མཆོད་བསྟོད་དབྱངས་ཀྱི་རྒྱལ་མོའི་སྒྲ་དབྱངས།
རྩོམ་པ་པོ།:གནུབས་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-04-01
ཀློག་གྲངས།:
མཆོད་བསྟོད་དབྱངས་ཀྱི་རྒྱལ་མོའི་སྒྲ་དབྱངས།
གནུབས་རྒྱལ་མཚན། (མགོ་ལོག)
ན་མ་སྭ་ར་སྭ་སྟྱཻ། །
ཐུགས་སྤྲིན་མེ་ཏོག་གི་སྦྲང་ཆར་མཁའ་རུ་འཇོ་ཞིང་། །
ཐུགས་ཀློང་ཆུ་འཛིན་གྱི་འདབ་བརྒྱ་ལྷུག་པར་གྲོལ་ཏེ། །
ཐུགས་སྣང་ཡེ་ཤེས་ཀྱི་སྤྲིན་གྱི་མེ་ཏོག་འཛུམ་པས། །
ཐུགས་བཙུན་མཁས་དབང་གི་དབྱར་སྐྱེས་གསུང་སྙན་ཐོས་འོང་། །
ཐུགས་བློ་རབ་གསལ་གྱི་ཉི་གདུགས་ཐོད་ལ་བཀར་ཞིང་། །
ཐུགས་དཀར་ལྗོན་ཤིང་གི་དྲི་བསུང་ཕྱོགས་ཀུན་ཁྱབ་ཏེ། །
ཐུགས་སྨོན་ཤིས་ཚིག་གི་ཕྲེང་བ་ངག་ལས་འཕོས་པས། །
ཐུགས་རྗེ་འོད་དཀར་གྱི་གཟི་བྱིན་མཁའ་ལ་འཕགས་ཡོང་། །
ཐུགས་རྒྱུད་ཡོན་ཏན་གྱི་འཇའ་ཚོན་རྣམ་པར་བཀྲ་ཞིང་། །
ཐུགས་མཐའ་དྭངས་གསལ་གྱི་རང་མདངས་ཉམས་ཀྱིས་རྒྱས་ཏེ། །
ཐུགས་བརྩེ་ཉི་གཞོན་གྱི་འོད་སྣང་ཕྱོགས་བཅུར་འཕྲོས་པས། །
ཐུགས་དགྱེས་དབྱངས་ཅན་གྱི་འཛུམ་ཞལ་མཐོང་དུ་ཟིན་ཡོང་། །
ཐུགས་འཁྱིལ་མཚོ་རྫིང་གི་མཛེས་སྡུག་ཟབ་གསལ་མངོན་ཞིང་། །
ཐུགས་དམ་ཞི་དབྱིངས་ཀྱི་འོ་མཚོ་རབ་ཏུ་རྒྱས་ཏེ། །
ཐུགས་ཡངས་མཐའ་བྲལ་གྱི་ཀློང་རིམ་ཆེམ་ཆེམ་མངོན་པས། །
ཐུགས་ཡོལ་བདུད་རྩི་ཡི་ལེགས་བཤད་ཕང་ཕུང་དུད་ཡོང་། །
ཐུགས་བསུང་དྲི་ཞིམ་གྱི་རླངས་པ་ཕྱོགས་ཀུན་ཁྱབ་ཅིང་། །
ཐུགས་ཡུལ་ཨུཏྤལ་གྱི་འདབ་མ་འཛུམ་མུར་གྲོལ་ཏེ། །
ཐུགས་བཅུད་སྦྲང་རྩི་ཡི་ལོངས་སྤྱོད་ཅི་འདོད་འཕྱོ་བས། །
ཐུགས་སློབ་གཡུ་སྦྲང་གི་ཁྱུ་ཚོགས་ལང་ལོང་འདུས་ཡོང་། །
ཐུགས་ཟིལ་གཙང་ཆབ་ཀྱིས་ཁོར་ཡུག་ཞབས་ཁྲུས་གསོལ་ཞིང་། །
ཐུགས་ཆར་མུ་ཏིག་གི་ཕྲེང་བ་ས་རུ་འཐོར་ཏེ། །
