༄༅། །མཛེས་སེ་ལགས་ཀྱིས་བྲིས་པའི་འཕྲིན་ཡིག་ཅིག
རྩོམ་པ་པོ།:མཛེས་སེ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-05-23
ཀློག་གྲངས།:
༄༅། །འོད་ཀྱི་ཤིང་རྟར་ཕུལ་བའི་འཕྲིན་ལན།
མཛེས་སེ།
གྲོགས་པོ་འོད་ཀྱི་ཤིང་རྟ་ཟེར་བ་ཞིག་གིས་ང་ལ་གློག་རྡུལ་གྱི་འཕྲིན་ཞིག་བཏང་ཡོང་ནས། ཁོས་མིང་ལ་ཤིང་རྟ་ཞེས་འབོད་པའི་མི་གསུམ་ངོ་ཤེས་པ་དང་། ཁོ་ཚོའི་མིང་ནི་ཀུན་དང་མི་མཚུངས་ལ། གཏམ་སྤྱོད་ཀྱང་ཡ་མཚར་བ་ཞིག་རེད་ཅེས་བྲིས་འདུག
ཁོང་གིས་འཕྲིན་ཡིག་ནང་དུ་བཤད་རྒྱུར། ལོ་ངོ་དྲུག་གི་ཡར་སྔོན་དུ། ཁོས་ཕོ་གསར་བ་གླང་ཤིང་རྟ་ཞེས་པ་དེ་ཡར་ཀླུང་གཙང་པོའི་འགྲམ་དུ་གན་རྐྱལ་དུ་ལོག་ནས་དཔེ་ཆ་ལྟ་བཞིན་པ་རྨི་ལམ་དུ་རྨིས་པ་དང་། ཡུད་ཙམ་སོང་བ་ན། ཕོ་གསར་གྱིས་བལྟས་ཚར་ལ་ཉེ་བའི་དཔེ་ཆའི་ཁ་བསུམས་ནས། ཡར་ཙོག་པར་བསྡད་དེ་མིག་ཟུང་འཕུར་འཕུར་བྱས་ཤིང་ངག་ནས། སྐྱག་ཟན། སྐྱུག་མེར་བ་ཞིག་རེད། ང་ནི་ཉིན་རེ་ནས་ཉིན་རེར་བོད་པ་ལ་དགའ་པོ་མི་འདུག་ཅེས་ཁེར་ལབ་བརྒྱབ་བྱུང་བ་དང་། གམ་གྱི་ལྗོན་ཤིང་ཡལ་གའི་སྟེང་དུ་བབས་པའི་བྱེའུ་ཞིག་གིས་སྐད་ཅི་ཡང་མི་བསྒྲག་པར་ཡུན་རིང་འགོར་རྗེས་ཁོའི་མགོ་ཐོག་ནས་འཕུར་སོང་ཟེར།
དེ་ནས་ལོ་གཉིས་ཀྱི་རྗེས་སུ། ཁོས་མིང་ལ་དྲི་ཡི་ཤིང་རྟ་ཞེས་པའི་བུ་མོ་ཡིད་དུ་འོང་བ་ཞིག་འབྲི་ཆུའི་འགྲམ་དུ་བསླེབས་ཏེ། རྡོ་ཕ་བོང་ཞིག་གི་སྟེང་དུ་འགྲེངས་ཤིང་ཡུལ་སྐོར་པ་མང་པོར་རང་ཉིད་ངོ་སྤྲོད་བྱ་རྒྱུར། ང་ནི་ཁམས་པ་མི་རིགས་ཡིན་གྱི་བོད་པ་མིན་ཞེས་བཤད་པ་ན། མི་རྣམས་ཀྱིས་སྤྲོ་བ་ཆེན་པོས་ཉན་འདུག་ལ། ལ་ལས་ཟིན་དེབ་ངོས་སུ་ཅི་ཞིག་འབྲི་བཞིན་པའི་རྨི་ལམ་ཞིག་རྨིས་བྱུང་ཟེར།
