༄༅། །རྗེ་ཙོང་ཁ་བའི་རྣམ་ཐར་ལ་མཇལ་བའི་མྱོང་ཟིན།
རྩོམ་པ་པོ།:གངས་ཆུ་ཤེལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-05-30
ཀློག་གྲངས།:
༄༅། །རྗེ་ཙོང་ཁ་བའི་རྣམ་ཐར་ལ་མཇལ་བའི་མྱོང་ཟིན།
གངས་ཆུ་ཤེལ།
དང་པོ། རྗེ་རིན་པོ་ཆེའི་རྣམ་ཐར་དངོས་མདོར་བསྡུས་ཞུ་བ།
དེ་ཡང་ཁམས་གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་བ་བློ་བཟང་གྲགས་པ་མཆོག་ནི་བོད་བསིལ་ལྡན་གྱི་ཞིང་ཁམས་ལས་མདོ་སྨད་ཙོང་ཁའི་ཡུལ་དུ་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ད་ར་ཀླུ་འབུམ་དགེ་དང་ཡུམ་ཤིང་ཨ་ཆོས་གཉིས་ལ་སྲས་དྲུག་ཡོད་པའི་རྗེ་རིན་པོ་ཁོང་ཚང་སྲས་བཞི་བར་ཕྱི་ལོ་མེ་བྱ༡༣༥༧ལོའི་དགུན་ཁར་བལྟས་བཟང་སྣ་ཚོགས་པ་དང་བཅས་སྐུ་འཁྲུངས། དུས་དེར་ཡུལ་དེ་གའི་མཁས་པའི་དབང་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བཏང་བའི་གྲྭ་བ་ཞིག་འབྱོར་ཏེ་ཕྱག་མདུད་རེ་དང་བདུད་རྩི་རིལ་བུ། བྱིས་པ་འདི་ལ་བདག་སྐྱོང་ལེགས་པོ་གྱིས་ཞེས་པའི་ཡི་གེ་སོགས་འབྱོར། རྗེ་རིན་པོ་ཆེ་དགུང་ལོ་གསུམ་ལ་སླེབས་པ་ན་ཀརྨ་རོལ་བའི་རྡོ་རྗེའི་མདུན་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་བོ་ཞེས་བཏགས། ཆོས་རྗེ་དོན་གྲུབ་རིན་པོ་ཆེས་ཡབ་ཡུམ་གཉིས་ལ་རྒྱུ་ནོར་གྲངས་མེད་པ་བསྩལ་ཏེ་བུ་ཆུང་འདི་ང་ལ་ཕུལ་ཅེས་བཀའ་གནང་བ་ལྟར་ཡབ་ཡུམ་གཉིས་དགའ་ཞིང་གུས་པས་བུ་ཆུང་བླ་མར་ཕུལ། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་གསོལ། དེ་ནས་བཟུང་ཆོས་རྗེ་བླ་མའི་དྲུང་ནས་ཆོ་ཁ་ཆོས་སྤྱོད་དང་མདོ་གཞུང་སོགས་ཐར་ཆགས་སུ་སློབ་པའི་དབུ་བརྩམས། རིམ་གྱིས་ནར་སོན་པ་དང་བསྟུན་ཁོང་གི་ཐུགས་ལ་རྟག་པར་ཆོས་སྡེ་ཆེན་མོར་སོང་ནས་སློབ་གཉེར་བྱེད་དགོས་པའི་འདུན་པ་ལན་མང་འཁྲུངས། དགུང་ལོ་བཅུ་དྲུག་ལ་སོན་པའི་ཚེ་ཆོས་རྗེ་བླ་མས་སློབ་གཉེར་ལ་གཏོང་བར་བཀའ་བསྩལ་པས་རྗེ་རང་ཉིད་ཀྱིས་འདུན་པ་དྲགས་པོས་བཀའ་དང་དུ་བླངས་ཤིང་བླ་མས་ལམ་གྱི་ཞོན་པ་སོགས་ཆོས་ཀྱི་མཐུན་རྐྱེན་དུ་མཁོ་བ་ཀུན་སྟ་གོན་ཚགས་སུ་མཛད་ཅིང་། “ངས་ཁྱོད་ལ་ཆོས་ཤིག་འཆད་པ་ཡིན་གསུངས“ནས་སློབ་གཉེར་གྱི་རིམ་པ་སོགས་ཞལ་གདམས་རྣམས་ཚང་བར་མཛད་ནས་འབྲི་གུང་དུ་འབུལ་བ་སྐྱེལ་བའི་དཔོན་ལྡན་མ་རིན་ཆེན་དཔལ་དང་རྗེ་རང་གི་ཞང་བོ་རྣམ་གཉིས་དང་ལྷན་དབུས་ཕྱོགས་སུ་བྱོན། དགུང་ལོ་བཅུ་བདུན་སྟེང་འབྲི་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་བོ་དང་མཇལ་ཏེ་ཐེག་ཆེན་སེམས་སྐྱེད་སོགས་ཆོས་མང་དུ་གསན་ཅིང་རིམ་གྱིས་ཚལ་གུང་ཐང་དང་གསང་ཕུ་བདེ་བ་ཅན་ཇོ་མོ་ལུང་སོགས་ས་ཆ་མང་བོར་སློབ་གཉེར་ལ་ཟམ་མ་ཆད་པར་བྱོན་ཅིང་། ཁྱད་པར་དུ་མཁས་པའི་དབང་བོ་ཉ་དཔོན་ཀུན་དགའ་དཔལ་གྱི་སློབ་མ་རྗེ་བཙུན་རེད་མདའ་བ་དང་མཇལ་ནས་མཛོད་སོགས་ལ་ལེགས་པར་སྦྱངས་ཤིང་དགུང་ལོ་བཅུ་དགུའི་སྟེང་གྲྭ་སྐོར་མཛད།

དགུང་ལོ་ཉེར་གཉིས་སྟེང་ཡུམ་གྱིས་ཁོང་ཡུལ་ལ་འབྱོན་པར་སྐུལ་བའི་འཕྲིན་ཡིག་འབྱོར་ཀྱང་ཁོང་གིས་ཐུགས་ལ་འཇིག་རྟེན་གྱི་ལོངས་སྤྱོད་སོགས་ཕུགས་ལ་ཕན་པ་མེད་པ་དགོངས་ནས་སྤྱིར་མདོ་སྨད་ཕྱོགས་དང་ལྷག་ཏུ་རང་ཡུལ་དུ་མི་འགྲོ་སྙམ་པའི་ཐུགས་འདུན་དྲག་པོ་འཁྲུངས་ཏེ་ཡུམ་དང་ཨ་ཅེ་གཉིས་ལ་རྗེ་རང་གི་སྐུ་བརྙན་དང་དབུ་སྐྲ། འཕྲིན་ཡིག་སོགས་བསྐུར། དབྱངས་ཅན་མར་བསྙེན་པ་གྲངས་མེད་མཛད་པས་དབྱངས་ཅན་མའི་ཞལ་གཟིགས་ཤིང་ཇོ་གདན་ཚོགས་ཆེན་གྱི་མཁན་པོ་བཀའ་བཞི་བ་ཚུལ་ཁྲིམས་རིན་ཆེན་པས་བསྙེན་རྫོགས་ཀྱི་མཁན་པོ་མཛད། འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་ནས་མན་ངག་མང་དུ་གསུངས་ཤིང་འོལ་ཁ་ཆོས་ལུང་ནས་ཕྱག་འབུམ་གཏེར་མང་བོ་འཚལ། དགུང་ལོ་སོ་དྲུག་པར་སྐྱོར་མོ་ལུང་ནས་འོལ་ཁར་ཕེབས་ནས་སྒོམ་སྒྲུབ་གཙོ་བོ་མཛད། དགུང་ལོ་ཞེ་བརྒྱད་པར་སྔགས་རིམ་ཆེན་པོ་མཛད། དགུང་ལོ་ང་གསུམ་སྟེང་ཆོལ་འཕྲུལ་སྨོན་ལམ་ཆེན་པོ་བཙུགས་ཤིང་དགའ་ལྡན་དགོན་པ་ཕྱག་བཏབ། དགེ་ལུགས་པའི་གྲུབ་མཐའི་སྲོལ་བཏོད་ཅིང་དགའ་ལྡན་ཁྲི་བ་དང་བོར་བྱོན། ས་ཕག་ཕྱི་ལོ༡༤༡༩ལོར་གཟུགས་སྐུའི་བཀོད་པ་བསྡུས། ཁོང་གིས་འགྲོ་བ་ཐམས་ཅད་དང་ལྷག་པར་བསྟན་པོ་རིན་པོ་ཆེ་གསལ་ཞིང་རྒྱས་པར་མཛད་ཅིང་སངས་རྒྱས་བཅོམ་ལྡན་འདས་དངོས་སུ་བྱོན་པ་ལྟ་བུའི་མཛད་འཕྲིན་ཕྱོགས་བཅུར་སྤེལ་རྐྱེན་རྒྱལ་བ་གཉིས་པ་ཞེས་ཡོངས་སུ་གྲགས། གདུལ་བྱ་ཡོངས་ཀྱིས་ཁོང་གི་མཚན་ཐོས་པ་ཙམ་གྱིས་རྩི་ཤིང་རླུང་གིས་བསྒུལ་བ་བཞིན་ཅིག་ཅར་གྱིས་ཐལ་མོ་སྦྱོར་ཞིང་ཕྱག་འཚལ། ཁོང་གི་གསུང་རྩོམ་ལ་བྱང་ཆུབ་ལམ་རིམ། ལེགས་བཤད་གསེར་ཕྲེང་། རིམ་ལྔ་གསལ་སྒྲོན་སོགས་པོད་བཅོ་བརྒྱད་ལྷག་བཞུགས། ཁོང་ལ་སློབ་མ་གྲགས་ཆེ་བ་རྒྱབ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་དགེ་འདུན་གྲུབ་སོགས་མཚན་སྙན་གང་སར་ཁྱབ་པའི་མཁས་པ་གྲངས་མེད་པ་ཡོད་དོ། །
གཉིས་པ། རང་གི་མྱོང་ཚོར་ཞུ་བ།
དེ་ཡང་རང་རེའི་གངས་ཅན་གྱི་ལྗོངས་ལ་བསྟན་འཛིན་གྱི་སྐྱེས་ཆེན་མང་བོ་ཟམ་མ་ཆད་པར་བྱོན་ཞིང་། དེ་དག་ལས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་གྱུར་བ་ཆོས་རྗེ་ཙོང་ཁ་བའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད། བདག་བས་གཞན་གཅེས། བསླབ་པ་སློབ་གཉེར་དང་སྐུ་ཚེ་གཞན་དོན་ལ་བསྟིམས་པའི་ཐུགས་སྐྱེད་དང་བྱམས་དང་བརྩེ་བ་སོགས་རང་ཅག་གི་མི་ཚེ་དོན་ལྡན་ལ་གཏོང་བའི་སྐུལ་ལྕག་ལགས་ཤིང་། ཁྱད་པར་ཁོང་གིས་དངོས་བརྒྱུད་བླ་མ་རྣམས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་འཁྲུངས་ཤིང་དབུས་སུ་སློབ་གཉེར་གནང་སྐབས་ཁོ་བོ་ལ་བླ་མ་རྣམས་ལས་བཀའ་དྲིན་ཆེ་བ་ཆོས་རྗེ་དོན་གྲུབ་རིན་ཆེན་ཞེས“མཚན་བརྗོད་པ་ཙམ་གྱིས་སྤྱན་ཆབ་བསིལ། ཐལ་མོ་སྦྱོར། གསོལ་བ་འདེབས།” ཁོང་གི་གསུང་རྩོམ་དང་རྣམ་ཐར་ལ་མཇལ་བ་ནི་ཁོང་དངོས་ལ་མཇལ་བ་དང་ཁྱད་མེད་ཅེས་གསུང་བ་ལྟར་རང་ཅག་རྣམས་སྔོན་བྱོན་སྐྱེས་ཆེན་མང་བོའི་གསུང་རྩོམ་ལ་མཇལ་རིགས་པ་ཡིན་ཞིང་། ཐེངས་འདིར་རྣམ་ཐར་འདི་ལ་མཇལ་བའི་རྒྱ་མཚོ་ལས་ཆུ་ཐིགས་བླངས་པ་ལྟ་བུའི་དམ་པ་ཁོང་གི་ཡོན་ཏན་ཆ་ཤས་ཙམ་རྟོགས་པ་འདི་ལས་ཀྱང་དད་གསུམ་དབང་མེད