༄༅། །མི་ཞིག་གི་མིག་ནང་གི་ཨ་ཕ།
རྩོམ་པ་པོ།:གངས་ཆུ་ཤེལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-07-11
ཀློག་གྲངས།:
ངས་ཨ་ཕ་ཟེར་བའི་མིང་ཚིག་འདི་ལ་ཇི་ལྟར་འགྲེལ་རྒྱག་དགོས་པ་མི་ཤེས། དོན་གྱིས་ང་དང་འདི་གཉིས་ཀྱི་བར་ན་བར་སྟོང་ཆེན་པོ་ཞིག་ལྷག་ཡོད་པ་ལས་གཞན་གང་ཡང་མི་ཤེས། འཚོ་བ་དངོས་ནས་བཤད་ན་ང་ལ་ཨ་ཕ་ཟེར་བ་དེ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། ཨ་མས་བཤད་ན“མི་ཚེ་མིག་ལྡེབ་དབང་ཙམ་རེད”ཟེར། “སོ་སོ་རང་གི་ལས་དབང་གིས་བསྐོས་པ་རེད”ཟེར། ཡིན་ན་ཡང་། ངའི་ནང་སེམས་ཨ་མའི་བློ་ཁོག་ལྟ་བུའི་ཁོད་ཡངས་པ་ཞིག་མ་རེད། བོད་བྱིངས་ལ་འདི་ལྟ་བུའི་སྲོལ་ཡོད་མེད་མི་ཤེས་མོད། ངེད་ཀྱི་ཕ་ཡུལ་དུ་ཕས་བདག་མ་བརྒྱབ་པའི་བྱིས་པ་དང་ཕ་མ་མགོ་འཛོམས་ཡིན་པ་རྣམས་བསྡུར་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད་ངེས།
འདི་ལྟ་བུའི་རྙོག་འཛིང་དང་འདྲ་མཉམ་མེད་པའི་འཇིག་རྟེན་འདི་ནས་མཐོ་དམན་དང་ངོ་སོ། ཐོབ་ཐང་དང་དབང་ཆ་སོགས་ཀྱིས་ཉེས་སྐྱོན་དང་ནག་ཉེས་ཅི་ཡང་མེད་པའི་མི་མང་བོ་ཞིག་ཁ་རོག་གེར་གསོན་ཞིང་ཁུ་སིམ་མེར་འཆི་བཞིན་ཡོད། ཁོ་ཚོར་དབང་ཆོག་ཅིང་ཐོབ་འོས་པའི་བྱ་དངོས་མང་བོ་ཞིག་གཞན་གྱིས་འགན་མ་ཁུར་བའི་བྱ་སྤྱོད་ཀྱིས་ཁོ་ཚོའི་མི་ཚེ་རྡོག་རུལ་ལ་བཏང་ཡོད། གང་ལྟར་ཀྱང་། ངས་ནང་སེམས་གྲང་བས་གཉོར་ནས་མི་ལོ་ཉི་ཤུར་ཐོན་བྱུང་། ཡང་ན་ངས་མི་ཁའི་ཚེར་ལྭ་གྱོན་ནས་མི་ལོ་ཉི་ཤུ་འགོར་བྱུང་། ལྷག་ཏུ་ངས་གཉའ་གནོན་དང་འཕྱ་སྨོད་མྱངས་ནས་མི་ལོ་ཉི་ཤུ་ཟད་སོང་།འཇིག་རྟེན་གནམ་གྱི་འོག་ན་སྡུག་བསྔལ་བླ་ལྷག་ཏུ་ཆེ་བ་གཞན་གྱི་མཐོང་ཡུལ་དུ་གྱུར་བའི་རྐྱེན་ངན་རྦད་དེ་མིན་ཞིང་ཁུ་སིམ་གྱི་ནང་དུ་ལྷུང་བའི་གཏན་དུ་ལེན་ཐབས་མེད་པའི་ལྗིད་ཏིག་ཏིག་གི་མནར་གཅོད་དག་རེད། ད་དུང་ཡང་། ག་དུས་ཤིག་ཏུ། གཞན་གྱིས་ང་རང་བདག་མེད་ཅིག་ལ་ངོས་འཛིན་ཅིང་། ཨ་ཕ་སུ་ཡིན་མི་གསལ་བའི་ཁྱི་ཕྲུག་དག་གི་རྩིས་ཐང་འཇོག་སྲིད་ཅིང་ནང་སེམས་ལ་གྲིས་བསྣུན་པ་ལྟ་བུའི་སྡོམ་ཚིག་མང་བོའང་རྒྱག་ངེས།
