གླིང་ཚ་སྙིང་རྒྱལ་འབུམ་ལགས་ཀྱི་སྙན་ངག
རྩོམ་པ་པོ།:གླིང་ཚ་སྙིང་རྒྱལ་འབུམ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།
དུས་ཚོད།:2022-07-19
ཀློག་གྲངས།:
རྒྱང་ཐག་རིང་བའི་ཕ་ཡུལ།
གླིང་ཚ་སྙིང་རྒྱལ་འབུམ།
ཆུང་དུས་སུ།
ཕ་ཡུལ་ནི་བཤད་མི་ཚར་བའི་ལྷ་སྒྲུང་ཞིག་ཡིན།
ཕ་ཡུལ་ནི་རྨིས་མི་ཚར་བའི་རྨི་ལམ་ཞིག་ཡིན།
ཕ་ཡུལ་ནི་བླངས་མི་ཚར་བའི་གླུ་གཞས་ཤིག་ཡིན།
རྣང་ཞིང་དུ་རེ་བས་བཏབ་པའི།
སྨིན་ཟིན་པའམ་མ་སྨིན་པའི་རྨི་ལམ་གྱི་ལོ་ཏོག་དང་།
ཐོང་གཤོལ་གྱི་བར་ན་འཕུར་བའི་རྡུལ་འཚུབ་ཀྱི་དྲན་པ།
དུས་ཚིགས་ཀྱི་གོམ་འགྲོས་ཀློང་ན་མག་མོག་ཏུ་འཕྱོ་ཞིང་།
ཕྱིར་མི་ལྡོག་པའི་རྒྱང་རིང་གི་ལམ་དུ་བཞུར།
སྐྱ་ཀ་ཁྲ་མོས་དཀྲོགས་པའི་ལྷིང་འཇགས་ཀྱི་ཞོགས་པ་རེ་རེར།
ཨ་ཕས་ངའི་རྒྱབ་ཏུ་བཀྱགས་པའི་དཔེ་ཁུག་ཏུ།
རེ་བ་དང་རྨི་ལམ་རུམ་གང་བཅུག་ཡོད།
ད་ལྟ་ས་རྡུལ་གྱིས་ཟོས་པའི་ལམ་ཕྲན་ཨར་འདམ་གྱིས་བཀབ་ཀྱང་།
སྤྲོ་སྣང་དང་བག་ཡངས་ཀྱིས་འཚོ་བའི་ལོ་ཟླ་དག
ངའི་མིག་ཟུང་བཙུམས་ཐེངས་ཤིག་གིས་འབོར་ག་ལ་ནུས་ཨང་།
ཨ་མས་ལོ་ཟླའི་ཕྲེང་བ་ཡང་ནས་བསྐྱར་དུ་བགྲང་།
མགོ་རས་དམར་པོ་དཀྲིས་པའི་ལང་ཚོས།
ངའི་འབུ་མ་ཐུབ་པའི་རྨི་ལམ་ལ་བྱིལ་བྱིལ་གནང་སྟེ།
དུས་ཀྱི་ཚ་གདུག་དང་རྐང་རྗེས།
སེར་གའི་གཅོང་རོང་དུ་བབས་ཤིང་དབུ་སྐྲའི་ལན་བུའི་ནང་བཞད།
སྲང་ལམ་གང་ཞིག་ནས།
ལུག་ཁྱུའི་འབའ་སྒྲ་ཐོས་འོང་སྙམ་ཡང་།
མ་ཐོས་པའི་སྐྱོ་གདུང་ཐན་ཐུན།
ཆུང་གྲོགས་སུ་ཞིག་ལ་འཕྲད་སྲིད་སྙམ་ཡང་།
མ་ཕྲད་པའི་དྲན་གདུང་བན་བུན།
ལྷིང་འཇགས་ཀྱི་ནམ་མཁའ་ཧྲིལ་པོར་གཏིབས་དུས།
ནམ་ཟླའི་དྲོ་གྲང་གིས་མནར་བའི་ངའི་གྲིབ་གཟུགས་ཀྱང་།
ཕ་ཡུལ་གྱི་ངོ་མཚར་བའི་མིག་མདངས་ཁྲོད་རྒྱུས་མེད་དུ་གྱུར།
ཕ་ཡུལ་ན།
ལུག་ཁྱུའི་རྗེས་ཀྱི་དྲན་གདུང་གི་ལ་གཞས་མི་འདུག
ཉི་མར་ལྡེ་བའི་རྒན་རྒོན་ཚོའི་གསར་འགྱུར་མི་འདུག
མ་ཎི་ཁང་གི་གཡེལ་དྲིལ་གྱི་འབོད་པ་འཇགས་ཟིན།
གནས་འགྲོ་བུ་མོའི་བྲལ་གདུང་གི་བག་ངུའང་འཇགས་ཟིན།
བུ་མོའི་ཐེ་ཚོམ་གྱི་དྲི་བའི་མཐའ་རུ།
ཕ་ཡུལ་གྱི་གཏམ་རྒྱུད་ངོ་མ་ཞིག་འཆད་དཀའ་དུས།
ད་གཟོད་ཕ་ཡུལ་གྱི་ངོ་གདོང་སྐྱ་བོར་གྱུར་པ་ཚོར།
ཁ་བའི་ཁྲོད་དུ་ལྷིང་འཇགས་ཀྱིས་གཟིམ་གྱིན་པ་ཚོར།
ངས་བསམ་གཞིག་ཡོད་ཚད་མེ་རུ་བསྒྲོན་ཞིང་།
འུར་ཟིང་དང་འདུ་འཛིའི་ཞགས་ཐག་དུམ་སེར་བཅད་དེ།
སྐྱོ་ངལ་དང་ཆད་སྣང་མཐའ་དག་གནས་འདིར་འབོག་འདོད་ཀྱང་།
ཕ་ཡུལ་ང་དང་རྒྱང་ཐག་རིང་བས།
ཁེར་རྐྱང་དུ་འཕུར་བའི་སེམས་པ་འདི་གང་ལ་འཇོག་ཨང་།
འབྲེལ་ཡོད་འོས་སྦྱོར།