གདོན་མིག་གི་ལྷུག་རྩོམ་གསར་པ། རྡོ་བ།
རྩོམ་པ་པོ།:གདོན་མིག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-07-07
ཀློག་གྲངས།:
རྡོ་བ།
གདོན་མིག
ཕྱི་དྲོའི་ཆར་བ་དེའི་རྗེས་སུ། ཉི་འོད་སེར་ལམ་ལམ་དུ་ནུབ་མཐའི་སྤྲིན་གསེབ་ནས་འཕྲེད་ཀྱིས་གྲོང་ཁྱེར་འདི་རུ་འཕྲོས་བྱུང་། གློ་བུར་བའི་ཆར་བ་དེས་ལམ་གྱི་རྡོ་གཅལ་ཡོད་ཚད་སྣུམ་ཤིག་ཤིག་ཏུ་བཏང་ཞིང་། རླུང་བུ་བསིལ་མོ་ཞིག་གཡུག་པ་ཙམ་གྱིས་ཀྱང་སྡོང་མགོའི་ཆུ་རྡུལ་མང་པོ་ཤག་དིར་རེ་ས་རུ་གཏོར་སོང་།
ང་རང་ཆར་རྗེས་ཀྱི་ཉི་འོད་ཁྲོད་ནས་གྲོང་ཁྱེར་གྱི་གཙང་འགྲམ་འདི་རུ་ཡོང་སྟེ་རྒྱང་རིང་གི་ནུབ་ཁའི་མཚམས་སྤྲིན་ལ་ཅེར། ས་སྲོད་ཀྱི་དུས་སུ་གཙང་འགྲམ་ལ་འཆམ་འཆམ་དུ་ཡོང་བ་ནི་ང་གཅིག་པུ་མིན་ནའང་། ལེ་དབར་འགའ་ལ་ཁེར་མོས་འཆམ་སྐྱོད་ཐེངས་ཤིག་བྱས་པ་ཡིས། ང་ལ་དཔེ་མེད་པའི་ངལ་གསོ་ཞིག་སྦྱིན་པར་བྱེད། ང་རང་གཙང་འགྲམ་གྱི་རྡོ་ཀ་མ་རུའི་ལན་ཀན་ལ་ཁེན་ནས་གཙང་བོའི་རྒྱུན་ལ་ཞིབ་མོར་ལྟ་དུས། མི་རྒན་ཐོད་ཀྱི་གཉེར་མ་ལྟ་བུའི་ཆུའི་རླབས་རིས་ཆུང་ངུ་དེ་དག་ཉམ་ཆུང་ཞིང་རླབས་སྒྲ་དབེན་པ་ཞིག་འདུག གཙང་བོ་ཞིག་ལ་རླབས་སྒྲ་མེད་པ་ནི་མི་རིགས་ཤིག་ལ་གླུ་སྐད་མེད་པ་དང་འདྲ་བར་ཅི་འདྲའི་ལྷིང་ཞིང་འཇགས་ལ་བག་འཁུམ་པ་ཞིག་རེད་ཨང་།
རི་བྲག་ནགས་གསུམ་གྱི་འགག་ཕྲེང་མང་པོ་ཐོལ་གྱིས་བརྒལ་འོངས་པའི་གཙང་བོ་ཞིག གྲོང་ཁྱེར་གྱི་བས་མཐའ་རུ་འབབ་པའི་ཚེ་ན་སྟོབས་ཤུགས་ཀྱི་རླབས་སྒྲ་ཙམ་ཡང་མེད་ན་ག་ལ་འགྲིག་ཨང་། ང་རང་གཙང་འགྲམ་གྱི་རྡོ་ཐེམ་ཞིག་ཏུ་ཙོག་སྟེ་ཕྱོགས་ཕྱོགས་སུ་མིག་ཉུལ་ཐེངས་ཤིག་བྱེད་དུས། གཙང་བོའི་ཕར་ཚུར་གྱི་མིས་བཟོས་རྡོ་གཟུགས་དེ་དག་མིག་ལམ་དུ་མངོན་བྱུང་། ཨར་འདམ་གྱིས་འཇིམ་བཟོ་བྱས་པའི་རྡོ་བྲག་གི་གཟུགས་ཅན་ཞིག་རལ་དེ་ག་མཐོང་བའི་མོད་ལ། ངས་སྲ་ཞིང་མཁྲེགས་པའི་རང་བྱུང་གི་རྡོ་བ་དག་ཡིད་ལ་ཤར་ཞིང་། གཙང་བོར་ཆལ་ཆིལ་གྱི་རླབས་སྒྲ་མེད་པ་ནི་གཙང་བོ་རྫ་བྲག་གི་གཡང་གཟར་དང་ཕ་བོང་གི་གྲམ་འཛིང་ལ་མ་ཕྲད་པས་ཡིན་ལ། དེ་ནི་དཀའ་སྡུག་གི་ལས་མ་བྱས་ཚེ་བདེ་སྡུག་གི་སྐད་སྒྲ་མེད་པ་དང་ཀུན་ནས་མཚུངས།
འཇམ་ཞིང་ལྷོད་པའི་གཙང་འགྲམ་འདི་རུ་ཐ་ན་རྐུབ་སྟེགས་བྱས་ཆོག་པའི་ཕ་བོང་ཞིག་ཀྱང་མི་འདུག ཡོད་པ་ནི་ཟུར་དང་གས་ཁ་ཅི་ཡང་མེད་པའི་འབའ་རྡེའུ་ཁོ་ན་རེད། འབའ་རྡེའུ་དེ་དག་གིས་གཙང་བོ་ལ་རླབས་སྒྲ་ཙམ་ཡང་སློང་མི་ནུས་པར། གཙང་འགྲམ་གྱི་ལྷིང་འཇགས་སྲུང་ནས་རྒྱུན་དང་འགྲོགས། ང་རང་ངོས་སུ་གང་འདོད་ཀྱིས་ཡི་གེ་མང་པོ་བྲིས་པའི་ཨར་འདམ་གྱི་ཕ་བོང་ཞིག་ལ་ཁེན་ནས་འཇིག་རྟེན་གྱི་རྡོ་བ་མང་པོ་ཞིག་ལ་ཡིད་སེམས་འཁྲེང་ཞིང་། ང་དང་རྡོ་བའི་བར་གྱི་བྱ་དངོས་མང་པོ་ཞིག་གི་ཕྱིར་དྲན་གྱི་ཞིང་ཁམས་སུ་ཉུལ། ངས་རྡོ་བ་ནི་མི་ཡི་འདོད་པ་ལྟར་བྱུང་བའི་དངོས་པོ་ཞིག་མིན་པར། དེ་ནི་མིའི་ཤེས་རབ་ཀྱིས་མི་ཡི་འདོད་པ་ལྟར་བཀོལ་སྤྱོད་བྱས་པ་ཞིག་རེད་སྙམ་གྱིན་ཡོད། རྒྱུ་མཚན། རྡོ་བ་ནི་གང་འདོད་སྒྲིག་ཆོག་པ་དང་ངོས་སུ་གང་འདོད་དུ་གཟུགས་དང་རི་མོ་སྣ་ཚོགས་འབྲི་བདེ་བ་ཞིག་མ་རེད། རྡོ་བ་ལ་དབྱིབས་མཐའ་ཡས་པ་ཡོད། ཁ་དོག་དང་རིགས་ཀྱང་མཐའ་ཡས་པ་ཞིག་ཡོད། ཐ་ན་འཇིག་རྟེན་གཞན་གྱི་རྡོ་དང་སྐར་མའི་གོ་ལ་གཞན་གྱི་རྡོའང་ཡོད་པ་ཡིན། ཡིན་ནའང་། ཐམས་ཅད་སྲ་ཞིང་མཁྲེགས་པ་རྡོ་ཡི་ཐུན་མོང་གི་རང་གཤིས་ཉིད་དོ། །
