རུས་པའི་ལྷུག་རྩོམ་གསར་པ།
རྩོམ་པ་པོ།:རུས་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-10-25
ཀློག་གྲངས།:
བྱིས་དུས་ཀྱི་ཆར་བ།
རུས་པ།
ནམ་མཁའི་ཆུ་སྤྲིན་ནག་རོག་རོག་ལས་ཆར་བ་ཟམ་ཟིམ་འབབ་ཅིང་། ཙོང་ཁའི་རི་རྒྱུད་ཀྱི་ལྕགས་རིའི་མུ་ཁྱུད་ཀུན་སྨུག་སྤྲིན་སྲབ་མོ་ཞིག་གིས་ཀུན་ནས་དཀྲི་དུས། ད་གཟོད་ནམ་མཁའ་དང་ས་གཞི་ནས་ལྡང་འོང་བའི་ཆར་དང་སྨུག་པའི་བརླན་གཤེར་གྱི་དྲི་ངད་དེས། བྱིས་དུས་ཀྱི་ཕ་ཡུལ་དང་རང་ཉིད་དྲན་དུ་འཇུག དེ་འདྲའི་གསལ་ཐིངས་པ་དང་བབ་ཆགས་པ། མ་འཁྲུགས་པ་དང་མ་གོས་པའི་བག་ཆགས་ནེམ་པོས་ད་གཟོད་ནར་སོན་གྱི་རྐང་རྗེས་ཕྲ་མོར་སྙིང་བོ་ཡོད་མེད་ཀྱི་རོ་དང་ཁ་དོག་མཉམ་པོར་བསྩལ་འོང་། ད་ལོ་ནི་ཆར་ཆུ་ཤིན་ཏུ་མོད་པའི་ལོ་ཞིག་ཡིན་ལ། དེ་རིང་ཡང་ཙོང་ཁའི་གནམ་ངོ་ནག་རོག་རོག་ལས་སྔར་བཞིན་ཆར་བ་ཟམ་ཟིམ་ཞིག་འབབ་བཞིན་འདུག ཕྱིར་འདང་ཞིག་བརྒྱབ་ན། ཁོ་བོའི་བྱིས་དུས་ཀྱི་དགོད་བྲོ་བའི་འཚོ་བའི་སྣང་བརྙན་ཡིད་དུ་འོང་བ་མང་བོ་ཞིག་ཀྱང་གནམ་ངོ་ནག་རོག་རོག་ལ་འབྲེལ་ཞིང་། ཡང་ན་ནི། གནམ་ངོ་ནག་རོག་རོག་དེས། ད་གཟོད་ཕ་ཡུལ་དང་རང་ཉིད་བར་གྱི་རུས་པའི་ལྷུ་ཚིགས་ཀྱི་རྣམ་པས་འབྲེལ་བའི་བྱིས་དུས་ཀྱི་ལོ་ཟླའི་རྣམ་འགྱུར་ཇི་སྙེད་ཅིག་ཤེལ་གྱི་མེ་ལོང་དུ་འཆར་བ་བཞིན་སྐད་ཅིག་དེ་ཉིད་ལ་དྲན་པས་མ་ཟིན་པ་དག་ཟིན་པར་བྱེད། ང་ལ་ཆར་བའི་ཁྲོད་དུ་ཆར་གདུགས་འཛིན་པའི་གོམས་སྲོལ་མེད་པ་དེ་ཡང་གཅིག་བྱས་ན་རྒྱུ་མཚན་དེ་ལ་རག་ལས་པར་སྙམ།
