བསེ་ཀུན་དོང་གི་རྩོམ་ཡིག་བདམས་བཀོད།
རྩོམ་པ་པོ།:བསེ་ཀུན་དོང་།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-03-31
ཀློག་གྲངས།:
ཡོད་ཚད་གཉིད་ལ་ཤོར་བའི་མཚན་མོ།
གློག་འོད་བསྡམ་ཤུལ་ན་འཇིག་རྟེན་ནག་ཁུང་དུ་ཚུད
ཅ་དངོས་ཡོད་ཚད་ལའང་གསོན་ཤུགས་མེད་པར་ནག་ཡོ་རེ
ནད་གྲོགས་དག་གཉིད་ཤུལ་ན་སྔུར་སྒྲ་ཇེ་ཆེ་རེད
ནད་གཡོག་དག་ལ་གཉིད་ཞིམ་པོ་ཞིག་འཁོར་འདུག
ང་གཅིག་པུ་གླེན་འཆོར་ཤོར་ཏེ
རྣམ་རིག་ཇེ་གསལ་ནས་ཇེ་གསལ་རེད
ངས་གཉིད་ལ་ཤོར་ཆེ་ན་སད་མིན་དང
སད་ན་བཟང་ངམ་མ་སད་ན་བཟང
འཇིག་རྟེན་ཁམས་ལ་ལྟ་མ་བཟོད
དམྱལ་བའི་ཁམས་ལ་ལྡིང་མ་ཐུབ
གང་ལྟར་ང་རང་གཉིད་ཁུག་ཐབས་ཤིག་མི་འདུག
ཁབ་མིག་གི་མཆེ་བར་བཙུར་བའི་ཡན་ལག་དང་ཉིང་ལག
སྡོམ་རྒྱ་བཞིན་བརྒྱུས་པའི་ཚེ་སྲོག་གི་སྣོད་མ་དག
ཆུ་ཐིགས་བཞིན་ཟགས་པའི་སྨན་ཆུའི་རོལ་དབྱངས་དང་བསྡེབས་ནས
མཚན་ངོགས་ག་ཚོད་ཅིག་སྐྱེལ་དགོས་མིན་དང
གཟབ་མཉན་གྱིས་ནད་པའི་འབོད་བརྡ་ལ་སྒུག་པའི་འཚོ་བྱེད་ལ
ངས་ལགས་སོ་བྱིན་པ་ཉུང་དྲག་པས་མྱ་ངན་ཞིག་གིས
ཆུ་ཚོད་ག་ཚོད་ཅིག་སོང་བ་སྔ་ས་ནས་བརྗེད་ཚར
གང་ལྟར་དོ་དགོང་ཡང་ང་གཅིག་པུ་ཅེར་ནས
མཚན་མོ་ཡོལ་དགོས་འདུག
མཚན་མོ་འདི་བརྒལ་རྗེས
སྐྱ་རེངས་དང་ཉི་ཟེར། ད་དུང་་་་་་
གཟབ་ཉན་དང་རེ་དོགས།
དེ་རིང་གི་ནམ་མཁའ་འདི
ལྟོས་ཚོད་ཀྱིས་འཇམ་ཐིང་ངེར་སྣང་ཡང
འབྱུང་བཞིའི་ཡོ་ལང་གི་འདུ་འགོད་རྟོགས་དཀའ
ནམ་ཞར་གནམ་གཤིས་སྔོན་བརྡར་གཟབ་ཉན་བགྱིས་ཡོད
མདང་དགོང་མཚན་ཐོག་ཐག་ཏུ་རླུང་གཡུགས་པ་རེད
གཡུགས་ཤུལ་དྲོ་བབས་ཤུལ་འཁྱགས
བསམ་ཚོད་ཀྱིས་ཉི་ཐིག་གི་སྟ་གོན་ཡོད་ཀྱང
གནམ་གཤིས་ཀྱི་འཕོ་འགྱུར་དཔགས་དཀའ
ཉིན་ཞག་ཕྲུགས་མེད་དུ་རེ་དོགས་བགྱིས་ཡོད
ནམ་མཁའ་ཡུག་གཅིག་གི་སྒང་གཤོང་མི་སྙོམ་པས
གནམ་གཤིས་ལ་ཧེ་བག་ཆེ་ཡང
བསམ་ཡན་དུ་ཡུལ་དུས་ཀྱི་བསྐལ་བ་མེད་པར
ཚ་གྲང་གཞི་གཅིག་ཏུ་བསྲེས་པ་འདི
སྙིགས་བསྐལ་བདོ་བའི་མཚན་མ་ཡིན་ནམ
གཟབ་ཉན་གྱི་རྣ་བ་ཅོར་ནས