དེ་ནས་ཡང་ལོ་ངོ་བཞི་འགོར་རྗེས་ཀྱི་ཁ་སང་ཉིན་གུང་། ཁོས་མིང་ལ་ཆུ་ཡི་ཤིང་རྟ་ཞེས་པའི་ཕོ་མིན་མོ་མིན་གྱི་ན་གཞོན་ཞིག་གིས་རྨ་ཆུའི་ཟམ་པའི་སྟེང་དུ་ལག་གཡོན་པས་འགྲམ་སྐྱོར་ལ་བཏགས་ཡོད་པའི་དར་ལྕོག་ལ་རེག་པ་དང་། ལག་གཡས་པ་མདུན་དུ་བསྲིངས་ནས། ངའི་ཡབ་ཆེན་ནི་རྩྭ་ཐང་གི་སྐྱ་མི་རྩེ་གྲ་དང་། ངའི་ཡུམ་ཆེན་ནི་རྒྱལ་རོང་གི་མཛེས་མ་གཅིག་པུ་དེ་ཡིན། རྒྱང་རིང་ཡུལ་དུ་འཕུར་བའི་རླུང་བུ་ཀྱེ། ཨ་མདོ་ནས་སྐྱེས་པའི་བུ་ཆུང་ང་རང་། ཚེ་འདིར་བོད་པ་མིན་ན་ཆོག་གམ། ཞེས་རྒྱ་ཡིག་གིས་གསར་དུ་བྲིས་པའི་སྙན་ངག་གྱེར་བ་རྨི་ལམ་དུ་རྨིས་བྱུང་ཟེར།
གྲོགས་པོ་འོད་ཀྱི་ཤིང་རྟས་འཕྲིན་ཡིག་གི་མཇུག་ཏུ་བཤད་རྒྱུར། གད་སྙིགས་སྒམ་དང་མཚུངས་པའི་མཆུ་ཏོའི་བར་ནས། སྐད་ཆ་འདི་འདྲ་སྐྱུག་མཁན་གྱི་མི་ལ་ཤིང་རྟ་ཞེས་པའི་མིང་དེ་མི་མཛའ་ཞིང་། ངའི་གྲོགས་པོར་ཡང་མི་འོས། ངས་ནི་སྔོན་ཆད་འཕྲིན་ཕྲན་གྱི་ཚོམས་ཞིག་ལས་ང་རང་གི་མིང་དང་མཚུངས་པ་འགའ་མཐོང་བས། བསམ་བློ་མ་བཏང་བར་དྲ་གྲོགས་སུ་བདམས་པ་ཡིན་མོད། ད་ལྟ་བལྟས་ན། ཁོ་ཚོ་ནི་ཕག་པ་དང་བོང་བུས་འཛིང་རེས་བྱེད་པར་ལྟད་མོ་ལྟ་སྐབས་སུ་རྐང་འཕྲ་མགོ་ལ་ཕོག་མཁན་ཡིན་པ་འདྲ། དེ་རིང་ཁྱོད་ལ་འཕྲིན་གཏོང་དོན་ནི། ཁོ་ཚོའི་གཏམ་སྤྱོད་ཐད་ཁྱོད་ཀྱིས་རང་གི་ལྟ་ཚུལ་བརྗོད་རྒྱུའི་རེ་བ་ཞུ་བ་ཡིན་ཞེས་བྲིས་འདུག
གུང་བཟའ་སྤྱད་རྗེས། ངས་ཐ་མག་རྐང་གཉིས་འཐེན་ཞིང་ཆུ་ཚོད་སྐར་མ་སུམ་ཅུ་ཡས་མས་སུ་བསམ་བློ་བཏང་མཐར། ཁོ་ལ་འཕྲིན་ལན་འདི་བྲིས་པ་ཡིན་ཏེ།
