logo

ཚིག་གསུམ་སྐྱེལ་མ། བསེ་ཀུན་དོང་།

རྩོམ་པ་པོ།:བསེ་ཀུན་དོང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-06-17 ཀློག་གྲངས།:
ཚིག་གསུམ་སྐྱེལ་མ།
                                 ༢༠༢༢ལོའི་དམའ་གསུམ་མཐར་ཕྱིན་འཛིན་གྲྭར་ཕུལ་བ།
བསེ་ཀུན་དོང་།
སློབ་གྲོགས་རྣམ་པ་ཁམས་བཟང་།
        རབ་རྒྱན་སྟག་གི་གནམ་ལོ་དགུང་དུ་ཚེས་ཤིང་དབྱར་ཟླ་ར་བའི་མེ་ཏོག་གི་ཐང་ཀ་ནས་ཁ་བ་བཅུད་དུ་སྒོམ་པའི་གངས་ལྷ་མེ་ཏོག་གི་ཚོམ་བུ་སྐོར་ཞིག་གིས་འཕྱོར་སྒེག་གི་ལང་ཚོ་ངོམ་ཞོར། ལོ་ཡག་སྙེ་མའི་མགོ་ལྕོག་ལྡེམ་པའི་འབྲས་ལྡན་གྱི་བསྐལ་བཟང་བསུ་བའི་སྐབས་ལ་རན་སོང་།
        ལྟོས་དང་། ཚང་མ་ལག་ཆགས་ནས་གཟུགས་གཞི་དགེ་རྒན་དང་མཉམ་ཞིང་དེ་ལས་འགངས་པའང་ཅི་མང་ཞིག་མི་མཐོང་ངམ། ཁྱོད་ཚོ་དམའ་གཅིག་ལ་ཐོག་མར་ཡོང་དུས་བྱིས་པ་སྣབས་ལུག་པྲ་ཚགས་ཀྱི་ཉམས་ཅན་ཏག་ཏག་རེད། ང་ཚོ་སྐེ་དང་འགྲམ་པ་གཤིབ་ཅིང་ལུས་དང་གྲིབ་མ་འགྲོགས་ནས་མི་ལོ་གསུམ་འགོར་བའི་དེ་རིང་། ཁྱོད་ཚོ་ཕོ་ལོ་བཅོ་ལྔ་སོན་ན་བློ་ཕ་མི་འདྲི་ཞིང་། མོ་ལོ་བཅོ་ལྔ་བུད་ན་ཟས་མ་མི་སློང་བའི་དུས་ལ་བསླེབས་ཤིང་། གཞོན་པའི་འདབ་ལག་རྒྱས་ཤིང་ཤེས་རིག་གི་གཤོག་ཟུང་བརྐྱངས་ཏེ་ནམ་འཕང་གཅོད་རན་སོང་།
        ང་ཚོ་ལས་དང་སྨོན་ལམ་འདེབས་ཕྱོགས་གཅིག་ཅིང་ཐོད་པའི་ཁ་ཡིག་མཐུན་པས་དགེ་སློབ་ཏུ་གྱུར་བ་ཡིན་ལ། གནས་འདི་ནས་ང་ཚོ་དགའ་ན་མཉམ་དུ་བགད་མྱོང་ལ། སྡུག་ན་ང་ཚོ་མཉམ་དུ་ངུས་མྱོང་། སྐྱིད་སྡུག་གི་ལས་དབང་གཅིག་ཏུ་སྒྲིལ་ཞིང་ཕུགས་བསམ་གྱི་རྨི་ལམ་གཅིག་པ་ཡིན་པས། ང་ཚོས་དཀའ་སྡུག་དང་རྔུལ་ཆུས་བརླན་པའི་ལོ་ཟླ་གང་མང་ཕར་བསྐྱེལ་ཅིང་། ད་ནི་ཡིད་ཆེས་ཀྱིས་ཁེངས་ཤིང་རྒྱལ་ཁས་བརྟས་པའི་རེ་སྒུག་གི་ཉིན་མོ་དེ་བསུ་རན་སོང་།
        ད་ལྟ་ང་ནི་འཛིན་བདག་ཅིག་གི་ངོས་ནས་བལྟོས་ཏེ། ཡག་བཤད་བྱས་ན་ཁྱོད་ཚོའི་ཕ་མ་གཉིས་པ་སྟེ། ཁྱིམ་སྲོལ་བཙན་ལ་འགན་འཁྲི་ཡོད་པའི་ཁྱིམ་བདག་ཅིག་ཡིན་ལ། འཛིན་གྲྭ་འདིའི་སྐྱིད་སྡུག་ཞུ་སའི་སྐྱབས་མགོན་ཞིག་ཏུ་སྣང་ཡང་། བཙོག་བཤད་བྱས་ན་ཁྱོད་ཚོར་རྐུབ་གཡོག་སྒྲུབ་མཁན་གྱི་དོ་དམ་པ་བཙན་པོ་ཞིག་སྟེ། ཁྱིམ་བདག་གི་བསམ་འཆར་དང་འགོ་ཁྲིད་ཀྱི་སྡུག་ཡུས་ཁུར་བའི་བོང་རྒན་ཞིག་གོ། གང་ལྟར་ཁྱོད་ཚོ་ནི་ཁ་ལེན་ཚིག་བརྩི་ཡོད་པའི་བུ་ཕྲུག་ཡ་རབས་རྐྱང་རྐྱང་ཡིན་པས། ད་ནི་ཕ་མར་དྲིན་ལན་དང་སློབ་གྲྭར་གཟི་བརྗིད། རང་ཉིད་ཀྱི་ལ་རྒྱ་རྩོད་རན་ལ་སླེབས་ཡོད། ད་ལྟ་ང་ལའང་ཁྱོད་ཚོར་ལྷབ་ལྷབ་རྒྱབ་ལ་གཡོགས་རྒྱུ་དང་རྡོག་རྡོག་ལག་ལ་འཇོག་རྒྱུ་ཅང་མེད་ཀྱང་རེ་བའི་ཚིག་གསུམ་ཞུས་ན། གཅིག ང་ཚོའི་སློབ་སྦྱོང་གི་གོམས་གཤིས་བཟང་བོ་མ་འདོར། གོམས་གཤིས་འདིས་ཁྱོད་ཀྱི་མདུན་ལམ་འོད་ཀྱིས་བཀང་ཅིང་མི་ཚེ་ནོམ་གྱིས་བསྙིལ། གཉིས། ད་ལྟ་བ་དང་དངོས་ཡོད་ལ་གཞོལ་ཏེ་གོ་སྐབས་དམ་དུ་ཟུངས། རྒྱལ་ཁ་ནི་ནམ་ཡང་གོ་སྐབས་དམ་དུ་འཛིན་མཁན་ལ་དབང་ངེས། གསུམ། བརྩེ་སེམས་མ་འབོར་དྲིན་དྲན་པར་གྱིས། བརྩེ་བ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་ལ། བརྩེ་སེམས་ཀྱིས་སྡུད་པའི་ཁོར་ཡུག་ན་འཕེལ་རྒྱས་ཀྱི་བར་སྟོང་ལ་མུ་མེད་དོ།།
        རེད་ཡ། གཞན་ཡང་ང་རང་བསླབ་ཚན་དགེ་རྒན་ཞིག་གི་ངོས་ནས་བལྟོས་ན། རིགས་ཞེན་གྱི་ལྟ་བ་མཁྲེགས་ཤིང་སྐད་ཡིག་ལ་དུངས་པ་ཟབ་པའི་དཔེ་ཆ་བ་གླེན་པ་ཞིག་ཏུ་སྲིད་ཀྱང་། ང་ཚོས་ལོ་ངོ་འདི་དག་ལ་བོད་ཡིག་ལ་མཐར་ཆགས་ཀྱིས་ཤ་ཐང་དུ་འབད་པས་སྐད་ཡིག་གི་རྨང་བརྟན་པོ་ཆགས་པའི་རང་རློམ་ཞིག་ཅི་ལ་མེད།
        དེ་རིང་བདག་གིས་མི་རིགས་དགེ་རྒན་ཞིག་གི་ངོས་ནས་ཀྱང་ཚིག་གསུམ་ཞུ་བར་འདོད་དེ། གཅིག བོད་སྐད་བཤད་པར་ཁ་མ་སྐྱེངས་བོད་ཡིག་བཀོལ་བར་བག་མ་ཚ། རང་གི་སྐད་ཡིག་གིས་ཁྱོད་ཀྱི་རྣམ་ཤེས་དང་བླ་སྲོག་སྲུང་ཡོད། སྐད་ཡིག་དོར་བ་ནི་དོན་གྱིས་རང་ཉིད་བོར་བ་དང་མཚུངས་པས། རང་ཉིད་ལའང་མི་གཅེས་མཁན་ཞིག་གནས་གང་དུ་བྲིན་མི་སྲིད། གཉིས། དཔེ་ཀློག་གི་གོམས་གཤིས་མི་བསྐྱུར་རོགས། ཁྱོད་ཚོས་ཤེས་རིག་གི་ལམ་ཁ་འདི་བདམས་པ་ནས་བཟུང་ཁྱོད་རང་ཚོ་ཤེས་རབ་འཚོལ་མཁན་དུ་གྱུར་བ་ཡིན་པས། རང་ལམ་རྡོག་པས་མནན་ཏེ་མདུན་ལམ་རང་གིས་འབྱེད་པར་རིགས། གསུམ། སེམས་ལ་རྒྱལ་ཁམས་བཅངས་ནས་མིག་གིས་མཐོངས་ལ་བལྟ་དགོས། ཁྱོད་ཚོའི་སེམས་རྒྱ་ཇི་ལྟར་ཆེ་ན་འཇིག་རྟེན་དེ་ལྟར་ཡངས། བོད་ཀྱི་ཁ་དཔེ་ལ་ཨ་མའི་བུ་ལ་ནུས་པ་ཡོད་ན་དགའ་ལྡན་གསེར་ཁྲིར་བདག་པོ་མེད་ཅེས་པ་མ་ཡིན་ནམ། བོད་ལ་ལྷ་མཐུ་བོ་ཆེ་གང་མང་མང་ཞིག་ཡོད་ཀྱང་ཆེས་མཐུ་སྐྱེན་པ་ནི་ཨ་ཤུ་རེ་ཁོ་ཡིན་པ་བདེན་དུ་ཆུག།
        ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། འབྲིང་རྒྱུགས། རྒྱལ་གྱུར་ཅིག
        གྱེས་ཁ་མ་འདིར་སྙིང་ཉེ་བའི་ངོ་གདོང་རུབ་ཅིང་མིག་ཟུང་ཅེར་ཡང་དེ་རིང་ང་ལ་ནུ་སར་ནང་ན་སྤྲི་སེར་དང་ཁ་སར་ནང་ན་ཚིག་གསར་མེད་མོད། གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱིས་ཞུ་དོན།
        ངས་འདིར་སློབ་གྲོགས་ཚང་མ་མཐོ་འབྲིང་འགྲིམས་ཐུབ་པར་ཁག་ཐེག་བྱེད་དཀའ་ཡང་དམའ་འབྲིང་བདེ་ལེགས་ངང་མཐར་ཕྱིན་པར་རྟེན་འབྲེལ་ཞུས་པ་ཡིན་ལ། མུ་མཐུད་དུ་སློབ་གྲྭ་འདོན་པར་རེ་སྐུལ་བྱས་པ་ཡིན། འོས་འགན་སློབ་གསོ་རྫོགས་པ་ཙམ་གྱིས་ཡིག་ངོ་ཆོད་ཅིང་རང་མགོ་ཐོན་པར་སྟ་གོན་ལེགས་པོ་བྱས་པ་བདེན་མོད། འགྲན་རྩོད་ཀྱི་དུས་རབས་འདིར་མ་འོངས་པའི་ལམ་ཁ་སྔར་ལས་ཀྱག་ཀྱོག་དང་དཀའ་ཁག་ཆེ་བ་གདོན་མི་ཟ། འོན་ཏེ། ཁྱོད་ཚོ་འཇིགས་མི་དགོས་ཏེ། ང་ཚོས་ཉིན་ཞག་གི་ཕྲེང་བ་བསྟར་ནས་གཞུང་མང་གི་རྩ་བ་བློར་སྐྱོར་མྱོང་ལ། ཆེ་ཆུང་མི་འདྲ་བའི་མཉམ་རྒྱུགས་སྣ་ཚོགས་ཀྱི་ཚོད་བགམ་ལས་རྒྱལ་བར་མ་ཟད། ན་ཚོད་མ་སྨིན་པའི་བསམ་བློའི་བཀག་རྒྱ་དང་སློབ་སྦྱོང་གི་བར་ཆད་མང་པོ་སྟེ། སློབ་སྦྱོང་གི་སྡུག་རུས་མ་ཐེག་བར་སློབ་བྱོལ་དང་མ་རབས་ཀྱི་ཁ་བཤད་ལ་རྒྱུག་ནས་ལེ་ལོར་གཡེང་བ། ཐ་ན་དྲིན་བྱས་དྲིན་དུ་མ་གོ་བར་ལོག་ལམ་དུ་སོང་བའི་སློབ་གྲོགས་རེ་རེར་གདོང་གཏད་དེ་ད་ལྟ་བདེ་ལེགས་ངང་སློབ་མཐར་ཕྱིན་ཐུབ་པ་མ་ཡིན་ནམ། རེད་ཡ། ཇི་སྐད་དུ། བླ་མའི་མན་ངག་མ་ཟབ་ན་བདུད་ཀྱི་བར་ཆད་ཡོང་དོན་མེད། ཟེར་བ་ལས་མ་འདས་པར།  དོན་བཟང་ལ་བར་ཆད་མང་ཞིང་སློབ་སྦྱོང་ཡག་པོ་བྱེད་པར་འགལ་རྐྱེན་ཆེ་འདུག ཨ་མའི་བུ། སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། །བྱས་པའི་ཆོས་ལ་གྲུབ་པའི་རྟགས་དགོས། །ཟེར་བ་བཞིན། རང་མགོ་ཐོན་པར་གྱིས་ལ་རང་ལམ་རང་གིས་འཚོལ་དགོས་པ་མ་ཟད། ཁྱོད་ཚོ་འཕུར་ས་ནམ་མཁའི་མཐོངས་ཡིན་རུང་འབབ་ས་བྲག་དམར་ཐེམ་ཡིན་པས། འཕུར་སའི་བྲག་ཐེམ་མ་བརྗེད། 
        མཐར་དེ་རིང་འདིར་ཡོད་པའི་སློབ་གྲོགས་ཚང་མས་རང་རང་གི་འདོད་པ་ལྟར་གྱི་མཐོ་འབྲིང་གི་སློབ་གྲྭ་ལ་འགྲོ་ཐུབ་ཅིང་རང་རང་གིས་སྦྱང་འདོད་པའི་ཆེད་ལས་དེ་གདམ་ཐུབ་པར་སྨོན།
འབྲེལ་ཡོད་འོས་སྦྱོར།