logo

ཏོག་གསར་གློ་ཚད་འགོག་པའི་སྲུང་བ་རྡོ་རྗེའི་གོ་ཁྲབ།

རྩོམ་པ་པོ།:གླིང་ཚང་མདའ་སྨྱུག ཡོང་ཁུངས།:གངས་ལྗོངས་ཉི་གཞོན། དུས་ཚོད།:2022-08-26 ཀློག་གྲངས།:
གླུ་ཨ་ལ་རྒྱ་གར་ཡུལ་ནས་ལེན།།
མགོན་འཚོ་བྱེད་གཞོན་ནུ་གྲོགས་སུ་བྱོན།།
མ་ཐ་ལ་གངས་ཅན་བོད་ནས་གྱེར།།
རྗེ་གཡུ་ཐོག་གསར་རྙིང་ཐུགས་རྗེས་གཟིགས།།

ངག་སྙན་མོ་རྒྱ་ནག་ཡུལ་ནས་བཀུག།
ལྷ་ཀྲུང་ནན་ཧྲན་གྱིས་ཤིས་པ་སྩོལ།། 
ཚིག་འཇམ་པོ་མགྲིན་པའི་དབྱངས་ལ་བསྐྱོན།།
མ་འགྲོ་དྲུག་ལུས་བདེ་སེམས་སྐྱིད་ཤོག།
ས་འདི་འདྲའི་ས་ངོ་མ་ཤེས་ན།།
ཡུལ་གངས་ཅན་བསིལ་མོ་ལྗོངས་ཀྱི་དབུས།།
ཆོས་སངས་རྒྱས་བསྟན་པའི་ཞིང་ས་སྟེ།།
གནས་བཟང་པོ་སྨོན་ལམ་ལ་ཁ་རེད།།

ཕོ་ང་འདྲའི་ང་ངོ་ཨེ་ཤེས་ལགས།།
ངའི་ཕ་རྒྱུད་དཀར་ཕྱོགས་ལྷ་དང་འབྲེལ།།
ད་མ་རྒྱུད་ཀླུ་རྒྱལ་གཙུག་ནའི་ཚུགས།།
མ་འགོག་མོའི་ལྷ་སྲས་ཇོ་རུ་ཡིན།།

ཡ་ཁོ་རེ་མ་རུངས་བདུད་ཀྱི་བུ།།
མ་སེམས་ཅན་སྲོག་གི་གཤེད་མ་ཁྱོད།།
ཡུལ་འཛམ་བུ་གླིང་ན་རླུང་ལྟར་གཡོ།།
མི་སུ་ཐུག་སྲོག་ལ་རྒོལ་བར་བྱེད།།

སྟོད་རྒྱ་གར་འཕགས་པའི་གནས་ལམ་བཅད།།
སྨད་རྒྱ་ནག་དཔལ་འབྱོར་ཚང་ལམ་བཀག། 
བར་སྐུ་རྒྱལ་བོད་ཀྱི་ཆོས་ཚོགས་གཏོར།། 
ས་གོ་ལའི་ཤར་ནུབ་འཇིགས་སྣང་སྐྱེས།།

ཁྱོད་ཡུལ་ཕྱོགས་གང་གི་གདོན་འདྲེ་ཡིན།།
མི་འདུ་འཛི་ཆེ་བའི་གྲོང་ཁྱེར་དུ།།
གཟུགས་མི་མངོན་རླུང་གི་གཤོག་པ་ཅན།།
ལུས་བུ་གའི་གསེང་ནས་དོན་སྣོད་འཇུག།

སྲོག་དམར་པོ་གཅོད་པའི་ཉེས་ཅན་དང་།།
རྒྱུ་དཔལ་འབྱོར་བརླགས་པའི་འཕུང་རྒན་ཁྱོད།།
ད་རང་ཚོད་བཟུང་ན་ཨེ་མི་དགའ།།
གནས་བསིལ་མོ་ལྗོངས་ནས་གཞན་དུ་སོང་།།

ཡ་དེ་ནས་ཉོན་དང་འགྲོ་བ་མི།།
ཡང་སྒོས་སུ་གངས་ཅན་བོད་པ་ཚོ།།
སེམས་མ་གཡེང་རིག་པ་ང་ལ་གཏོད།།
བུ་ལྷ་སྲས་ཇོ་རུའི་ངག་ལ་ཉོན།།

ནད་འདི་ལ་ཆེད་དུ་སྨན་པ་དང་།།
དེ་མྱུར་དུ་འཇོམས་པའི་སྨན་མཆོག་ཅིག།
རྒྱ་དཀར་ནག་བོད་ལ་དཀོན་ཚོད་གདའ།།
དེ་ཡིན་ཡང་འཇིགས་པ་སྐྱེ་དགོས་མེད།།
མི་འདུ་འཛི་འབེལ་བའི་གྲོང་ཁྱེར་དུ།།
འགྲོ་མི་རུང་འགོག་པའི་ཐབས་མཆོག་གཅིག།
རྒྱ་དཀར་ནག་འདུས་པའི་ཚོང་ར་རུ།།
འགྲོ་དགོས་ཀྱང་ཁ་མིག་སྣ་བདག་བྱོས།།

ཁྱིམ་བཟའ་མི་ཀུན་པོ་ནང་དུ་སྡོད།།
སྒོ་སྒེའུ་ཁུང་བར་ནས་བསིལ་རླུང་བསུས།།
སྐོམ་ཟ་མའི་སྔོན་དུ་ལག་པ་ཁྲུས།།
ཐག་རིང་པོའི་མགྲོན་པོ་ཟུར་དུ་ཞོག།

ཁྱོད་ཕྱི་ལ་འགྲོ་དུས་ཁ་རས་གྱོན།།
འདི་སྲུང་བ་རྡོ་རྗེའི་གོ་ཁྲབ་ཡིན།།
ནང་ཕུ་ནུའི་བར་དུ་འགོག་ལམ་སྲུངས།།
འདི་དགྲ་ལྷའི་ཚེ་གོས་སྨུག་པོ་ཡིན།།

ད་འགྲོ་འདུག་སྤྱོད་ལམ་ཉུང་ན་དགའ།།
ཁ་ལག་པའི་གཙང་སྦྲ་རྒྱུན་པར་གཅེས།།
མི་ཕན་ཚུན་རྒྱང་ཐག་དཀྱེལ་ཐུབ་ཚེ།།
ནད་འདི་ལ་འཇིགས་པ་ཡོང་དགོས་མེད།།

རྗེ་སྟོན་པ་གོང་མའི་གསུངས་པར་བཞིན།།
བུ་རང་ཉིད་མགོན་པོ་རང་ཡིན་པས།།
ནད་འདི་ཡི་འགོག་ཐབས་ཤིན་ཏུ་སླ།།
རང་ཁོ་ནའི་འཕྲོད་བསྟེན་ཤེས་ན་ཆོག།
འབྲེལ་ཡོད་འོས་སྦྱོར།