བོད་སྐད་རླུང་འཕྲིན་ནི་མི་མངོན་པའི་སློབ་གྲྭ་ཆེན་མོ་ཞིག་རེད།
རྩོམ་པ་པོ།:མཛེས་སེ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2022-07-31
ཀློག་གྲངས།:
བོད་སྐད་རླུང་འཕྲིན་ནི་མི་མངོན་པའི་སློབ་གྲྭ་ཆེན་མོ་ཞིག་རེད།
——མཚོ་སྔོན་བོད་སྐད་རླུང་འཕྲིན་གཏོང་མགོ་བརྩམས་ནས་ལོ་བདུན་ཅུ་འཁོར་བའི་བཞུགས་མོལ་ཚོགས་འདུའི་སྐབས་ཀྱི་དྲན་ཚོར་ཕྲན་བུ།
མཛེས་སེ།
སྐབས་འདིར། ངས་ཕ་ཡུལ་གྱི་གློག་སྡོང་ཞིག་དྲན་བྱུང་། གྲོང་སྡེའི་མཐོ་སར་བཙུགས་པའི་ཤིང་གི་གློག་སྡོང་དེའི་རྩེ་མོར། དུང་ཆེན་གྱི་དབྱིབས་དང་མཚུངས་པའི་སྐད་སྒྲ་སྒྲོག་ཤེས་པའི་ཁ་དོག་སྔོ་སྐྱ་ཅན་གྱི་དངོས་པོ་ཡ་མཚན་ཞིག་ཡུན་རིང་དུ་གནས་མྱོང་། འོན་ཀྱང་སྐད་ཆ་བཤད་མཁན་དེ་དག་ནམ་མཁའ་རུ་ཡོད་པར་འདོད་པ་ལས་ས་སྟེང་དུ་ཡོད་པ་གཏན་ནས་མི་ཤེས།

སྐབས་འདིར། ངས་རང་ཁྱིམ་གྱི་ཀ་བ་ཞིག་དྲན་བྱུང་། ནུབ་ཁྱམས་ཀྱི་ཀ་བ་དཀྱིལ་མ་དེའི་ཐོང་ག་རུ་ཤིང་གི་སྒམ་ཆུང་ཞིག་བཏགས་ཡོད་པ་དང་། སྒམ་ཆུང་དེའི་ནང་དུ་བོད་སྐད་བཤད་མཁན་ཕོ་མོ་མང་པོ་འཛུལ་ནས། ཉིན་གུང་དང་མཚན་མོའི་དུས་སུ་གཏམ་སྣ་ཚོགས་འཆད་ཀྱིན་འདུག་ལ། ལོ་སར་ཚེས་གཅིག་གི་ཉིན་གང་བོར། བཀྲ་ཤིས་པའི་གླུ་སྐད་སྙན་མོ་ནི་འཛད་མཐའ་མེད་དེ། ནང་མི་ཀུན་གྱི་གདོང་ལ་སྐྱིད་སྣང་གིས་ཁེངས།ངས་ཞོགས་པའི་ཆུ་ཚོད་དྲུག་གི་རྗེས་སུ་སྒམ་ཆུང་དེ་ལས། མཛའ་ཞིང་བརྩེ་བའི་ཉན་མཁན་རྣམ་པ་། ཁྱོད་ཚོ་ལོ་སར་བཟང……ཞེས་པའི་ཚིག་དེར་བསྒུགས་པ་དང་། འོ། ལོ་སར་བཟང་། ལོ་སར་བཟང་། ཁྱོད་རང་ལོ་སར་བཟང་ངམ་ཞེས་ལན་བསློགས་ཤིང་འཚམས་འདྲི་ཞུས་ཏེ། ད་གཟོད་རྟ་ལ་བཞོན་ནས་ལབ་ཙེ་བསྟོད་དུ་ཆས་པ་ཡིན།
སྐབས་འདིར། ངས་ངེད་ཚང་གི་མེ་ཁང་གི་ཆ་གར་བཤམས་པའི་སྒྲ་སྡུད་འཕྲུལ་ཆས་ཟེར་བ་དེ་དྲན་བྱུང་། འཛམ་གླིང་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་མོ་སྨན་ཐམས་ཅད་དེ་རུ་འདུས། གསར་འགྱུར་ཞེས་པའི་ལ་ལུང་གི་གནས་ཚུལ་དེ་ལས་བཞུར། འཕྲོད་བསྟེན་དང་བདེ་ཐང་ལ་བྱང་བའི་སྨན་པ། ན་ཆུང་བྱིས་པ་རྣམས་ཀྱིས་ཤིན་ཏུ་དྲན་པའི་ཨ་ཅེ། ཞིང་ཕྱུགས་དང་དཔལ་འབྱོར་ཐད་མཁོ་ཆེ་བའི་འཚོ་བའི་ལམ་སྟོན་པ་སོགས་ཀྱིས་ནམ་ཡང་སྦས་པའི་བརྟུལ་ཞུགས་བཟུང་།

ཤིང་གི་གློག་སྡོང་གི་རྩེ་མོར་གནས་པའི་དུང་ཆེན་གྱི་དབྱིབས་དང་མཚུངས་པའི་ཁ་དོག་སྔོ་སྐྱ་ཅན་གྱི་དངོས་པོ་ཡ་མཚན་དེའི་ནང་དུ་མི་སུ་ཞིག་ཡོད་དམ། ཀ་བའི་ཐོང་གར་བཏགས་པའི་ཤིང་གི་སྒམ་ཆུང་དེའི་ནང་གི་ཕོ་མོ་དེ་ཚོས་ལྟོགས་སྐོམ་མྱང་ཨེ་སྲིད། ནམ་རྒྱུན་བཟའ་བཏུང་ཅི་ཞིག་སྤྱོད་ཀྱིན་ཡོད་དམ། མེ་ཁང་གི་ཆ་གར་བཤམས་པའི་སྒྲ་སྡུད་འཕྲུལ་ཆས་ནང་གི་ཨ་ཁུ་ཨ་ནེ་རྣམས་ད་ལྟ་གང་ན་བཞུགས་སམ། གཅེན་པོ་གཅེན་མོ་དག་ངས་དེ་རིང་མཐོང་བྱུང་ལ། ན་མཉམ་གྲོགས་པོ་གྲོགས་མོ་ཚོ་སྔར་བཞིན་ལས་ཀར་བྲེལ། གཞོན་སྐྱེས་ཕོ་གསར་མོ་གསར་ཡོངས་ཀྱིས་སང་ཉིན་གྱི་བཅར་འདྲི་དང་རྩོམ་སྒྲིག་དང་སྙན་སྒྲོན་སོགས་འཆར་གཞིར་འགོད་ཀྱིན་མཆིས། སྐབས་འདིར། ངའི་རྣ་ལམ་དུ་བཅའ་ཁྲིམས་འགྲེལ་བརྗོད་དང་། ཚན་རྩལ་ཤེས་བྱ་ཁྱབ་གདལ་དང་། རིག་གནས་དཔྱད་གླེང་དང་། སྐད་ཡིག་འཆད་ཁྲིད་སོགས་གསལ་དག་སྙན་འཇམ་གྱི་ངག་གི་ལང་ཚོ་གློག་རླབས་ལ་བརྟེན་ནས་གཡོས་བྱུང་སྟེ། རོང་འབྲོག་མི་མང་གིས་དགའ་ཞེན་བྱེད་ཅིང་ཡིད་རྟོན་པའི་བོད་སྐད་རླུང་འཕྲིན་ནི་མི་མངོན་པའི་སློབ་གྲྭ་ཆེན་མོ་ཞིག་རེད་ཅེས་ང་ཡི་སེམས་སུ་དྲན་བྱུང་།
གེ་སར་སྒྲུང་དང་མཚོ་སྔོན་བོད་སྐད་རླུང་འཕྲིན།

ང་ནི་ཞིང་ཕྱུགས་གཉིས་ཀ་གཉེར་གྱིན་པའི་རོང་མ་འབྲོག་གི་ས་ཆ་ཞིག་ཏུ་སྐྱེས་པ་དང་། ངེད་ཚོའི་ཡུལ་ཕྱོགས་དེའི་མི་ལ་ཀུན་གྱིས་འཇམ་པ་ཞེས་འབོད། ང་རང་ཆུང་ངུའི་དུས་ནས་བག་ཆགས་ཆེས་ཟབ་པ་ཞིག་ནི་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལེ་ཚན་ལ་ཉན་པ་དེ་རེད། དུས་སྐབས་དེར། ང་ཚོའི་གྲོང་སྡེ་ནང་གི་དུད་ཁྱིམ་སོ་སོའི་རྒན་དར་གཞོན་གསུམ་ཀུན་གྱིས་ཉིན་གཅིག་གི་ལས་ཀ་མཇུག་རྫོགས་རྗེས་མཉམ་དུ་འཛོམས་ནས་ཟ་མ་ཟ་ཞོར་དུ་སྒྲ་སྡུད་འཕྲུལ་ཆས་བརྒྱུད་དེ་བོད་སྐད་ཀྱི་རིག་རྩལ་ལེ་ཚན་དང་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་ཉན་རྒྱུར་ཤིན་ཏུ་དགའ།