གྲོགས་པོ་འོད་ཀྱི་ཤིང་རྟ་ལགས། སྐུ་ཁམས་བཟང་། ཁྱོད་ཀྱིས་སྤྲིངས་པའི་འཕྲིན་ཡིག་བཀླགས་ཚར་རྗེས། ངའི་སེམས་སུ་ཁྱོད་ཀྱི་གྲོགས་པོ་མི་དེ་གསུམ་ནི་སྤྱིར་བཏང་ཞིག་མིན་པར་སྙམ་བྱུང་། ཁྱོད་ཀྱིས་ཁོ་ཚོ་རྨི་ལམ་དུ་རྨིས་པའམ་ཡང་ན་ཁོ་ཚོས་མངོན་སུམ་དུ་ཁྱོད་ལ་གཏམ་དེ་འདྲ་སྨྲས་པ་གང་ཡིན་རུང་། ངས་རང་གི་ད་ལྟའི་དྲན་ཚུལ་ཙམ་བརྗོད་ཆོག
ཐོག་མར། ངས་མི་དེ་ཚོའི་གཏམ་སྤྱོད་ལ་དཔྱད་བརྗོད་སོགས་ཅི་ཡང་སྤེལ་རྒྱུ་མིན་ཏེ། རྒྱུ་མཚན་ནི་ཁོ་ཚོར་གདམ་གསེས་ཀྱི་རང་དབང་ཡོད་པ་དང་། ང་ལའང་དོན་དག་དེའི་ནང་དུ་མི་བསྲེ་རྒྱུའི་ཁེ་དབང་ཡོད་པས་སོ། །
ཁོ་ཚོས་རང་གི་འདོད་པ་དང་མཐུན་པའི་ལམ་ཞིག་བཙལ་ན་ཆོག་སྟེ། དཔེར་ན་རང་གི་ས་ཞིང་རང་གིས་རྨོ་བ་དང་། རང་གི་ཕྱུགས་ཟོག་རང་གིས་འཚོ་བ། རང་གི་བུ་ཕྲུག་རང་གིས་སྐྱོང་བ། རང་གི་རལ་གྲི་རང་གིས་བརྡུང་བ། རང་གི་ཕུགས་འདུན་རང་གིས་བསྙེག་པ་སོགས། ཡང་ན། ཁོ་ཚོ་ཁྱུ་ཚོགས་གཞན་ལ་ཞུགས་ཀྱང་ཚོག་སྟེ། མི་ཚེ་གང་པོར་གསར་དུ་བསྒྲིགས་པའི་སྤུན་ཟླ་དང་གྲོགས་པོ་རྣམས་ལ་ངོ་དགའ་བྱེད་པ་དང་། གདོང་ལ་འཛུམ་མདངས་བྲིས་ཏེ་གཞན་གྱིས་སྙིང་རྗེ་བསྒོམ་པར་རེ་བ་བྱེད་པ། དེ་ནས་སྤོབས་སེམས་ཆེན་པོས་གཞན་གྱི་ཟ་འཕྲོར་ལུས་པའི་ཟས་འཁྱག་ལོངས་སུ་སྤྱོད་པ་དང་། ཡིད་ཚིམ་པའི་ཉམས་ཀྱིས་གཞན་གྱི་འཐུང་འཕྲོར་བསྐྱུར་བའི་ཨ་རག་གི་བྲོ་བ་མྱོང་བ་དང་། ཚིག་དོན་ཅི་ཡང་མི་གོ་བའི་གཞན་གྱི་གླུ་གཞས་དགའ་ལྷང་ལྷང་གིས་བླངས་ཆོག་པ་རེད།
ངོ་མ་བཤད་ན། མི་དེ་ཚོ་ཁྱོད་ཀྱི་སྤུན་ཟླའམ་གྲོགས་པོར་གཏན་ནས་མི་འོས་པ་འདྲ། རང་ཉིད་གནས་སའི་ཁྱུ་ཚོགས་ཤིག་དང་འབྲལ་འདོད་པའི་མི་དང་། རང་ཉིད་གནས་སའི་ཁྱུ་ཚོགས་ཤིག་ལ་ཁྱད་གསོད་སྣང་ཆུང་བྱེད་པའི་མི་དེའི་རིགས། གང་ལ་འགྲོ་བསམ་ན་འགྲོ་རུ་ཆུགས་དང་། ཁོ་ཚོར་ཡིད་ཆགས་པ་བྱེད་རིན་ཅི་ཡོད།
འོན་ཀྱང་། ཁྱོད་ཀྱིས་མི་དེ་ཚོར་གསལ་པོར་བཤད་དགོས་རྒྱུ་ཞིག་ནི། ཁོ་བསྡད་མྱོང་བའི་ཁྱིམ་གཞིས་དེ་ང་ཚོར་ཕྱིར་སྤྲོད་རོགས། ཁོས་བཤད་མྱོང་བའི་སྐད་རིགས་དེ་ང་ཚོར་ཕྱིར་སྤྲོད་རོགས། ཁོས་བྲིས་མྱོང་བའི་ཡི་གེ་དེ་ང་ཚོར་ཕྱིར་སྤྲོད་རོགས། ཁོས་གྱོན་མྱོང་བའི་ཞྭ་གོས་ལྷམ་གསུམ་ང་ཚོར་ཕྱིར་སྤྲོད་རོགས། ཁོའི་བློ་ཡི་རྨོངས་མུན་སེལ་བར་བྱས་པའི་ཤེས་རིག་དེ་ང་ཚོར་ཕྱིར་སྤྲོད་རོགས། ང་ཚོའི་སྲོལ་རྒྱུན་གྱི་རིན་ཐང་ཕྱིར་སྤྲོད་རོགས། ང་ཚོའི་སྒྱུ་རྩལ་གྱི་གསར་གཏོད་ནུས་པ་ཕྱིར་སྤྲོད་རོགས། ང་ཚོའི་ཡུལ་གོམས་གཤིས་ལུགས་ཕྱིར་སྤྲོད་རོགས། ལོ་རྒྱུས་དང་དྲན་ཤེས་ཐམས་ཅད་ང་ཚོར་ཕྱིར་སྤྲོད་རོགས། རུས་རྐང་དང་ཁྲག་རྒྱུན་ང་ཚོར་ཕྱིར་སྤྲོད་རོགས།
དེ་ནས་ཁོ་ཚོ་གང་ལ་འགྲོ་བསམ་ན་འགྲོ་རུ་ཆུགས་དང་། ང་ཚོའི་མར་ཕྱུར་རྩམ་གསུམ་དང་འོ་ཇ་ངེས་པར་དུ་བསྐྱུར་དགོས། ང་ཚོའི་ལྷད་མེད་ཀྱི་འཛུམ་མདངས་དང་གླུ་སྐད་ངེས་པར་དུ་བསྐྱུར་དགོས། ད་དུང་། ང་ཚོའི་གློ་གྲི་དང་གཡུ་ཡི་མགུལ་རྒྱན་ཡང་ངེས་པར་དུ་བསྐྱུར་དགོས།
ང་ཚོའི་དད་པ་གཅིག་པུ་ཁོ་ཚོས་ཕྱིར་མ་སྤྲད་པར་འཁྱེར་ཆོག
གྲོགས་པོ་འོད་ཀྱི་ཤིང་རྟ་ལགས། གོང་དུ་བྲིས་པ་འདི་ནི་ངའི་ད་ལྟའི་དྲན་ཚུལ་ཙམ་ཡིན།
མཐར། ཁྱོད་ཀྱི་དབྱར་ཁ་སྐྱིད་པོ་ཡོང་བར་སྨོན། བཀྲ་ཤིས་བདེ་ལེགས་ཞུ།
ཞེས་སྤྱི་རྩིས༢༠༢༢ལོའི་ཟླ༥ཚེས༡༩ཉིན་ཟི་ལིང་ནས་ཕུལ།
འབྲེལ་ཡོད་འོས་སྦྱོར།