ཆར་བ་ཟམ་ཟིམ་འབབ་ཐེངས་རེར། གྲོང་ཁྱེར་པ་ཚོས་དབྱིབས་དང་ཁ་དོག་སྣ་ཚོགས་ཀྱི་ཆར་གདུགས་བཀར་ནས་ཆར་བས་རང་ཉིད་ཀྱི་ལྭ་བ་རློན་པར་སེམས་ཁྲལ་བྱེད། དེ་ཡང་ལོས་ཡིན་ཏེ། གྲོང་ཁྱེར་པ་དག་ལ་མཚོན་ན། བྱང་ཁོག་སྟོད་དུ་ཕ་ཡུལ་ཞེས་པའི་བརྩེ་དུངས་ཀྱི་མིང་བརྡ་དང་གཟུངས་ཐག་གིས་དབུལ་བས་མ་ཡིན་ནམ། ངས་ཆར་གདུགས་མ་ཐོགས་པར་ཆར་བའི་ཁྲོད་དུ་འཆམ་འཆམ་དུ་སྐྱོད་སྐབས། གྲོང་ཁྱེར་པ་ཚོས་ང་ལ་རྣམ་འགྱུར་ཅི་རིགས་སྟོན་པ་དེ་ལའང་ཁག་ཅི་ཡོད། དངོས་གནས་ཁག་མི་འདུག ཁོ་ཚོར་མ་གཞི་ནས་རྩྭ་ཐང་གི་འཚོ་བ་དབུལ་བའམ་རྩྭ་ཐང་ལ་འདྲིས་མ་མྱོང་བས་ཡིན་སྲིད། རང་ཅག་ལ་རྩྭ་ཐང་དང་རྣང་ཞིང་ཉིས་འཛོམས་ཀྱི་ཤ་ཁྲག་སྣུམ་པོ་འཐག་ས་དང་རུས་པ་དཀར་པོ་འཐོར་སའི་ཕ་ཡུལ་ཞེས་པ་ཞིག་ཡོད་པས། ཁ་ཆར་འབབ་ཐེངས་རེར། ཕ་ཡུལ་ལ་ཁ་པར་བཏང་ནས་ཕྱུགས་ཀྱི་འཕེལ་ཁའི་སྔ་ལྟས་སུ་འཁྲུངས་པའི་རྩྭ་རྩི་ཏོག་གི་སྐྱེ་འཕེལ་དྲི་དགོས། ཞིང་ལོ་ཏོག་སྙེ་མའི་དར་རྒུད་ལ་འབྲེལ་བའི་སད་སེར་གྱི་གནམ་གཤིས་དྲི་དགོས། དེ་བས་ བདག་གིས་དུས་ཚིགས་བཞི་པོའི་ཟི་ལིང་གི་ནམ་ཟླའི་འགྱུ་བག་ལ་མཉམ་འཇོག་བྱེད་ཞོར་ཕ་ཡུལ་ལའང་དེ་ལྟར་གཟབ་ཉན་བྱེད་བཞིན་ཡོད། ཆར་བ་འབབ་ཐེངས་རེར། ངས་དེ་ནི་མཁའ་འགྲོའི་བདུད་རྩིའམ་དུག་སེལ་གྱི་ལྷ་ཆབ་ལྟ་བུར་ངེས་ཤེས་འདྲོངས་ནས། དེ་ཡིས་རང་གི་ལུས་དང་སེམས་ཀྱི་མ་རིག་པའི་མནོལ་གྲིབ་ཡོད་ཚད་དྲུངས་ནས་འབྱིན་པར་ཡང་ཡིད་ཆེས་ཀྱིས་བརྟས་ཡོད། ཁོ་བོའི་དྲན་འཛིན་གྱི་སྡིངས་སུ་ད་དུང་ཡང་ཁྲ་ལམ་མེར་སྣང་བའི་རང་ཉིད་ཀྱི་བྱིས་དུས་ནི། ཁྱེད་ཅག་དང་འདྲ་བར་ཆར་བའི་ཁྲོད་ནར་སོན་པ་ཞིག་ཡིན་ཏེ། ཆར་བའི་ཁྲོད་དུ་ཨ་ཕ་རྫི་བོར་ཕྱིན་ནས་ས་སྲོས་དུས་སུ་རང་ཁྱིམ་དུ་ལྡོག་སྐབས། རྩི་ཞྭ་དང་ཕྱིང་ལྭའི་འདབས་ཁ་ནས་ཆུ་ཐིགས་བར་མེད་དུ་འཛར་བའི་སྣང་བརྙན་ཡོད། ཆར་བའི་ཁྲོད་དུ་ཁོས་རྣང་ཞིང་ལ་ཡུར་ཆུ་འདྲེན་བཞིན་སྔོ་དུ་ཤོག་ཁུད་དུ་གཅུད་ནས་འཐེན་བཞིན་པའི་སོས་དལ་གྱི་རྣམ་འགྱུར་ཡོད། ཆར་བའི་ཁྲོད་དུ་ཞིང་པ་ཚོས་སྐྱ་རེངས་སྐྱ་མདའ་དང་ལྷན་དུ་སྒྲོག་པའི་ངལ་རྩོལ་གྱི་སྒྲ་དབྱངས་ཡོད། ཆར་བའི་ཁྲོད་དུ་འབྲོག་མི་ཚོས་ཟོག་ལུག་རི་ལ་གྲམ་པའི་བག་ཕེབས་ཀྱི་སྐད་འབོད་ཡོད། ད་དུང་ཆར་བའི་ཁྲོད་ང་ཕྱུགས་རྫིར་ཕྱིན་ནས་ལྭ་བའི་ཕྱི་ནང་ཡོད་ཚད་ཆུ་ཡིས་སྦངས་ཟིན་ནའང“ཞང་ཨ་ཡང་ལ་མོ”ངག་ལ་བཀུག་པས་ཨ་མས་བསྲན་མ་ཚུགས་པར་དགོད་ཁ་ཤོར་བའི་དྲན་ཤིང་ཡང་ཡོད། དེ་དག་ཡོད་ཚད་ཁ་སང་གི་བྱུང་བ་ཇི་བཞིན་དེ་རིང་གི་གནམ་ངོ་ནག་རོག་རོག་གི་ཆར་བ་ཟམ་ཟིམ་ཁྲོད་སྣང་ཡོད། ཆར་བ་འབབ་ཐེངས་རེར་དང་ལྷག་ཏུ་མཚན་འབབ་ཀྱི་སྐབས་སུ། སྐབས་དེའི་ནོར་ལུག་གང་བྱུང་དུ་རི་རྒྱག་བྱེད་ཆོག་པའི་ཕ་ཡུལ་གྱི་རྩྭ་ཐང་ཡངས་པོ་དང་ཟོག་ལམ་རེ་རེ། དེའུ་འབུར་རེ་རེ། ཟོག་ལྷས་དང་མཚེར་ཤུལ་རེ་རེ། མེ་ཏོག་དང་རྩྭ་ལྡུམ་རེ་རེ། ན་ཆུང་རྫི་གྲོགས་རེ་རེའི་ཤེལ་དམ་ལྗང་གུའི་ནང་གི་འོ་ཇ་དང་། སྐར་ལྔའི་དཔེ་ཁུག་ནང་གི་བག་ལེབ་ཀྱི་རུམ་བྲོ་ཆར་བའི་ཁྲོད་ནས་མཉམ་རོལ་བྱས་པའི་བྱིས་དུས་ཁོ་ནར་དབང་ཞིང་། ཕྱིར་མི་ལྡོག་པའི་སྣང་བརྙན་དག་ག་ལེར་དྲན་དུས། ཕོ་ལོ་བཞི་བཅུའི་ངོ་གདོང་གི་སྨྲ་རར་བྱིལ་བྱིལ་བྱེད་ཀྱིན་དེའི་དུས་ཀྱི་རྩེ་རོགས་ཕལ་ཆེ་བ་ད་ལྟ་བུ་ཕྲུག་ཁ་ཤས་ཀྱི་ཕ་མར་གྱུར་ནས་འཁོར་བའི་རྟིང་འཛིན་དུ་གྱུར་ཡོད་ཅིང་། དེ་ལས་ལ་ལ་ཞིག་ཡུལ་ཁམས་གཞན་ལ་ཕྱིན་ནས་ཕ་ངོ་བུ་ངོ་མ་འཕྲོད་པར་ཡོད་པ་དང་། ཡང་ལ་ལ་ཞིག་གིས་ཚེ་ཡི་ཕ་མཐའ་མ་ཟིན་པར། འཇིག་རྟེན་མི་ཡུལ་དང་ཞལ་གྱེས་སོང་པའང་རང་བཞིན་གྱིས་དྲན་ཡོང་།