་དུ་འཕྲོག་ཅིང་། མི་ཚེ་འདི་དང་ཚེ་རབས་གཞན་རྣམས་སུ་ཁོང་ལྟ་བུའི་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེའི་མཛད་པ་དག་མདུན་སྐྱོད་ཀྱི་དཔུང་རོགས་སུ་སྦྲན་ནས། སྔོན་བྱོན་དམ་པའི་རྣམ་ཐར། ། རྗེས་འཇུག་སློབ་མའི་ཉམས་ལེན་ཞེས་གསུང་བ་ལྟར་སྔོན་བྱོན་དམ་པར་སློབ་སྦྱོང་དང་འཛམ་གླིང་དཔེ་ཀློག་གི་ཡང་རྩེར་སོན་པའི་མི་རིགས་གཞན་དག་མིག་དཔེར་བཟུང་སྟེ་ལེགས་ཉེས་དང་བདེན་རྫུན་གོ་འབྱེད་པའི་ཤེས་རབ་ཀྱི་མིག་ཟུང་ཐོགས་ཏེ་མི་ཚེ་དོན་ལྡན་དུ་གཏོང་བར་འོས་པའི་ལམ་སྟོན་གྱི་ལེགས་བཤད་བོགས་ཆོད་པར་བསྩལ་ཅིང་། ལྷག་ཏུ་བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན་རྣམས་པས་སློབ་ཁྲིད་གཙོས་ནམ་རྒྱུན་དམ་པའི་རྣམ་ཐར་ལ་མཇལ་ན་འདི་ཕྱི་ཀུན་དུ་ཆོད་ཆེ་ཞིང་གསུང་རྩོམ་དག་བློར་བཟུང་ཏེ་སྦྱངས་ན་སྐྱེད་མྱུར་ཞེས་ཡང་ཡང་གསུངས་པས་ཡུལ་གོམས་གཤིས་ལུགས་ཆུང་བ་དག་ནས་མགོ་བརྩམས་ཏེ་མདུན་དུ་བགྲོད་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ་སྙམ།

སྨྲས་པ།
ཤེས་རབ་ཉ་གང་གྲོལ་བའི་དཔལ་གྱུར་པ། །
ལྷོ་མཐའི་རི་བོར་ཡིབ་པའི་སྨག་རིམ་བསུས། །
རྒྱུ་སྐར་ས་ལ་ལྷུང་བའི་ངང་ཚུལ་གྱིས། །
ཀུ་མུད་ཚོགས་ཀྱིས་མགོ་བོ་ཡང་གཅིག་བསྒུར། །
དམར་སེར་བསོད་ནམས་དབྱིངས་ཀྱི་དག་ཞིང་ནས། །
ཁྱེད་སྐུ་པདྨའི་འདབ་ལོ་ཟུམ་ན་ཡང་། །
བྱིན་རླབས་འོད་ཟེར་འཕྲོ་བའི་རིན་ཆེན་སྒྲོམ། །
དད་པའི་རྟེན་དུ་མཇལ་ས་ཡང་གཅིག་འཚེར། །
ཁམས་གསུམ་འགྲོ་བའི་རྒྱལ་བ་གཉིས་པ་ཡི། །
འགག་མེད་གསུང་གི་རོལ་མོ་ལ་མཇལ་ནས། །
བདག་འཛིན་ཐག་པས་བཅིང་བའི་ཉམ་ཆུང་གིས། །
ཁྱེད་ཀྱི་མཚན་མཆོག་ཙམ་ཡང་ཐེངས་གཅིག་འཐུ། །
ཁྱེད་ཞལ་དགྱེས་པའི་དུས་ཀྱི་དགའ་སྟོན་ངོགས། །
འཆད་ཁྲིད་བདུད་རྩི་དངོས་སུ་མ་ཐོབ་ཀྱང་། །
བྱང་ཆུབ་ལམ་ལ་འཛེག་པའི་རྣམ་ཐར་གྱིས། །
དར་རྒུད་ཆོས་ཀྱི་དེ་ཉིད་ཡང་གཅིག་བསྟན། །
མི་འགྱུར་དད་པའི་གཡུང་དྲུང་རི་མོ་འདི། །
མི་འཇིགས་སྙིང་གི་ཐིག་ལེ་རུ་འཕོས་ཏེ། །