ང་ལ་མཚོན་ན། རྡོ་ལ་རིགས་ཅི་ཙམ་ཡོད་པ་དང་ཁ་དོག་གང་དག་ཡོད་པ་སོགས་ནི་དེ་འདྲའི་གལ་ཆེན་པོ་ཞིག་མིན་ལ། གཡང་རྡོ་དང་གཏེར་རྡོ། སྐར་རྡོ། གཟའ་རྡོ་སོགས་ཀྱི་རིན་ཐང་གཞལ་རྒྱུ་དེའང་ང་ལ་མཚོན་ན་དོན་གཞན་ཞིག་རེད། ངས་གླེང་འདོད་པ་ནི་རྡོ་ལའང་བརྩེ་བ་ཡོད་པ་ཡིན་ཞེས་བཤད་འདོད། ང་རང་ཆུང་དུས་ནས་ད་བར་དུ་རྡོ་བ་དང་འགྲོགས་ཡོང་ནའང་། ང་ཡིས་རྡོ་བ་བསྐྱུར་ནས་ས་གཞན་དུ་འགྲོ་མྱོང་བ་ལས་རྡོ་བས་ང་རང་བསྐྱུར་ནས་འགྲོ་མྱོང་མེད། ང་ཚོས་གླུ་ཚིག་གི་ནང་དུ་རྡོ་བ་ནི་སེམས་མེད་པ་ལ་དཔེ་འཇོག་བྱས་ཡོད་ནའང་། དེ་ནི་སེམས་ཕར་རྡོ་ལ་དཔེ་བཞག་པ་རེད་མ་གཏོགས། རྡོ་བ་ཚུར་སེམས་ལ་དཔེ་བཞག་པ་ཞིག་མ་རེད། དེ་བས། རྡོ་བ་ཡིས་སྔར་བཞིན་སྲ་ཞིང་བརྟན་པའི་རང་གཤིས་ཀྱི་བརྩེ་བ་སྲུང་སྟེ། ལོ་ཟླ་སྟོང་ཕྲག་འགོར་ཡང་འགྱུར་མི་སྲིད། ཐ་ན། འགྱུར་ལྡོག་དང་མི་རྟག་པའི་ཕྱོགས་ལ་གོམ་ཞེང་གཅིག་ཀྱང་སྤོས་མེད།
སེམས་པ་སྐྱོ་བའི་དུས་ལ། ང་ཚོས་སེམས་པ་རྡོ་ལས་འཁྱགས་སོང་ཟེར་བ་མ་གཏོགས། སེམས་པ་རྡོ་ལས་བརྟན་པ་ཞེས་བཤད་མི་སྲིད་པ་ཞིག་ཏུ་འཁུམ། དེ་ནི་སེམས་འདི་མ་གཞི་ནས་འགྱུར་བའི་ཕྱོགས་ལ་འགྲོ་སླ་བ་ལས་མི་འགྱུར་རྟག་བརྟན་ཞིག་སྙམ་མི་ཕོད་པས་རེད། ཡིན་ནའང་། ང་ཚོས་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་དག་གཏན་དུ་མི་ནུབ་པའི་ཕྱིར་རྡོ་རིང་དུ་བརྐོས་ཡོད་པ་དང་། ཆོས་དང་དད་པ་མི་འགྱུར་བའི་ཕྱིར་ཏུ་ཆོས་ཀྱི་ཡི་གེ་དང་ལྷ་སྐུ་སོགས་ཀྱང་རྡོ་ལ་རྐོ་བར་བྱེད། འདི་ནི་ཚེ་སྲོག་ཅེས་པ་དེ་སྐད་ཅིག་ཉིད་ལ་མི་རྟག་ནའང་། ཚེ་སྲོག་ཁྲོད་ཀྱི་རེ་འདུན་དང་རྐང་རྗེས་ཡོད་ཚད་མི་ཡུལ་དུ་རྟག་པར་གནས་ཆེད། རྡོ་བའི་མི་འགྱུར་སྲ་མཁྲེགས་ཀྱི་རང་གཤིས་ལ་ཡིད་ཆེས་ཐོབ་ཡོད་པས་ཡིན། དེ་བས། རྡོ་ལ་རི་མོ་བརྐོས་འདྲ་ཞེས་དུས་རྟག་ཏུ་ཡིད་ཀྱི་ཟབ་སར་བཞག་ཡོད་པ་མ་ཡིན་ནམ།