ཕ་ཡུལ་དུ་ལྡོག་ཐེངས་རེར། ངས་རང་ཉིད་བྱིས་དུས་རྫི་བོར་སྐྱོད་སྐབས་ཀྱི་ལ་མོ་རེ་རེར་ཡང་བསྐྱར་གོམ་པསཐེངས་ཤིག་བཅལ་ཅིང་། ལམ་ངོས་ཀྱི་བྱེ་ཟེགས་དང་རྡོ་བར་ལག་པས་འཕུར་འཕུར་དང་། དེ་དག་གི་དྲི་མར་སྣོམ་བཞིན་འདས་ཟིན་པའི་ན་ཆུང་གི་ལོ་ཟླར་གཟབ་ཉན་ཐེངས་ཤིག་བྱས་པ་ཡིན། ངས་ཤེས་དུས་ངེད་ཚང་གི་ལུག་ཁྱུ་ང་ཚོ་གྲོང་པའི་དགུན་ས་སྟེ་གནའ་མི་ཚོས་མུ་གེ་ཐང་དུ་འབོད་པ་དེར་ཡོད་པའི་ཉེ་འབྲེལ་ཞིག་གི་ཁྱིམ་དུ་བཅོལ་ཡོད། ཕལ་ཆེར་དེ་དུས་ངའི་ཨ་ཕས་སྡེ་བའི་དམངས་སྒྲུབ་དགེ་རྒན་དང་། ཨ་མས་གྲོང་ཚོའི་སྡོང་སྲུང་གི་འགན་ཁུར་ཡོད་ལ། དེའི་ཁར་ངེད་སྤུན་མཆེད་ཚོར་ཡང་ཁ་ལྟ་མིག་ལྟ་བྱ་དགོས་པས། ལུག་ཁྱུ་གཞན་ལ་མི་བཅོལ་ཐབས་མེད་ཡིན་ཤས་ཆེ། ང་རང་སྤུན་སྲིང་ཚོའི་ཆེ་མགོ་ཡིན་པས། དེའི་དུས་རྫི་བོ་རྒན་པ་ཚོ་དང་ལྷན་དུ་རྟག་པར་ར་རྫི་ལ་འགྲོ་བཞིན་ཡོད་ཅིང་། ངེད་ཚང་ལ་ར་མ་མང་དུས་གྲངས་ཀ་བརྒྱ་ཕྲག་ལས་བརྒལ་ཡོད། ང་ལོ་དྲུག་ཡས་མས་ཀྱི་སྐབས་ནས་བཟུང་། མི་རྒན་ཚོ་དང་ལྷན་དུ་ར་རྫིར་འགྲོ་འགོ་བརྩམས་པ་དང་། རིམ་གྱིས་ར་རྫི་ལ་འགྲོ་གྲངས་མང་བ་དང་ལྷན་དུ་མི་རྒན་ཚོའི་གམ་ནས་ཇི་ལྟར་རྫི་བོ་བྱེད་པའི་སྐོར་ལའང་རང་ཤུགས་ཀྱིས་ཐབས་དང་ཉམས་མྱོང་ཁ་ཤས་བསགས་ཐུབ་པ་བྱུང་བས། ང་ལ་མཚོན་ན། ར་རྫིར་འགྲོ་རྒྱུ་ནི་བྱིས་དུས་ཀྱི་ཤིན་ཏུ་སྤྲོ་ནང་ལྡན་པའི་ལས་ཀ་ཞིག་ཏུ་གྱུར་ཡོད། ཡིན་ནའང་། ཆར་བ་ཟམ་ཟིམ་བབས་པའི་ཉིན་མོ་རེ་རེར། ང་ལན་དུ་མར་འགྱིག་ཤོག་གི་ཆུ་ལྭའི་ནང་དུ་ཤེས་མེད་ཚོར་མེད་ཀྱིས་གཉིད་ལ་ཤོར་ཞིང་། ངེད་ཚང་གི་ར