ངའི་མི་ཚེའི་འདས་ལམ་རིང་མོ་འདིའི་ཁྲོད་ནས་ང་ལ་ངོ་གདོང་རྒྱུས་མེད་ཅིག་གིས་ངའི་ཨ་ཕ་ཞེས་འབོད་མྱོང་ལ། གྲང་ཤུར་ཤུར་གྱི་ལག་ཟུང་ཞིག་གིས་ང་ལ་སྒོར་མོ་ཁ་ཤས་སྟེར་མྱོང་། ཁོ་ཚོས་འདི་ཙམ་བགྱིས་པས་ཨ་ཕ་ཞིག་གི་འགན་འཁྲི་འགྲུབ་ཡོད་འདོད། དེ་ཙམ་བྱས་པས་ཨ་ཕ་ཞིག་གི་བྱ་བ་འཁྱོངས་ཡོད་འདོད། ཡིན་ན་ཡང་། ངས་དེ་དག་ཨ་ཕ་ཞིག་གི་བྱ་བ་དང་གཏན་ནས་འབྲེལ་བ་མེད་པར་བསམ། འགན་འཁྲིའི་འདུ་ཤེས་མེད་པ་ཁོ་ཚོས་གནས་སྐབས་ཀྱི་འདོད་འདུན་བསྒྲུབས་པ་ལས་རྒྱང་རིང་ལ་ལག་པ་བསྲིང་མི་ནུས། གཡས་གཡོན་གྱི་ལེགས་བྱས་ཚོར་སློབ་སྦྱོང་བྱེད་མི་ཐུབ།
དེ་བས་ཀྱང་། ཁོ་ཚོས་གཞན་ལ་བྱི་ཕྲུག་བཞག་པ་དེ་ང་རྒྱལ་དང་ལ་རྒྱར་བརྩི། ངོ་སོ་དང་དབང་ཐང་ལ་འཇོག གང་ལྟར་ངས་མི་ཚེ་འདིར་ཨ་ཕ་ཟེར་བའི་གཞན་གྱིས་བསྟོད་བསྔགས་དང་མཐོང་ཆེན་བྱེད་པའི་མི་ཞིག་རྙེད་མ་ཐུབ། མདོར་ན་ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་ཡལ་རྒྱུ་མེད་པ་དེ་རང་འགན་མི་ཐེག་པའི་ཆེས་སྐྱུག་བྲོ་བའི་ཨ་ཕ་རྣམས་ཡིན་ཞིང་། འདི་ལྟར་ཕྱི་མིག་གི་ཀློང་དུ་འཐིམ་ཡོང་བའི་མངར་སྐྱུར་གྱི་འཚོ་བ་དག་དྲན་ན་ངས་ཆེས་བློས་མི་ཐོངས་བ་ཤོར་ནས་སོང་བའི་ལོ་ཟླ་མིན་ཅིང་། བསྟོད་སྨད་ཀྱིས་སེམས་ཁ་གཙེས་པའི་ཕྱི་ཚུལ་གྱི་རྣམ་པ་དག་ཀྱང་མིན། ངས་མང་བོ་ཞིག་བློས་བཏང་ཟིན། གལ་ཆེ་བ་དག་བློས་བཏང་ཚར། ཡང་ན་གལ་ཆེ་བ་དག་གིས་ང་རང་བློས་བཏང་ཚར།
