logo

སྙན་ངག་པ་བྱ་གཞུང་དབྱངས་བྷ་ལགས་ཀྱི་སྙན་ངག

རྩོམ་པ་པོ།:བྱ་གཞུང་དབྱངས་བྷ། ཡོང་ཁུངས།:༢༠༡༧ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ། དུས་ཚོད།:2022-05-17 ཀློག་གྲངས།:
བྱང་རྭ་སྒྲེང་ལ་མཇལ་བ།
                                ----ཡང་ན་རང་ཉིད་དང་སྙན་ངག་ལ་ཕུལ་བ།
བྱ་གཞུང་དབྱངས་བྷ།
གནའ་བོ་གནའ་བོའི།
བརྟན་ཚུགས་དང་དཔའ་གདེང། ཞི་ལྷོད་དང་བག་ཡངས་དག
ཤུག་པའི་ཚུལ་དུ་སྐྱེས་ཤིང་ལྷ་ཁང་གི་ཟོལ་དུ་འགྲེང་སྟེ། ཡང་ན།
མཁའ་དབུགས་དང་དྲི་བསུང་ངམ། ས་རྡོ་དང་བར་སྣང་གི་ཟོལ་དུ་བསྡད་དེ།
ལུས་སྟེང་སེམས་སྟེང་ནས་བོར་ཟིན་པ་མཐའ་དག
སླར་ཡང་ལྷན་པ་བཞིན་ཚེམ་ཡོང་གིན་ཡོད་སྣང་སྟེར།

ཆོས་བརྒྱད་གྱོན་གོས་བཞིན་ཕུད་ནས།
ནང་ཁོང་འོད་ཀྱིས་བརྒྱངས་པ་དག་ཀྱང།
ད་དུང་ཡང་ཤུག་པའི་གསེབ་དང་བྲག་ཕུག་དག་ན།
འཛུམ་བག་ཤིག་ཤིག་གིས་བཞུགས་ཤིང་ཕེབས་ཀྱིན་ཡོད་སྣང་སྟེར།

གཙང་པོ། ལྷུང་ལྷུང་ཤང་ཤང་གིས་རྒྱུག་དོན།
བརྟན་བརླིང་ངེར་ལན་གཅིག་གཞོངས་ལ་འཁྱིལ་བའི་ཆེད་དུའོ།།
སྤྲིན་པ། ལང་ལོང་ཟང་ཟིང་གིས་འཕྱོ་དོན་ཡང།
བརླན་བསིལ་ལེར་ལན་གཅིག་ས་ལ་འབབ་པའི་ཆེད་དུའོ།།
ཨ་སྔོན་མཐོ་ས་མཐོ་ས་ན་རྒོད་པོ་ཁ་ཁུ་སིམ།
སྤང་ཐང་གཙང་ས་གཙང་ས་ན་རྐྱང་རྒོད་བློ་བག་ཡངས།
བྲེ་སེར་འབྲོང་ལ་ཀུ་ཅོ་མེད།
ཁྲ་བོ་གསའ་ལ་འགྲོ་རོགས་མེད།
སེམས་པ། ཉི་ཟེར་བཞིན་འོད་གསལ་གསལ་དུ་བཀྲམ་ཚེ།
རང་ཉིད་ནི་ཕྱོགས་སུ་ཐོར་བའི་རྡུལ་ཚོན་ཇི་བཞིན།
སླར་ཡང་རང་ཉིད་ཀྱི་སྟེང་དུ་ཟགས་ཡོང་གིན་ཡོད་ཚོད་གདའ།
ཤ་ཁྲག་ལུས་པོ་དང་ཁེ་གྲགས་དབང་ཐང་གི་ཕ་རོལ་ན།
མ་བཅོས་གཉུག་མའི་དཀྱིལ་འཁོར་དེའང་གཞི་ནས་འགྲུབ་ཀྱིན་ཡོད་ཚོད་གདའ།
2017.7.21རྭ་སྒྲེང་དགོན་དུ།
འབྲེལ་ཡོད་འོས་སྦྱོར།