ངའི་ཆུང་དུས་ཀྱི་འཚོ་བ་འབྲོག་ལས་ཡིན་ལ། འབྲོག་ལས་ཀྱི་འཚོ་བའི་ཁྲོད་དུ་ཆེས་བཟང་བའི་ཅ་དངོས་ནི་རྡོ་བ་ཡིན། རྡོ་བས་ཁང་བ་ལས་ཡོད། ཐབ་ཀ་ལས་ཡོད། ཉལ་ས་དང་དོ་ལྕག་ལས་ཡོད། སྣོད་དང་དཀར་ཡོལ་འཇོག་ས་ལས་ཡོད། བསང་ཁྲི་ལས་ཡོད། ལུག་ར་ལས་ཡོད། ཐ་ན་མར་སྣོ་ས་དང་གྲི་བརྡར་སའང་རྡོ་བ་ཡིན། མཆོད་སྟེགས་དང་མཆོད་རྐོང་ཡང་རྡོ་བས་བྱས་ཡོད། ལྷག་པར་དུ། རྡོ་ཡིས་བཟོས་པའི་མཆིག་ལ་མཚོན་ན། ཁ་བ་བོད་ཀྱི་རྟེན་ས་ཡིན། རྡོ་མཆིག་ཡོད་པས་སྦྲང་དཀར་རྩམ་པ་ཡོད་པ་ཡིན་ལ། སྦྲང་དཀར་རྩམ་པ་ཡོད་པ་ནས་བཟུང་། ལོ་ངོ་སྟོང་གི་རིང་ལ་ས་སྟོད་སྨད་བར་གསུམ་གང་ལ་སོང་ཡང་ཕོ་བ་ལྟོག་མྱོང་མེད། དེ་ལྟར། ཡོད་རྡོ་བ་ཡོད་པས་དགུན་ས་ནས་དབྱར་སར་ཅ་དངོས་མང་པོ་ཞིག་འཁྱེར་མི་དགོས། རྡོ་བ་ནི་འབྲོག་ས་ན་ཡོད་པའི་རིན་མེད་ཀྱི་དངོས་པོ་བརྒྱ་གོ་སྟོང་ཆོད་དེ་ཡིན། སྟོང་ལུག་རི་ལ་བསྐོར་ན་འུར་རྡོ་གཅིག་གིས་བསྐོར་ཆོག་ལ། མི་མེད་ལུང་སྟོང་ཞིག་ཏུ་རྡོ་གསུམ་སུམ་ཚུགས་བྱས་ཏེ་བཙུགས་རྗེས་འོ་ཇ་མངར་མོ་བསྐོལ་ཆོག རྡོ་ཡོད་པས་གཙང་བོར་རླབས་སྒྲ་ཡོད་པ་ཡིན་ལ། གཙང་བོར་རླབས་སྒྲ་ཡོད་པས་རི་བརྒྱ་ཀློང་བརྒྱར་གླུ་སྐད་ཡོད་པ་ཡིན།
གནའ་སྔ་མོར། བླ་མ་རིན་པོ་ཆེ་ལ་རྡོ་ཡི་ཁྲི་རྒྱག ཁྲི་དེ་དུས་ཚོད་རིང་བོར་འབྱུང་བཞིར་འཐིམ་མི་ཐུབ་པས། རྗེས་ཀྱི་དད་ལྡན་མང་བོའི་དད་རྟེན་དུ་གྱུར་བའང་ཧ་ཅང་མང་། དེ་མིན། ཤི་བོའི་དུར་སར་ཆོས་ཀྱི་རྡོ་རྩིག་རྒྱག