རེ་དོགས་ཀྱི་ལོ་ཟླ་འཁྱོལ་དཀའ
ངལ་གསོ།
ཁ་པར་ལག་ཏུ་ཤོར་པ་ནས་ངལ་གསོས་པ་ཡིན
ཁ་པར་སར་གཡུགས་པ་ནས་ངལ་གསོས་པ་ཡིན
ངལ་གསོ
དཔེ་ཆ་ཁ་རྫོགས་པ་ནས་ངལ་གསོས་པ་ཡིན
དཔེ་ཆ་ཁ་བྲལ་པ་ནས་ངལ་གསོས་པ་ཡིན
ངལ་གསོ
ཆང་ཕོར་བཏེགས་པ་ནས་ངལ་གསོས་པ་ཡིན
ཆང་དྲི་ཡལ་བ་ནས་ངལ་གསོས་པ་ཡིན
ངལ་གསོ
ཁ་ཇ་ལ་ཐུག་པ་ནས་ངལ་གསོས་པ་ཡིན
ལྕེ་རྒོད་ལ་ཤོར་ནས་ངལ་གསོས་པ་ཡིན
ངལ་གསོ
གཉིད་དུབ་པ་ནས་ངལ་གསོས་པ་ཡིན་ལ
རྨི་ལམ་རྨིས་མཚམས་བཞག་པ་ནས་ངལ་གསོས་པ་ཡིན
ངལ་གསོ
ལངས་ནས་འགོར་ན་ངལ་གསོས་ཆོག
ཙོག་ནས་འགྱངས་ན་ངལ་གསོས་ཆོག
སོང་ནས་ཆད་ན་ངལ་གསོས་ཆོག
བསྡད་ནས་སུན་ན་ངལ་གསོས་ཆོག
ངལ་གསོ་སྟངས་བརྒྱ་དང་བརྒྱད་ཡོད་ཀྱང
ལ་ལས་གནས་སྐབས་སུ་ངལ་གསོས་པ་ཡིན
ལ་ལས་གཏན་དུ་ངལ་གསོས་པ་ཡིན
ངལ་གསོ
རང་དབང་གི་དུས་ཚོད་ཡོད་ཚད་ངལ་གསོ་ཡིན
ངལ་གསོ་ཚུལ་ནི་མི་ཚེའི་སྙིང་བོ་ལེན་ཚུལ་ཡིན
ཁ་མི་གྲག་པ་ནི་གཞི་ནས་ནད་ཅིག་རེད།
འགྲོ་དུས་ཀྱང་གྱེས་འབོད་ཀྱི་ཨག་སྐད་ཤོར་ངེས
གྲག་འགུལ་ཅི་ཡང་མེད་ན་ཤི་གསོན་ཤེས་དཀའ
ཁ་མི་གྲག་པ་ནི་གཞི་ནས་ནད་ཅིག་རེད
ཡོང་དོན་ནི་སྐད་ཅིག་འཁྱེར་ནས་ཡོང་བ་རེད
སྐད་སྐུར་ཁ་ཡིན་ན་ཡང་བཤད་དགོས
ཟས་སྐུར་དུག་ཡིན་ན་ཡང་སྟེར་དགོས
ཁ་མི་གྲག་པ་ནི་གཞི་ནས་ནད་ཅིག་རེད
ཁ་ལ་སྒོ་དང་མིད་པར་ཕྲེང་དགོས་ཟེར
དབུགས་ཀྱང་དབྱུང་བར་དཀའ་བ་ནི
ཟྭ་འཐས་སམ་ཕྲེང་དོག་པར་ལན
ཁ་མི་གྲག་པ་ནི་གཞི་ནས་ནད་ཅིག་རེད
ཁ་རང་ལ་ཡོད་པས་ལྕེ་གཞན་ལ་གཡོར་དོན་མེད
ད་ནི་རང་གི་སྨྲ་བའི་དབང་བོ་ལོངས་སྤྱོད
རང་གི་སྐད་ཀྱི་གཏིང་ལ་དབང་བསྐུར
ཁ་མི་གྲག་པ་ནི་གཞི་ནས་ནད་ཅིག་རེད
རྡོ།
རྡོ ཆེ་ཆུང་གིས་གཞལ་མི་བཏུབ
ལྗིད་མནོན་ཤུགས་གསུམ་གྱིས་གྲུབ་ཡོད
སྲ་མཁྲེགས་འཐས་གསུམ་གྱིས་སྲུང་ཡོད
རྡོ དབྱིབས་དང་ཁ་དོག་གིས་མཚོན་དུ་མེད
མདོག་ཏུ་མི་རུང་ཞིང
གཟུགས་ལས་འདས
རྡོ གདུས་ན་ཁུ་བ་མེད་པ་ནི
བཙོ་སྦྱང་བྱས་ཚར་བས་ཡིན
སྦང་ན་ནེམ་ཐིག་མེད་པ་ནི
རང་ཚུགས་ཡོད་པས་ཡིན
