའི་རྒྱལ་ཁམས་དག་དངོས་སུ་མཐོང་མ་མྱོང་ཡང་། དེ་དག་གི་ཆགས་འཇིག་རྣ་ཡིས་ཐོས་མྱོང་། ལོ་རྒྱུས་དེབ་ཐེར་ཁྲོད་ཀྱི་འདས་ཟིན་པའི་གཟི་འོད་སྣ་ཚོགས་ལ་ཀུན་གྱིས་ཡིད་སྨོན་བྱེད་སྲིད་ནའང་། དུས་དང་གནས་བབ་གསར་བའི་ནང་དུ་ང་ཚོས་གཟུགས་ཅན་དང་གཟུགས་མེད་ཀྱི་བདུད་དགྲའི་ཚོགས་ལ་འགྲན་སློང་བར་རྣོ་དབལ་སྩོལ་མཁན་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་རབས་རེད་ཅེས་ཕ་ཡུལ་གྱིས་དེ་སྐད་སྨྲས་སོང་།
        དེས་ན། ང་ཚོས་ད་དུང་གྲང་ངར་ཁྲོད་དུ་པུས་མོ་ས་ལ་བཙུགས་ནས་དུས་ག་ཚོད་བར་སྡོད་དགོས་སམ།
        ང་ཚོས་ད་དུང་མུ་ནས་མུ་རུ་གནའ་གཏམ་མང་བོ་གསར་བཟོ་བྱ་དགོས་སམ། ཡང་ན། མགོ་མཇུག་གོ་རིམ་འཆོལ་བའི་ལྷ་སྒྲུང་ཞིག་མངོན་སུམ་དུ་བསྒྱུར་ཐུབ་མིན་སྐོར་རྩོད་གླེང་བྱ་དགོས་སམ།
        ཀྱེ་མ། ཕ་ཡུལ་ལགས། རྙིང་ཧྲུལ་དུ་སོང་བའི་ཕྱིང་ཞྭ་དང་འདྲ་བའི་ཆོ་ལོ་མཐོན་པོ་དེ་དག་འདོར་རོགས་གནོངས་དང་། ངས་ཁྱོད་ཀྱི་སེམས་ཁོང་གི་དམར་རྗེན་དེ་དབྱིབས་དང་ཁ་དོག་གང་ལ་གཏོགས་པ་ཤེས་པར་འདོད་དོ། །
        བུ་ཕྲུག་འདི་ཚོར་ལྟོས་དང་། རང་གི་ཕ་མེས་ལ་འགྲམ་ལྕག་ཚ་ནན་གཞུས་སོང་། འགྲམ་ལྕག་གཅིག་གིས། གྲོ་ནས་འབྲུ་རྡོག་གཅིག་ཀྱང་ཟས་སུ་མ་འཐོབ་མོད། འགྲམ་ལྕག་གཅིག་གིས། ལོ་ངོ་སྟོང་ཕྲག་ལ་བཀག་པའི་ཕ་ཡུལ་གྱི་རྟ་ཕོ་རྣམས་སྒྲོག་ལས་ཤོར་གྲབས་བྱེད།
        མེས་པོ་གོང་མ་དག་གིས་ཤུལ་དུ་བཞག་པའི་དངུལ་གྱི་ཕོར་བ་དེ། སུ་དང་གང་གིས་བདག་ཏུ་བཟུང་ག་ལ་ཆོག