རི་མཐོ་ས་དང་བྱ་འཁོར་ས་ནི་དུར་ཁྲོད་དུ་གཏན་འཁེལ་བྱེད། དུར་ཁྲོད་དུ་རྡེའུ་དཀར་མང་དུ་སྤུང་། ཤི་བྲལ་གྱི་གདུང་བ་ཡོད་ཚད་མི་འགྱུར་ཆོས་རྩིག་ལ་བཅོལ་བར་བྱེད། ལོ་རེ་རེར་ཐར་མདོའི་རྡོ་རྩིག་རྒྱག། རྡོ་ཐོག་གི་ཆོས་ཀྱི་ཡི་གེ་རེ་རེས་ཤི་གསོན་གཉིས་ཀྱི་རྣམ་ཤེས་ལ་འདུ་བྲལ་གྱི་བྱབས་ཁྲུས་རྟག་པར་བྱེད། རྡོ་རྩིག་དེ་དག་ལ་སུ་དང་གང་གིས་ཀྱང་ཕྱག་བྱའོ། །
རྡོ་ཆས་རྙིང་མའི་སྐབས་སུ་རྡོའི་སྟ་རེ་དང་རྡོ་གྲི། རྡོ་ཁབ། རྡོ་ཡི་རྫ་མ། རྡོ་ཡི་སེང་གེ་དང་རྡོའི་མི་གཟུགས་སོགས་མང་དུ་མཆིས་ཀྱང་། ང་ཡི་མི་ཚེའི་ནང་ལ་རྡོའི་མཚོན་ཆ་སྤྱོད་པའི་དུས་རབས་དེ་མཇུག་རྫོགས་ནས་ཡུན་རིང་བྱིན། ངས་ཆུང་དུས་སུ་རྡོའི་དཀར་ནག་བཀར་ཤེས་པ་ལས་མཚོན་ཆ་བཟོ་མི་ཤེས། རྡོ་དཀར་པོ་ལ་རྡེའུ་དཀར་ཟེར། རྡེའུ་དཀར་གྱིས་དགེ་བ་མཚོན་ཟེར། རྡོ་ནག་པོ་ལ་རྡེའུ་ནག་ཟེར། རྡེའུ་ནག་གིས་སྡིག་པ་མཚོན་ཟེར། དེ་བས། ཕ་ཡུལ་གྱི་རི་མགོ་དང་ཉག་ཁ་མང་པོ་རུ་རྡེའུ་དཀར་མང་པོ་སྤུངས་ཡོད། ངའང་རྡེའུ་དཀར་སྤུང་བར་ཧ་ཅང་དགའ་ལ། མཚམས་མཚམས་སུ་རྡེའུ་ནག་སྤུང་བར་ཡང་དགའ་སྟེ། དེ་ནི་འུར་རྡོ་གསོག་པ་ལས་དགེ་བ་གསོག་པ་མིན། ཐ་ན། རྫི་བོར་སོང་ནས་གཞན་དང་མཉམ་དུ་འགྱིག་རྡེའུ་འདེད་དུས་ཀྱང་ང་རང་རྡེའུ་ནག་བྱེད་པར་དགའ། དེ་དུས་ཀྱི་རྩེད་རོགས་ཚོས་བཤད་ན་རྡེའུ་ནག་ལ་དགའ་བ་ནི་སྡིག་པ་ལ་དགའ་བ་རེད་ཟེར། ཡིན་ནའང་། ངས་དེ་དག་ལ་ཁ་ཡ་ཆེན་པོ་བྱས་མ་མྱོང་།
ངས་གསལ་བོར་ཤེས་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ཐག་ཉེ་བའི་ལ་ལུང་གི་རྡོ་བ་ཡོད་ཚད་དྲུད་ཚར་སོང་བ་ཤེས་ཡོད། ཤུལ་དུ་ལྷག་པ་ནི་ཆུ་ཕྲན་ཞིག་གིས་ཀྱང་འཁུར་སླ་བའི་རྡོ་ཟེགས་ཀྱི་ཕུང་བོ་འགའ་རེད། ཐ་ན