ང་དང་ལས་དབང་གཅིག་པའི་མི་རྣམས་ཀྱིས་ཨ་ཕའི་མིང་ཡིག་འབྲི་སའི་རེའུ་མིག་རེ་བསྐང་དགོས་ཐུག་ཚེ་ཅི་ཞིག་འབྲི་དགོས་པར་མི་ཤེས་ཟེར་མོད། ང་ལ་མཚོན་ན་འདི་ནི་ཤིན་ཏུ་སླ་སྟེ། ངས་རང་ཉིད་ཀྱི་ཨ་ཕ་ཚེ་ལས་འདས་སོང་ཞེས་བཤད་ཅིང་། ཕུ་བོ་དང་ཡང་ན་ཨ་མའི་མིང་འབྲི་བཞིན་ཡོད། དོན་དངོས་སུ་ངའི་ཨ་ཕ་རང་གི་མི་ཚེ་དང་གཞན་གྱི་སྐྱིད་སྡུག་ལ་འགན་འཁྲིའི་འདུ་ཤེས་ཡོད་པ་ཞིག་ཡིན་ན་ཚེ་ཡི་ཕྲེང་ཐག་ཆད་སོང་ཡང་། ངའི་སྡུག་བསྔལ་གྱི་གཙང་བོ་འདི་ལྟ་བུ་ཞིག་ཡིན་མི་སྲིད། ཨ་ཕས་འདི་ལྟར་རྟ་ཕོས་རྟོད་ཐག་བཅད་པ་ལྟར་ཨ་མའི་མི་ཚེ་དང་ཁྱིམ་ཚང་ཞིག་གི་ལས་དབང་ལ་བསམ་བློ་མ་བཏང་བར་བུད་སོང་། ཡིན་ན་ཡང་། ཨ་མས་ལེ་བདའ་སོགས་ཅི་ཡང་མི་བྱེད་པར་དེ་ལས་ལྡོག་སྟེ་ཨ་ཕའི་ཕྱོགས་ལ་རོགས་རམ་བྱེད་དགོས་ཚུལ་སོགས་མང་བོ་བཤད་མྱོང་ཡང་། ངས་ཡ་ཟེར་བ་ཙམ་ལས་ལག་ལེན་གཅིག་ཀྱང་བྱས་མྱོང་མེད།
ཉེ་སྔོན་བོད་ཡིག་སློབ་ཐུན་ཞིག་ཏུ་དགེ་རྒན་གྱིས་བོད་ཀྱི་སློབ་གསོའི་ལྟ་བ་ནི“རང་བདེ་གཞན་སྐྱིད་དང་། འདི་བདེ་ཕྱི་སྐྱིད”ཡིན་ཟེར་དུས་ངས་རང་ཉིད་ཀྱི་ཁྲག་རྒྱུན་དང་འབྲེལ་བ་ཡོད་པའི་སྐྱེས་པ་དེ་འདི་ལྟ་བུའི་གཞན་གྱི་བདེ་སྡུག་ལ་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན་ཅི་མ་རུང་སྙམ། གལ་ཏེ་སྤྱི་ཚོགས་ནི་སློབ་ཁང་གྲུ་བཞི་མ་འདིའི་ནང་ལོག་གི་མི་རྣམས་ཡིན་ན་ང་ནི་ངའི་གཡོན་ཕྱོགས་སུ་ཡོད་པའི་སློབ་ཁང་དང་ཐག་མི་རིང་བའི་སྡོང་བོ་ཁེར་སྐྱེས་དེ་ཡིན་སྲིད་སྙམ། ངས་རང་ཉིད་སྡོང་བོ་གཞན་རྣམས་ལྟར་བསྟར་ཕྲེང་མི་སྒྲིག་པར་འདི་ལྟའི་རླུང་བུ་དང་ཙག་ཁ་རྒོད་ས་འདིར་གཅིག་པུར་ལྷག་དོན་ཅི་ཡིན་འདོད་པས། ངའི་ནང་སེམས་ཀྱི་སྤྲོ་སྐྱིད་ཡོད་ཚད་སྡོང་བོ་འདིའི་ལོ་འདབ་བཞིན་སྟོན་མཇུག་གི་རླུང་གིས་གང་སར་གཏོར་འགྲོ་ཞིང་། མདུན་ཕྱོགས་ཀྱི་སྒོ་སམ་ངོས་ཀྱི་ཡི་གེ་དེ་དག་ཀྱང་རབ་རིབ་དང་མག་མོག་ཏུ་གྱུར་འདུག
འབྲེལ་ཡོད་འོས་སྦྱོར།