        ཉི་མ་ཁ་སང་གི་དཔྲལ་བར་མཆུ་ཏོ་སྦྱར་ནས་གྱེས་འགྲོ་བའི་སྔ་རོལ་དུ། ང་ཚོས་ད་དུང་འབྲི་མར་སེར་པོ་དང་གཡང་དཀར་བལ་འཇམ་གྱིས་ཕོར་བའི་ཁ་སྤྲས་ཤིང་། ནས་ཆང་བདུད་རྩི་བསིལ་མས་ཕོར་བའི་ནང་བརྒྱན་ཏེ། ཕྱོགས་དུས་དབྱེར་མེད་དུ་གནས་པའི་དཔའ་བོ་མཁའ་འགྲོ་དང་ཆོས་སྐྱོང་སྲུང་མ་རྣམས་ལ་མཆོད་འབུལ་དང་། ཕ་ཡུལ་གྱི་ཉམ་ཆུང་དཔུང་ཚོགས་ཀྱི་རུ་སྣ་འདྲེན་མཁན་གདོང་མཆོང་ཕོ་མོ་རྒན་གཞོན་དག་ལ་གུས་འདུད་ཞུ་དགོས།
        ང་ཡི་སྨུག་མདོག་གི་སྐྱི་པགས་འདི་ལ། ཕ་ཡུལ་གྱི་ནུབ་ཁའི་མཚམས་སྤྲིན་དམར་པོ་ནི་ཁ་སྐྱེངས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་སོང་།
        འཇིག་རྟེན་འདིའི་རོང་ཡུལ་དང་འབྲོག་ཐང་། གྲོང་ཁྱེར་གྱི་གྲུ་སྣེ་རེ་རེར། ཨ་རག་ཆང་དང་ཐ་མག་ལ་དགའ་བ་དང་མི་དགའ་བའི་ཕོ་མོ་མང་པོ་བསམ་གཞིག་གི་ཀློང་དུ་གཉིད་འདུག
        སྐྱེ་བོ་ཡོངས་ཀྱིས་བསྒུག་དགོས་པའི་ཐོ་རངས་སྐར་ཆེན་དེ་ལ་བསྒུགས་ནས། ངས་རང་ལུས་ལ་ཤུག་པའི་ཆུ་ཡིས་ཁྲུས་ཤིག་བགྱིས་པ་ན། སྐེམ་ཞིང་རིད་པའི་རྐང་ལག་བཞི་བོ་མ་གཏོགས་ཅི་ཡང་ལྷག་མེད་པ་མཐོང་།
        ནམ་མཁའི་དབྱིངས་སུ་ཉི་མའི་དཀྱིལ་འཁོར་གནས་ཤིང་། ཉི་མའི་དཀྱིལ་འཁོར་གྱི་གཤམ་དུ་ང་ཚོའི་ཕ་ཡུལ་ཆགས་འདུག ང་ཚོའི་ཕ་ཡུལ་གྱི་འདབས་སུ་ཅི་ཞིག་ཡོད་དམ།
༡༠
        སྐྱེ་བོ་གཞན་གྱི་གྲིབ་མའི་འོག་ཏུ་འཚོ་དུས། ནམ་ཡང་རང་ཚོད་མི་ཟིན་པའི་ཨ་རག་གི་བཟི་ཁ་དེ་སུ་རེད་དམ། ཕ་ཡུལ་གྱི་ཁྲོམ་སྲང་དང་བཞི་མདོ་རུ། ཕ་ཡུལ་གྱི་མི་ཚོགས་སྟོང་འདུས་ཁྲོད་དུ། ཞབས་འདྲེན་གྱི་གྲས་སུ་ཚུད་ཆོག་པའི་མི་ཞིག་ལ་སུ་ཡིས་དོ་སྣང་བྱའམ། དེ་ལྟ་བུའི་བུ་ཕྲུག་ཅིག་གིས་བྱེས་ཡུལ་ནས་ཕ་ཡུལ་དྲན་རུང་། ཕ་ཡུལ་གྱིས་ཁོ་རང་དྲན་མི་སྲིད།
        གཙང་པོ་ནི་འབྱུང་ཁུངས་ཡོད་པའི་རྐྱེན་གྱིས་རྒྱང་རིང་དུ་བཞུར་ཐུབ་སོང་བ་རེད། འདབ་ཆགས་ཀྱང་བྱ་ཚང་ཡོད་པས་ད་གཟོད་ནམ་འཕང་གཅོད་པའི་སྤོབས་པ་ལྡན་པ་མ་རེད་དམ། གལ་ཏེ་ཕ་ཡུལ་མེད་ཚེ། ང་ཚོ་ནི་དཔྱིད་ཀྱི་དྲོད་རླུང་དང་མཇལ་མ་མྱོང་བའི་ས་བོན་དང་། སྟོན་གྱི་དཔལ་མོ་ལ་འཕྲད་མི་སྲིད་པའི་འབྲས་བུ་དེ་ཡིན་པ་རེད།