། རྡོ་ཟེགས་ཀྱི་ཕུང་བོ་དེ་དག་ཀྱང་བསློགས་ནས་དྲུད་ཚར་ལ་ཉེ། ཤུལ་དུ་ལྷག་པ་ནི་ཐན་སྐམ་གྱིས་བཟུང་བའི་གྲམ་པ་སྟོང་བ་ཞིག་རེད། ཡིན་ནའང་། ང་ཚོས་ད་དུང་ཐན་སྐམ་གྱིས་བཟུང་བའི་གྲམ་པ་དེ་ག་ལས་ཆུ་ཕྲན་དྭངས་མོ་ཞིག་བཞུར་འོངས་པར་རེ་སྒུག་བྱེད། དེ་ནི་དཔེ་སྲིད་པ་ཞིག་རེད་དམ།
བྱིས་དུས་སུ། རྩེ་རྡོ་མང་པོ་བསྒྲིགས་ནས་རྩེད་ར་ཕུབ་མྱོང་། རྡོ་ཐོག་ལ་ཉི་མ་དང་ཟླ་བ་བྲིས་མྱོང་། ཕ་བོང་གཅིག་གི་སྟེང་ལ་རྩེད་རོགས་ལྔ་དྲུག་བུད་ནས་ཀྱང་བརྩེས་ཆོག འོན་ཀྱང་། རྡོ་ཡི་འཛད་སྤྱོད་ཤིན་ཏུ་དར་བའི་དུས་རབས་འདིའི་བྱིས་པ་ཚོ། རྩེད་ཆས་ཉོ་བར་དགའ་བ་ལས་རྩེད་རྡོ་བསྒྲིག་ནས་འདང་བྱེད་མི་ཤེས་ལ། ཐ་ན། དེང་རབས་ཀྱི་བྱིས་པ་ཚོ་རྩེད་མི་ཤེས། རྩེད་ཤེས་པའི་དབང་དུ་བཏང་ཡང་ཁོ་ཚོར་རྩེད་རོགས་མེད། དེ་དུས་ཀྱི་ང་ཚོ་ལ་མཚོན་ན། རྩེད་ར་ཕུབ་མཁན་ལྷ་དང་བཤིག་མཁན་འདྲེ་ཡིན་ཞེས་རྡོ་མང་པོ་བསྒྲིགས་ནས་རྩེད་རོགས་མང་པོ་མཉམ་དུ་རྩེ་བ་ལས། གྲི་དང་མེ་མདའ་ཁོ་ན་སྤྱད་ནས་རྩེད་མི་ཤེས། དེ་དུས་ཀྱི་ང་ཚོ་རྡོ་ལ་འདང་ཆེ། ང་ཚོས་རྡོ་ལ་བརྩེ་བ་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད། དེ་བས། ང་ཚོར་རྡོ་ཡི་ཁང་བ་ཡོད། རྡོ་ཡི་ཉི་ཟླ་དང་རྡོ་ཡི་རྟ་ནོར་ལུག་གསུམ་ཡང་ཡོད་པ་ཡིན། རྡོ་ཡོད་པས་ང་ཚོ་ལ་རྩེད་ར་ཡོད་པ་ཡིན་ལ། རྩེད་ར་ཆུང་ཆུང་དེ་དག་ཡོད་པས་ང་ཚོ་ལ་བྱིས་དུས་ཀྱི་སྤྲོ་སྣང་ཡོད་པ་ཡིན། དེ་ནི་རྡོ་བ་དང་མཉམ་དུ་ནར་སོན་པའི་ལོ་ཟླ་ཞིག་ཡིན་ཡང་། རྡོ་བ་དང་མཉམ་དུ་བསྐྱལ་བའི་ལོ་ཟླ་དེ་དག་གིས་ང་ཚོ་དགའ་སྡུག་གང་ལ་འཕྲད་ཀྱང་དཔའ་མི་ཞུམ་པའི་ལང་ཚོ་ཞིག་རྙེད་དུ་བཅུག་ཡོད།