རྡོ བཟང་ངན་དང་ཡག་བཙོག་མེད
རྡོ་ནི་རྣམ་རྟོག་གི་དྲི་མ་མ་བགོས་པའི
གསལ་ཞིང་རིག་པ་དེའོ
རྡོ་ནང་དུ་མེ་ཏོག་འཁྲུངས་མྱོང་ལ
རྡོ་སྙི་ས་ནས་གྲོ་མ་བརྐོ་བའི་དཔེ་མེད
རྒས་ན་གཉེར་མ་མི་འབབ་ལ
དགད་ན་འཛུམ་ཀོང་མེད་པ་ནི་རྡོ་ཡི་ལང་ཚོ་ཡིན
རྡོ་ནི་ཚོགས་དྲུག་གི་འདུ་འགོད་ཅིག
རྡོ་ནི་འདོད་ཡོན་གྱི་ལོངས་སྤྱོད་ཅིག
རྡོ་ནི་བསྐལ་བ་སྟོང་ལ་རྡོ་ཡིན
ཐག་འཁྱུད་མེ་ཏོག་གི་ལང་ཚོ།
ཐག་འཁྱུད་མེ་ཏོག བཟང་ངན་དང་ཡག་བཙོག་མེད་པར། བཟང་པོ་མཁས་བཙུན་བཟང་གསུམ་གྱི་གྲལ་དུ་འཚངས། ཡག་པ་ཁེ་གྲགས་སྙན་གསུམ་གྱི་བྲན་དུ་འཁོལ། ངན་པ་ཕ་གསོད་ཀྱི་ལག་དམར་ཡིན་ཡང་སྐེ་ལ་འཁྱུད་ཅིང་བཙོག་པ་དྲི་ཆེན་གྱི་འཁྲི་ཤིང་ལ་འཁྱུད་ཅིང་མཆུ་ཏོ་སྦྱོར། ཐ་ན་རྐང་རྟེན་འཆའ་ས་ཞིག་ཡོད་ན་བར་མེད་དུ་འཁྱུད་ཅིང་མཚར་སྡུག་གི་འདབ་ལོ་ལྷུག་པར་གྲོལ་ཡོང་།
ཐག་འཁྱུད་མེ་ཏོག དྲང་འཁྱོག་དང་སྦོམ་ཕྲ་མེད་པར། དྲང་པོ་ཚངས་ཐིག་གི་དོ་ཟླ་བྱེད་ཅིང་འཁྱོག་པ་སྡོམ་ཐག་གི་དྲ་བ་འཐེན། སྦོམ་པ་རི་རྒྱལ་ལྷུན་པོའི་སྐེད་པར་བཅིངས་ཤིང་ཕྲ་བ་དར་སྐུད་ཀྱི་ཉག་མར་འཁྱུད་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ལང་ཚོ་ཡི་གཟི་དཔལ་ངོམ།
ཐག་འཁྱུད་མེ་ཏོག མཐོ་དམའ་དང་ཆེ་ཆུང་མེད་པར། མཐོ་བ་རྩེ་མོ་ལྷ་ཡུལ་ལ་བསྙེགས་ཤིང་དམའ་བ་རྩ་བ་ཀླུ་ཡུལ་དུ་རྒྱས། རྒྱ་ཆེ་བ་ཁམས་གསུམ་གྱི་རྒྱལ་པའི་རྐུབ་ལྡག་ཅིང་། ཉམ་ཆུང་བ་དམྱལ་ཁམས་ཀྱི་ཡི་དྭགས་ལ་ཁ་ཆུ་འདོར། ཐ་ན་ཁེན་ས་ཡིན་ཕྱིར་ཚེ་སྲོག་བསྡོས་ཀྱང་ལང་ཚོ་ངོམ་ངེས།
ཐག་འཁྱུད་མེ་ཏོག རྒྱལ་ཕམ་དང་ཐོབ་ཤོར་མེད་པར། རྒྱལ་ན་གཞན་གྱི་ཕྲག་སྟེང་ནས་རང་དོན་གྱི་གླུ་དབྱངས་ལངས་ཆོག ཕམ་ནའང་ཁྲེལ་གཞུང་དང་ངོ་ཚ་མེད་པར་གཞན་གྱི་ཞན་ཆ་བསྔོག་ཆོག ཐོབ་པ་ནི་རང་གི་ཁོག་དཔུང་དང་ཤོར་བ་ནི་གཞན་གྱི་ཡིད་ཆེས་ཡིན། གཞན་གྱི་གར་སྟེགས་ནས་རང་གི་ལང་ཚོ་ངོམ་རྒྱུ་ནི་དུས་རབས་ཀྱི་ཆེས་བཟང་བའི་གདམ་ག་ལགས།
འབྲེལ་ཡོད་འོས་སྦྱོར།