        རྒྱལ་ཁམས་འགྲིམས་པའི་མཐའ་མར། གྲོག་མ་མིག་མེད་རྣམས་ཀྱང་ཕྱིར་ཕ་ཡུལ་ཕྱོགས་སུ་སྙེག་གིན་འདུག
༡༡
        སང་ཉིན། ཕ་ཡུལ་དུ་བཞུགས་པའི་ཨ་ཕ་དང་ཨ་མ་རྣམས་རིམ་གྱིས་རྒས་འགྲོ་སྟེ། གདོད་མའི་དྲན་གླུ་ཞིག་དང་འདྲ་བར་དལ་དལ་ལྷོད་ལྷོད་ཀྱིས་རྒས་འགྲོ། ངའང་ལང་ཚོ་དར་ལ་བབས་པའི་ན་གཞོན་གྱི་ཚུལ་དུ་ཡུན་རིང་སྡོད་ག་ལ་སྲིད།
        སང་ཉིན་ནི་སུ་ཞིག་ལ་དབང་ངམ། ཕ་ཡུལ་གྱི་ཟླ་བ་ཨེ་རེད། གཅན་གཟན་དང་དུག་སྦྲུལ་ཨེ་རེད། སྐྱེ་ཁམས་ཁོར་ཡུག་ཨེ་རེད། དམག་འཁྲུག་དང་འཇིགས་སྐུལ་རིང་ལུགས་ཨེ་རེད། དེ་དག་མིན་ཚེ། ལྷ་བྱ་གོང་མོ་ལྟ་བུའི་ཞི་བདེ་དང་གླུ་ཨ་ལ་ཐ་ལ་ལྟ་བུའི་འཛུམ་བག་ཡིན་ཨེ་སྲིད།
༡༢
        གལ་ཏེ་ཕ་ཡུལ་ནི་མེས་པོའི་སྐད་དང་ཡི་གེ་ཡིན་ཚེ། གྲོགས་པོ་ཁྱོད་ལ་ཕ་ཡུལ་ཡོད་དམ།
        གལ་ཏེ་ཕ་ཡུལ་ནི་ཐོང་གཤོལ་དང་བཞོ་གཟུང་། ཐགས་ཁྲི་སོགས་ཡིན་ཚེ། གྲོགས་པོ་ཁྱོད་ལ་ཕ་ཡུལ་ཡོད་དམ།
        གལ་ཏེ་ཕ་ཡུལ་ནི་རྟ་སྒ་དང་ཕྱིང་བ་ཡིན་ཚེ། གྲོགས་པོ་ཁྱོད་ཀྱི་ཕ་ཡུལ་ད་ལྟ་གང་དུ་ཕྱིན་སོང་ངམ།
        གལ་ཏེ་ཕ་ཡུལ་ནི་བྱམས་སེམས་དང་སྙིང་རྗེ་དང་སྦྱིན་པ་ཡིན་ཚེ། གྲོགས་པོ་ཁྱོད་ཀྱི་ཕ་ཡུལ་ད་དུང་སྔར་བཞིན་གནས་སམ།
        གལ་ཏེ་ཕ་ཡུལ་ནི་ཕྲག་དོག་དང་ང་རྒྱལ་དང་བརྣབ་སེམས་ཡིན་ཚེ། གྲོགས་པོ་ཁྱོད་ཀྱི་ཕ་ཡུལ་དེ་རླུང་གིས་འཇིག་ཆོག་གམ།
        གལ་ཏེ་ཕ་ཡུལ་ནི་ཕྱོགས་རིས་འཐེན་འཁྱེར་དང་ཆགས་སྡང་རྩོད་རྙོག་ཡིན་ཚེ། གྲོགས་པོ་ཁྱོད་ཀྱི་ཕ་ཡུལ་དེ་མེ་ཡིས་འཚིག་ནུས་སམ།