ད་དུང་། ངས་ནམ་ཡང་བརྗེད་དུ་མི་བཏུབ་པ་ཞིག་ནི། རུ་བ་དབྱར་སར་འགེལ་བའི་སྐྱེས་ལམ་དུ་རྡོ་ཕ་བོང་འགའ་ཡོད། ཕ་བོང་དེ་དག་གི་མདོག་སྐྱ་བོ་ཞིག་ཡིན་ལ་སྟེང་དུ་བུ་ག་མང་པོ་ཡོད། ང་ཚོ་ལོ་རེ་རེར་དབྱར་སར་འགྲོ་བའི་ལམ་བར་དུ་རྡོ་ཕ་བོང་དེ་དག་གི་བུ་གར་བལ་བཏགས་ནས་རྡོ་ཚེ་ཐར་ལ་གཏོང་སྲོལ་ཡོད། ནགས་མགོ་ལའང་བལ་བཏགས་ནས་ལྗོན་ཤིང་ཚེ་ཐར་བྱེད་སྲོལ་ཡོད། ང་ཚོ་རྡོ་དང་ནགས་ལྗོངས་ལ་དགའ་བ་ནི་མི་ཞིག་དངོས་པོ་ཞིག་ལ་དགའ་བ་དང་གཏན་ནས་མི་འདྲ་བར། ཡོད་ཚད་ལ་ཚེ་སྲོག་ཡོད་པའི་ངོས་འཛིན་ཁྲོད་དུ་ཚེ་སྲོག་ཡོད་ཚད་མཉམ་དུ་གནས་འོས་པའི་སེམས་ཁམས་ཤིག་ཡིན་པ་འདྲ། དེ་ནི་ངའི་ཆུང་དུས་ཀྱི་དོན་དག་ཅིག་རེད། ད་ལྟ་བསམ་ན་སྙིང་བོ་མེད་པ་ཞིག་ཡིན་ནའང་ཐང་མོད། ངའི་ཕྱིར་དྲན་གྱི་མེ་ལོང་ནང་དུ་ཕ་བོང་དེ་དག་ད་དུང་ལྷམ་མེར་ལྷིང་ངེར་ལྷུན་ནེར་མཛེས་སྡུག་གིས་བཀྲ།
ཕྱི་དྲོའི་མཚམས་སྤྲིན་རིམ་བཞིན་ནག་པོར་གྱུར། གཙང་བོའི་རླབས་སྒྲ་སྙན་མོ་དེའང་རྒྱང་ནས་རྒྱང་ལ་ཡལ་བར་བྱས་ཤིང་། བརྗེད་ཐབས་མེད་པའི་ཆུང་དུས་ཀྱི་དངོས་པོ་དེ་དག་ཀྱང་ཐག་རིང་ཐག་རིང་དུ་ཡལ་བའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་འོང་། རླུང་བུ་བསིལ་མོ་ཞིག་གིས་ཀྱང་ལུས་ལ་ཟུག་གཟེར་ཆུང་ངུ་རེ་སྟེར། ད་ནི་སྟོན་མཇུག་ཏུ་སླེབས་སོང་། ང་རང་རབ་རིབ་ཀྱི་མུན་པའི་གསེབ་ཏུ་གྲིབ་མ་ཁོ་ནའི་འགྲོ་རོགས་བྱས་ཏེ་ཕྱིར་ཡུལ་དུ་ལོག གྲོང་ཁྱེར་གྱི་འུར་ཟིང་ནི་སྔར་བཞིན་སྙིང་དུ་སྡུག་པ་ཞིག་མ་རེད།
༢༠༢༡ལོའི་ཟླ༩བའི་ཚེས༧ཉིན་གྱི་མཚན་མོར།
རྩོམ་གྱི་ཡོང་ཁུངས། ཁྲི་ཤོར་རྒྱལ་མོ།
རྩོམ་གྱི་ཡོང་ཁུངས། ཁྲི་ཤོར་རྒྱལ་མོ།
འབྲེལ་ཡོད་འོས་སྦྱོར།