ང་རང་སློབ་གྲྭ་ནས་ཐོན་རྗེས་མཚོ་སྔོན་པོའི་ཕྱོགས་ཀྱི་སྤྲེལ་ནག་རྩྭ་ཐང་དུ་སོང་ནས་ལས་ཀ་ལོ་དུ་མར་བསྒྲུབས་མྱོང་ལ། དུས་རྒྱུན་འབྲོག་སྡེ་རུ་ཕྱིན་ནས་སྦྲ་ཁྱིམ་དུ་སྡོད་པའི་གོ་སྐབས་མང་པོར་འཕྲད་པས། འབྲོག་ཕྱོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་ཆ་རྒྱུས་ཡོད། འབྲོག་ཁྱིམ་རེ་རེར་མཚོན་ནའང་ནངས་དགོང་གི་ལས་ཀའི་བར་གསེང་དུ་མཚོ་སྔོན་བོད་སྐད་རླུང་འཕྲིན་ལ་ཉན་ནས་ཕྱོགས་ཡར་མར་གྱི་གནས་ཚུལ་མང་པོ་ཤེས་ཀྱིན་ཡོད་པ་དང་། མང་ཚོགས་ཀྱི་ཡིག་རྨོངས་སེལ་བའི་ཐབས་ལེགས་ཤོས་ཀྱང་སྒྲ་སྡུད་འཕྲུལ་ཆས་ལ་ཉན་རྒྱུ་དེ་རེད། དུས་ནམ་ཡིན་ཡང་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་མི་ཉན་མཁན་ཕལ་ཆེར་མེད་པ་འདྲ།

ད་ལྟ་ངས་གེ་སར་སྒྲུང་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་སའི་ལས་ཁུངས་ཤིག་ཏུ་ལས་ཀ་སྒྲུབ་ཀྱིན་ཡོད་དེ། ལོ་རེར་ཨ་མདོ་དང་ཁམས་ཀྱི་རོང་འབྲོག་ས་ཆ་གང་མང་ལ་སོང་ཞིང་གནས་ཚུལ་རྒྱུས་ལེན་བྱེད་སྐབས། མང་ཚོགས་ཁྲོད་དུ་སློབ་གྲྭ་འགྲིམས་མ་མྱོང་བའི་སྒྲུང་པ་མི་ཉུང་བ་ཞིག་ཡོད་པ་དང་འཕྲད། ངས་ཁོ་ཚོར་གེ་སར་རྒྱལ་པོའི་སྒྲུང་བཤད་ཤེས་པ་དང་སྒྲུང་དཔེ་ཀློག་ཤེས་མཁན་ཞིག་ཏུ་ཇི་ལྟར་གྱུར་བ་ཡིན་ནམ་ཞེས་དྲིས་ཚེ། ཁོ་ཚོ་ཚང་མས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གླིང་སྒྲུང་འཛམ་གླིང་རྒྱན་གཅིག་ཅེས་པའི་ལེ་ཚན་དེ་ལ་རྒྱུན་དུ་ཉན་ཞིང་སྦྱོང་བ་བྱས་པས་ཡི་གེ་ཀློག་ཐུབ་པ་དང་སྒྲུང་བཤད་ཤེས་པ་བྱུང་སོང་ཞེས་ཟེར། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གཞི་རིམ་མང་ཚོགས་ལ་དོན་བཟང་གང་མང་བསྒྲུབས་ཡོད་པ་མིག་མཐོང་ལག་ཟིན་རེད། དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པས། ང་ཚོས་གུས་འདུད་དང་སློབ་སྦྱོང་ཞུ་འོས་སོ། །
སྤྱི་རྩིས༢༠༢༢ལོའི་ཟླ༧ཚེས་༢༧ཉིན་ཟི་ལིང་དུ།
འབྲེལ་ཡོད་འོས་སྦྱོར།