        གལ་ཏེ་ཕ་ཡུལ་ནི་དབུལ་ཕོངས་དང་རྗེས་ལུས་ཡིན་ཚེ། གྲོགས་པོ་ཁྱོད་ཀྱི་ཕ་ཡུལ་དེ་ཆུ་ཡིས་བཀྲུ་རུང་ངམ།
        གལ་ཏེ་ཕ་ཡུལ་ནི་ཡིད་ཆེས་དང་བློ་སྤོབས་དང་རེ་སྙེག་ཡིན་ཚེ། གྲོགས་པོ་ཁྱོད་ཀྱི་ཕ་ཡུལ་དེ་བརྐུ་ལ་མི་འཆོར་བར་སྨོན།
༡༣
        ཕ་ཡུལ་ནི་འདས་ཟིན་པའི་ལོ་རྒྱུས་དང་། ངག་རྒྱུན་ཁྲོད་ཀྱི་ཕ་ཡུལ་ཡིན་པས། ཁྱོད་ཀྱིས་ཕ་ཡུལ་དེ་བཙལ་མྱོང་ངམ།
        ཕ་ཡུལ་ནི་ད་ལྟའི་དུས་ཀྱི་མངོན་སུམ་གྱི་ཕ་ཡུལ་ཡིན་པས། ཁྱོད་རང་ཕ་ཡུལ་འདི་དང་འབྲལ་བསམ་མམ།
        ཕ་ཡུལ་ནི་མ་འོངས་པར་ཡང་འུ་ཅག་གི་ཕ་ཡུལ་ཡིན་པས། ཁྱོད་རང་ཕྱིར་ཕ་ཡུལ་དུ་ལོག་སྲིད་དམ།
        ཁྱོད་ནི་ཕ་ཡུལ་གྱི་སུ་ཞིག་ཡིན་ནམ། ཁ་བའི་ལྗོངས་སུ་ཕ་ཡུལ་ལ་དགའ་ཞིང་ཞེན་བའི་སྐྱེ་བོ་གྲངས་མེད་འཕེལ་ཐུབ་པའི་ལུང་བསྟན་དེ་ང་རང་ཚོས་གནང་དགོས་པ་རེད།
        ཕ་ཡུལ་མ་བོར་པའི་སྐྱེ་བོ་ཞིག་ལ་རང་སྐད་ཀྱང་ཡོད་འོས་ཤིང་། རང་སྐད་མ་དོར་བའི་སྐྱེ་བོ་ཞིག་ལ་ཕ་ཡུལ་ནི་ཡོད་སྲིད་པ་རེད།  
        སྐྱེ་བོ་ལ་ལས་ཕ་ཡུལ་བོར་ཡང་རང་སྐད་ད་དུང་རུམ་ལ་བཅུག་འདུག སྐྱེ་བོ་ལ་ལས་རང་སྐད་དོར་རྗེས་ཕ་ཡུལ་ཟེར་བ་དེའང་བོར་ཚར་སོང་།
        རང་ལ་རང་གི་སྐད་དང་ཡི་གེ་ཟེར་བ་ཞིག་ཡོད་པར་འདོད་པའི་སྐྱེ་བོ་དེ་ཡིས། རང་སྐད་བཤད་མི་ཤེས་པའམ་རང་གི་ཡི་གེའི་ཧ་མི་གོ་ནའང་། ཕ་ཡུལ་ཟེར་བ་ཞིག་ཡོད་པའང་སེམས་ནས་བརྗེད་མི་སྲིད། ཕ་ཡུལ་སེམས་ལ་ཉར་བའི་སྐྱེ་བོ་ཞིག་ཡིན་ཚེ། ཁྱོད་རང་ས་ཆ་གང་དུ་སོང་ཡང་ཕ་ཡུལ་གྱི་བུ་ཕྲུག་རེད།
        ཕ་ཡུལ་ཁྱོད་ནི་ནམ་ཡང་ང་ཚོའི་སེམས་ཁོང་དུ་རྦ་རླབས་བཞིན་འཕྱོ་བའི་རྒྱབ་རི་དེ་ཡིན།
        ཕ་ཡུལ་ཁྱོད་ནི་ང་ཚོའི་མཐོང་ལམ་དུ་ཞོགས་པ་ལྟར་གསལ་བའི་མདུན་ལྗོངས་སུ་འགྱུར་རོགས།
འབྲེལ་ཡོད་འོས་སྦྱོར།