ཐུགས་ཀར་རྣམ་དག་གི་མཆོད་པའི་ཡོན་ཆབ་བཤམས་པས། །
ཐུགས་ལྗོན་དཔག་བསམ་གྱི་འཁྲི་ཤིང་རྣམ་པར་རྒྱས་ཡོང་། །
བརྩེ་གདུང་མོས་གུས་ཀྱི་ཏིང་འཛིན་གནས་ལ་ཞུགས་ཤིང་། །
བརྩེ་ཆེན་ཕྱག་སོར་གྱི་པདྨོ་སྙིང་གར་སྦྱར་ཏེ། །
བརྩེ་བས་གཉིས་མེད་དུ་ཉེ་བར་གཉེན་དུ་བསྟེན་པས། །
བརྩེ་འདང་ཤེལ་དཀར་གྱི་དར་ཁ་ངང་གིས་ཆགས་ཡོང་། །
བརྩེ་འཛུམ་ཞལ་རས་ཀྱི་ཐང་ག་གཟིགས་མོར་ཕྱེས་ཤིང་། །
བརྩེ་བ་མུ་ཏིག་གི་སྐེ་རྒྱན་བྲང་དུ་བསྣར་ཏེ། །
བརྩེ་སྐྱོངས་ཐུགས་འཛིན་གྱི་ཕྱག་པད་རིང་དུ་བསྲིངས་པས། །
བརྩེ་ལྡན་གཡུ་སྦྲང་གི་གཤོག་སྟབས་གར་དུ་བསྒྱུར་ཡོང་། །
བརྩེ་དབྱངས་རྒྱུད་མངས་ཀྱི་རོལ་མོས་རམ་འདེགས་མཛད་ཅིང་། །
བརྩེ་གླུ་དྲུག་འགྱུར་གྱི་དབྱངས་རྟ་ངག་ལ་བཏེགས་ཏེ། །
བརྩེ་ཆང་བདུད་རྩི་ཡི་ཆབ་རྒྱུན་མགྲིན་ལས་བབ་པས། །
བརྩེ་སེམས་བྱིན་རླབས་ཀྱི་འདོད་འཇོའི་དངོས་གྲུབ་འཁྱིལ་ཡོང་། །
བརྩེ་གཟིགས་སྤྱན་ཡངས་ཀྱི་དུངས་པ་འགྲོ་ཀུན་བཅངས་ཤིང་། །
བརྩེ་ཟེར་ཉི་ཟླ་ཡི་འོད་སྣང་སྲིད་རྩེར་འཕྲོས་ཏེ། །
བརྩེ་དགོངས་ཡང་དག་གི་ཞི་བསིལ་སྐྱབས་འོག་བཟུང་བས། །
བརྩེ་སྦྱོར་མོས་གུས་ཀྱི་དད་གུས་ཟབ་མོ་ཆགས་ཡོང་། །
བརྩེ་ཟབ་བསམ་སྦྱོར་གྱིས་ཡིད་ཀྱི་གོང་བུར་དྲངས་ཤིང་། །
བརྩེ་འདང་འོ་མཚོ་ཡི་གཞུང་ལུགས་ལྕོགས་ཀྱིས་བཅུས་ཏེ། །
བརྩེ་གཞུང་ཆུ་མོ་ཡི་བཞུར་རྒྱུན་ལྷུང་ལྷུང་འབབ་པས། །
བརྩེ་བ་དྭངས་གསལ་གྱི་མཁའ་ངོགས་དཔལ་གྱིས་ཕྱུག་ཡོང་། །
བརྩེ་དགའི་མཛེས་འཛུམ་གྱི་འཇོ་སྒེག་རྣམ་པར་བཀྲ་ཞིང་། །
བརྩེ་འདབ་མེ་ཏོག་གི་སྐར་ཚོགས་ཁྲ་ལམ་འཁྱུག་ཏེ། །
བརྩེ་བསིལ་སྤོས་ཆབ་ཀྱི་དྲི་བཟང་བསྐྱིལ་བུར་འཐུལ་བས། །
བརྩེ་ཆགས་རྗེས་འཛིན་གྱི་གཡུ་ཡི་དབྱར་མཚོ་འཕེལ་ཡོང་། །
མཁྱེན་སྟོབས་དཔའ་སྤོབས་ཀྱི་ཟིལ་ཤུགས་གཡེར་བོར་མངོན་ཞིང་། །
མཁྱེན་རབ་གོ་མཚོན་གྱི་ཁྲབ་རྨོག་ལུས་ལ་ཐོགས་ཏེ། །
མཁྱེན་རྩལ་གློག་ཞགས་ཀྱི་མེ་སྟག་ཚག་ཚག་མཆེད་པས། །
མཁྱེན་ཡངས་ཐོགས་མེད་ཀྱི་བློ་གྲོས་རྣམ་པར་རྒྱས་ཡོང་། །
མཁྱེན་གསལ་དཔྱད་དག་གི་འབྱུང་ཁུངས་རྩ་གནད་གཏུགས་ཤིང་། །
མཁྱེན་པ་རྣོ་ངར་གྱི་རལ་གྲི་ཕྱག་ཏུ་ཕྱར་ཏེ། །
མཁྱེན་ནུས་གཟི་དཔལ་གྱི་བྱིན་རླབས་ཚན་ཁ་འབར་བས། །
མཁྱེན་གཏེར་ཡོན་ཏན་གྱི་བདུད་རྩི་མཁའ་ལས་བབས་ཡོང་། །
མཁྱེན་བརྩེ་རབ་དཀར་གྱི་སྟོན་ནམ་ཉ་ཟླ་འགྲིབ་ཅིང་། །
མཁྱེན་བརྙེས་ཡོལ་གོར་གྱི་སྣོད་ལ་མཛོད་ཀྱིས་གཏམས་ཏེ། །
མཁྱེན་དཔྱོད་ངག་རིག་གི་བདུད་རྩིའི་མཆོད་ཡོན་ཕུལ་བས། །
མཁྱེན་རྫོགས་སངས་རྒྱས་ཀྱི་ས་ལམ་གོ་འཕང་ཐོབ་ཡོང་། །
མཁྱེན་བློ་གངས་དཀར་གྱི་དབུ་འཕང་མཁའ་རུ་བསྙེག་ཅིང་། །
མཁྱེན་རྒྱ་མཐའ་བྲལ་གྱི་དཔག་ཚད་རིང་ལས་བརྒལ་ཏེ། །
མཁྱེན་ལྡན་ངག་རིག་གི་དྲིལ་ཆུང་སིལ་སིལ་དཀྲོལ་བས། །
མཁྱེན་རྟོགས་ཟབ་གསང་གི་ཤེས་རབ་ངང་གིས་གྲོལ་ཡོང་། །
མཁྱེན་གཟིགས་སྤྱན་ཡངས་ཀྱི་པད་འདབ་ཕྱོགས་བཞིར་བརྐྱངས་ཤིང་། །
མཁྱེན་ཟབ་ཚོགས་གཉིས་ཀྱི་ཆུ་གཏེར་འོ་མཚོ་འཁྱིལ་ཏེ། །
མཁྱེན་རྣོན་ཤེས་རབ་ཀྱི་རྡོ་རྗེ་སྙིང་གར་སྦྱར་བས། །
མཁྱེན་རིག་གློག་ཞགས་ཀྱི་མེ་ཕུང་དགུང་ལ་འདྲེས་ཡོང་། །
མཁྱེན་པའི་གཟི་བྱིན་གྱི་ཉི་ཟླའི་འོད་སྣང་ཁྱབ་ཅིང་། །
མཁྱེན་པའི་དཔལ་ཡོན་གྱི་ས་གཞིར་མཛེས་པས་བྱུགས་ཏེ། །
མཁྱེན་པའི་སྐར་ཚོགས་ཀྱི་མེ་ཏོག་ཁྲ་ལམ་བཀྲ་བས། །
མཁྱེན་ཀློང་འཆི་མེད་ལམ་རྟག་པར་ཡངས་ཤིང་དྭངས་ཡོང་། །

2021/7/26/ཉིན་གནའ་མཁར་ཟི་ལིང་དུ་བྲིས་པ་དགེའོ། །
འབྲེལ་ཡོད་འོས་སྦྱོར།