་ཁྱུ་གྲོང་སྤྱིའི་རྩྭ་ར་དང་། ཞིང་ནང་དུ་ཤོར་བས་རྩྭ་ཁྲིམས་དང་ཞིང་ཁྲིམས་ཡང་བཅལ་མྱོང་། གྲོང་ཚོའི་ནང་དུ་རྒད་པོ་བསམ་ངན་ཞིག་ཡོད་པ་དེས། བསམ་གཟས་ནས་ར་མ་གཡུང་མོ་འགའི་སུག་ལག་རྡོ་བར་དུ་བཞག་སྟེ་ཧྲུག་ཧྲུག་བཟོས་པས། ཨ་མས་ཉིན་དུ་མར་གཤེ་གཤེ་ཚ་ནན་བཏང་བ་དང་། ང་རང་ར་རྫི་ཆེས་ཡག་ཤོས་ཤིག་ཡིན་པའི་སྙན་གྲགས་ཀྱང་དུས་དེ་ནས་བཟུང་ངག་རྒྱུན་དུ་ཐིམ་སོང་། ང་ར་ཁྱུའི་སྣེ་ཁྲིད་མཁན་ར་རྒན་རྒྱ་གོར་གཙོས་པའི་ར་མ་ངང་རིལ་མ་སོགས་ཀྱི་སྟེང་ཞེ་འཁོན་གཏིང་ནས་ལངས་ཏེ། དགོང་གར་ར་ཁྱུ་ར་ནང་དུ་བཅུག་རྗེས། ངས་གློག་བརྙན་ནང་གི་དམག་སྤྱིའི་ཉམས་སྣང་གིས་རང་གིས་གཏེ་བོ་དེ་དག་ཟུར་དུ་བཀར་ནས། མཉེན་ལྕུག་ལྡན་པའི་རྒྱ་ལྕང་གི་ཡལ་ག་ཕྲ་མོས་སྣེ་ཁྲིད་པ་རེ་རེ་ཡི་རྣ་ཅོག་ལ་གཞུས་པ་ཡིན།
དེ་ཡང་ཆར་བ་ཟམ་ཟིམ་འབབ་པའི་དབྱར་གཞུང་གི་ཉིན་ཞིག་ལ། ང་ཚོ་ན་ཆུང་རྫི་བོ་ཚང་མས་མ་བགྲོས་གཅིག་མཐུན་གྱིས་རི་སྒང་ནས་འོབས་དོང་ཞིག་བརྐོས་པ་དང་། འོབས་དོང་གི་ཁ་རུ་ཤིང་ཐུར་སྐམ་པོ་ཁ་ཤས་ཕན་ཚུན་བསྣོལ་ནས་བཞག་རྗེས་སྟེང་ལ་འགྱིག་ཤོག་བཀབ་ཅིང་། འགྱིག་ཤོག་དཀར་པོའི་སྟེང་རྩི་ཏོ་བསྒྲིགས་ལ། དེའི་སྟེང་ས་སྤར་མོ་གང་རེ་གང་རེ་བླུགས་ནས་ཀླད་བཀབ་རྗེས། ཆར་བས་བརླན་པར་བྱེད་པ་ལ་གཏན་ནས་དོགས་མི་དགོས་པའི་ཁང་པ་ཆུང་ཆུང་ཞིག་བཟོས། ང་ཚོ་འོབས་དོང་ཆུང་ཆུང་ནང་འཛུལ་ནས་བློ་བདེ་བག་ཕེབས་ཀྱིས་སོ་སོའི་བྲོ་ཁ་མཉམ་པོར་ཟ་ཞོར་དུ་ཁེད་དང་གནའ་གཏམ་བཤད་པ། གླུ་ཤགས་འགྲན་པ། འབའ་རྡེའུ་སོགས་བརྩེས་ནས་ཉི་མ་ཇི་ལྟར་ནུབ་པའང་མི་ཤེས། ཆར་བ་ཟམ་ཟིམ་འབབ་ཐེངས་རེར། ད་གཟོད་བདག་གི་སེམས་ཁམས་བློང་བློང་བོ་དེ་རེ་ཞིག་བདེ་ལ་འབབ་ཐུབ། ཆར་བའི་ཤག་སྒྲའི་ཁྲོད་ད་གཟོད་ཆུང་དུས་ཀྱི་རྩེད་རོགས་ཚོའི་ལྷད་མེད་ཀྱི་གླུ་སྐད་ཕྲ་མོ་དང་། པྲ་ཆལ་གྱི་རྣམ་འགྱུར་ཅི་རིགས་དྲན་འོངས། སྐབས་དེར་ ཕ་ཡུལ་གྱི་ནམ་མཁའ་ནི་རང་ཉིད་ཁོ་ནས་སྐད་གསེང་གིས་ཁྱབ་པའི་ནམ་མཁའ་དང་། ཕ་ཡུལ་གྱི་ས་གཞི་ཡང་རང་ཉིད་ཁོ་ནས་གོམ་རྗེས་ཀྱིས་ཁེབས་ཡོད་པའི་ས་གཞི་ཡིན། གང་ལྟར་ས་རུ་བཞད་མེ་ཏོག་དང་། ནམ་མཁར་ལྡང་པའི་སྤྲིན་པ་ཡོད་ཚད་རང་ཉིད་ཀྱི་གྲོང་ཚོར་དབང་བའི་འཁྲུལ་སྣང་ཞིག་གིས་ཁེངས་ཡོད། དེའི་དུས་ཀྱི་ཆར་བ་ཟམ་ཟིམ་ནི་ཉེ་འཁོར་གྱི་མི་རྒན་ཚོའི་འཚོ་བའི་འགྲོས་སྟངས་བཞིན་ཤིན་ཏུ་དལ་ལ་བག་ཕེབས་པ་ཞིག་འདུག ཆར་བ་ཟམ་ཟིམ་གྱི་སྤྲོ་སྣང་ལས་ལྡོག་པ་ནི་ཚ་བ་ཤིན་ཏུ་ཆེ་བའི་སྟོན་དུས་སུ་རང་ཉིད་གཅིག་པུ་རྣང་ཞིང་ཁར་འགྲེང་ནས། སྐད་གསང་མཐོན་པོས་བྱེའུ་ཚོགས་སྤྱུགས་ཏེ། ལོ་ཏོག་གི་སྙེ་འབྲུ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། ལོ་རེའི་སྟོན་དུས་ཕལ་ཆེ་བ་ཞིག་ལ། ང་ར་རྫིར་འགྲོ་མི་དགོས་པར། ང་ངེད་ཚང་གི་ཞིང་ཁར་སོང་ནས། ཉིན་ཧྲིལ་བོར་རྒྱ་གྲམ་ལྟར་བསྣོལ་བའི་ཤིང་ཐོའི་སྟེང་ཞྭ་མོ་དང་གྱོན་པ་རྙིང་ཧྲུལ་བསྐོན་པ་དག་གི་གམ་དུ་ལངས་ཏེ། “ཐོ་ཧོ། ཐོ་ཧོ”ཞེས་མིད་པ་འགགས་རག་བར་དུ་བྱེའུ་རྒྱ་རིལ་དེ་ཚོ་ལ་བདའ་ལུང་བདའ་བྱེད་རྒྱུ་དེ་ཡིན། དུས་ད་ལྟ་ཡང་གྲོང་ཚོའི་མི་རྒན་ཁ་ཤས་ཀྱིས། དེའི་དུས་ཁྱེད་ཀྱིས་རང་གི་གཟུགས་པོ་ལས་རིང་བའི་ཚི་ལེན་དཀར་པོ་ཞིག་གོན་ཡོད་པ་དང་། བྱ་བྱིའུ་ཚང་མལ་དུ་ལོག་རག་བར་རྣང་ཞིང་དུ་འགྲེང་ནས་སྐད་གསང་སྒྲོག་པའི་སྒྲ་དེ་ཕར་འགྲོ་ཚུར་འོང་གི