ཡིད་གཉིས་སྒྱུ་མ་སྐད་ཅིག་ལ་བཅོམ་ནས། །
བདེན་དོན་ཟླ་བའི་ཞལ་ཁྱིམ་ལ་མཇལ་ཤོག །
ཐོག་མེད་འཁོར་བའི་སྡིག་ཀུན་མ་ལུས་པ། །
དམ་པའི་རྣམ་ཐར་མཇལ་བའི་དགེ་འབྲས་ཀྱིས། །
ཡོངས་སུ་དག་སྟེ་མི་འགོར་དག་པའི་ཞིང་། །
མ་ལུས་སེམས་ཅན་ལྷན་གཅིག་སྐྱེ་བར་སྨོན། །
ཤེས་རབ་འོད་ཀྱིས་རྨོངས་པ་གཞོམ་མཁས་པའི། །
གསང་གསུམ་འཛད་པ་མེད་པ་ཆུ་བོའི་རྒྱུན། །
རང་རྒྱུད་ལོག་རྟོག་དྲི་མའི་ར་རོ་འདི། །
མྱུར་དུ་ཞི་བའི་མགོན་དུ་ཤར་ཅིག་ཀྱཻ། །
ལྷོ་མཐའི་རི་བོར་ཡིབ་པའི་སྨག་རིམ་བསུས། །
རྒྱུ་སྐར་ས་ལ་ལྷུང་བའི་ངང་ཚུལ་གྱིས། །
ཀུ་མུད་ཚོགས་ཀྱིས་མགོ་བོ་ཡང་གཅིག་བསྒུར། །
དམར་སེར་བསོད་ནམས་དབྱིངས་ཀྱི་དག་ཞིང་ནས། །
ཁྱེད་སྐུ་པདྨའི་འདབ་ལོ་ཟུམ་ན་ཡང་། །
བྱིན་རླབས་འོད་ཟེར་འཕྲོ་བའི་རིན་ཆེན་སྒྲོམ། །
དད་པའི་རྟེན་དུ་མཇལ་ས་ཡང་གཅིག་འཚེར། །
ཁམས་གསུམ་འགྲོ་བའི་རྒྱལ་བ་གཉིས་པ་ཡི། །
འགག་མེད་གསུང་གི་རོལ་མོ་ལ་མཇལ་ནས། །
བདག་འཛིན་ཐག་པས་བཅིང་བའི་ཉམ་ཆུང་གིས། །
ཁྱེད་ཀྱི་མཚན་མཆོག་ཙམ་ཡང་ཐེངས་གཅིག་འཐུ། །
ཁྱེད་ཞལ་དགྱེས་པའི་དུས་ཀྱི་དགའ་སྟོན་ངོགས། །
འཆད་ཁྲིད་བདུད་རྩི་དངོས་སུ་མ་ཐོབ་ཀྱང་། །
བྱང་ཆུབ་ལམ་ལ་འཛེག་པའི་རྣམ་ཐར་གྱིས། །
དར་རྒུད་ཆོས་ཀྱི་དེ་ཉིད་ཡང་གཅིག་བསྟན། །
མི་འགྱུར་དད་པའི་གཡུང་དྲུང་རི་མོ་འདི། །
མི་འཇིགས་སྙིང་གི་ཐིག་ལེ་རུ་འཕོས་ཏེ། །
ཡིད་གཉིས་སྒྱུ་མ་སྐད་ཅིག་ལ་བཅོམ་ནས། །
བདེན་དོན་ཟླ་བའི་ཞལ་ཁྱིམ་ལ་མཇལ་ཤོག །
ཐོག་མེད་འཁོར་བའི་སྡིག་ཀུན་མ་ལུས་པ། །
དམ་པའི་རྣམ་ཐར་མཇལ་བའི་དགེ་འབྲས་ཀྱིས། །
ཡོངས་སུ་དག་སྟེ་མི་འགོར་དག་པའི་ཞིང་། །
མ་ལུས་སེམས་ཅན་ལྷན་གཅིག་སྐྱེ་བར་སྨོན། །
ཤེས་རབ་འོད་ཀྱིས་རྨོངས་པ་གཞོམ་མཁས་པའི། །
གསང་གསུམ་འཛད་པ་མེད་པ་ཆུ་བོའི་རྒྱུན། །
རང་རྒྱུད་ལོག་རྟོག་དྲི་མའི་ར་རོ་འདི། །
མྱུར་དུ་ཞི་བའི་མགོན་དུ་ཤར་ཅིག་ཀྱཻ། །
ཞེས༢༠༢༢/༤/༢༤ཉིན་གྱི་གཟའ་མཇུག་ངལ་གསོའི་སྐབས་བྲིས་པ་དགེ་གྱུར་ཅིག
འབྲེལ་ཡོད་འོས་སྦྱོར།