་ལམ་ཁ་ནས་རྟག་པར་ཐོས་ཐུབ་ཅེས་ང་ལ་ཀྱལ་ཀ་བྱེད། དེའི་དུས་ང་ཚོ་བྱིས་པ་ཚོས་སྟོན་དུས་སུ་རྟག་པར་ཆར་བ་འབབ་པར་རེ་སྒུག་བྱེད་བཞིན་ཡོད། གལ་ཏེ་ཆར་བ་བབས་ཚེ་ང་ཚོས་སོ་སོའི་ར་ཁྱུ་དེད་ནས་རི་སྒང་དུ་འཛོམས་ཆོག་པར་མ་ཟད། ད་དུང་ང་ཚོ་ར་ལུག་འཚོ་སའི་རི་སྒང་དེའི་ལུང་མཐིལ་དུ་བརྒྱུགས་ནས་མངར་བཅུད་ལྡན་པའི་གླ་ཚེར་གྱི་གླ་སིལ་ལའང་རོལ་ཆོག ང་བྱིས་དུས་ཀྱི་སྐབས་སུ། འབྲོག་ཁུལ་ན་ད་ལྟ་ནང་བཞིན་ཤིང་ཏོག་གང་འདོད་དུ་བཟའ་རྒྱུའི་གོ་སྐབས་ཤིན་ཏུ་ཕྲ་བས། ང་ཚོས་གླ་ཚེར་གྱི་རྣོ་ཁབ་ལྟ་བུའི་ཚེར་གསེང་ལ་ལག་པ་ཆུང་ཆུང་གཉིས་འཛེམ་མེད་དུ་བསྲིངས་ནས། ལག་པར་རྨ་ཁ་ག་ཙམ་བཟོ་བར་སྣང་དོགས་ཏིལ་ཙམ་ཡང་མེད་པར། གླ་སིལ་བཟའ་འདོད་ཀྱི་ཧམ་པས་རང་ཉིད་ཀྱི་སྐོམ་ཆུ་འཁྱེར་སྤྱད་ཀྱི་དམ་བེ་དཀར་ལྗང་སྔོ་གསུམ་གྱི་ནང་དུ་སྐྱུར་སིལ་གང་རེ་བཏོགས་ནས་འོང་བཞིན་ཡོད། ཉིན་གང་བོར་སྐྱུར་སིལ་རྔམ་ཟ་བྱས་རྐྱེན། ལྕེ་དང་རྐན་སོ་བརྩེད་ནས་ཨ་མས་བསྐོལ་བའི་ཕྱེ་ཐུག་མངར་མོའི་བྲོ་བ་ཡང་བདེ་བླག་ངང་མྱོང་ཐུབ་ཀྱིན་མེད་མོད། འོན་ཀྱང་ད་ལྟ་ཕྱིར་དྲན་བྱས་ཚེ། ད་དུང་ཡང་ཁའི་ནང་དང་ལྕེ་རྐན་གྱི་གཏིང་རོལ་ནས་འདར་སིག་བརྒྱབ་པའི་སྐྱུར་དྲི་ཚོར་ཡོང་།
དེ་ཡང་ཆར་བ་ཟམ་ཟིམ་འབབ་པའི་ཉིན་ཞིག་ལ། ཁོ་བོའི་ཕ་སྤུན་གྱི་ཕུ་བོ་ཞིག་རྟ་ནག་གཟུགས་གཞི་ཅུང་ཆུང་ལ། གོམ་ལག་ཤིན་ཏུ་བདེ་བ་ཞིག་ཡོད་པ་དེར་བཞོན་ནས་ཟོག་རྫི་རུ་སླེབས་ཡོང་། ང་ཚོའང་ཕུ་བོའི་གོམ་རྟ་ནག་ཆུང་དེ་གཡུང་མོ་ཞིག་ཡིན་པར་ཆ་རྒྱུས་ཡོད་པས། ཐེངས་ཤིག་བཞོན་པར་རེ་བ་ལན་མང་ཞུས་ཀྱང་། ཁོས་དང་ལེན་མི་བྱེད་པར། ང་ཚོའི་གཡས་དང་གཡོན་ནས་གོམ་རྟ་ཟེར་ན་འདི་འདྲ་ཞིག་ཡིན་ཞེས་ཕར་རྒྱུག་ཚུར་རྒྱུག་གིས་ངོམས་ནས་ང་ཚོར་སྣང་བ་འཁྲུལ་དུ་བཅུག་པ་ཐེངས་གཅིག་ག་ལ་ཡིན། སྐབས་དེར་མཚོན་ན། དེང་སྐབས་བཞིན་རྟ་རྒྱུག་གི་བྱ་འགུལ་རབ་དང་རིམ་པར་སྤེལ་བའི་སྲོལ་མེད་ནའང་། སྡེ་ཕྱི་ནང་ཀུན་གྱིས་ཕུ་བོའི་རྟ་དེ་ལ་གོམ་རྟ་ནག་ཆུང་བྱ་འཕུར་མ་ཞེས་འབོད་བཞིན་ཡོད། ཕྱིས་སུ་ཡུན་རིང་མ་འགོར་བར་གོམ་རྟ་ནག་ཆུང་དེ་གཡང་ལ་ལྷུང་ནས་ཤི གནས་ཚུལ་དེ་ཡང་ཆར་བ་ཟམ་ཟིམ་འབབ་སྐབས་ཀྱི་ར་རྫི་བྱེད་དུས་ཤིག་ལ། རྫི་རོགས་རྒན་པ་ཚོས་གླེངས་བྱུང་། ཕྱིས་སུ་གྲོང་ཚོའི་ནང་གི་རྒན་རབས་ཚོས་སྡེ་ཕྱི་ནང་ཀུན་གྱིས་གོམ་རྟ་ནག་ཆུང་ལ་སྨོན་པ་གཏོང་རྒྱུ་མང་དྲགས་པས་ལན་སོང་ཟེར་ལ། ཉིན་ཁ་ཤས་རིང་གྲོང་ཚོའི་ནང་གི་ནངས་དགོང་གི་གསར་འགྱུར་ཡང་། ཕུ་བོའི་གོམ་རྟ་ནག་ཆུང་གཡང་ལ་ལྷུང་བ་དེ་ཡིན་པར་འདུག
དེ་རིང་ཡང་ཟི་ལིང་གྲོང་ཁྱེར་ལ་ཆར་བ་ཟམ་ཟིམ་ཞིག་འབབ་བཞིན་འདུག བདག་གིས་ཆར་བ་འདི་ཕ་ཡུལ་གྱི་རྩྭ་ཐང་དུ་བབས་ན་ཅི་མ་རུང་སྙམ་ལ། ཞེན་ཆགས་ཀྱི་ཡུལ་དུངས་དེ་དང་འབྲེལ་ནས་ཆར་བ་ཨར་འདམ་གྱི་ངོས་སུ་འབབ་པ་ནི། ཆར་བའི་རིན་ཐང་ཆུད་ཟོས་སུ་བཏང་བ་ལས་མ་འདས་སྙམ། དེ་མུར་འཇམ་ཐིང་ཐིང་གི་ཆར་བའི་ཁྲོད། བྱིས་དུས་སུ་རང་ལ་རྫི་གྲོགས་ཀྱི་ཁྱི་གུ་ཁྲ་རིས་སྙིང་རྗེ་བོ་ཞིག་ཡོད་པའང་དྲན་བྱུང་། ཁོ་བོས་རྒྱུན་པར་རྣམ་འགྱུར་ཅི་བསྟན་ཧ་གོ་བའི་ཁྱི་གུ་དེ་རྗེས་སུ་ཁྲིད་ནས་ར་རྫིར་སྐྱོད་བཞིན་ཡོད། ལན་རེར་ར་ཁྱུ་རི་མགོ་དང་ལུང་ཟབ་ཏུ་ཞོགས་ཚེ། ཁྱི་གུ་ཁྲ་རིས་ལ་བརྡ་ཙམ་བསྟན་པ་ན། ཁྱི་གུ་ཁྲ་རིས་ཀྱིས་རྔ་མ་གཡུག་བཞིན་དེར་བརྒྱུགས་ནས། ར་ཁྱུ་རི་མགོ་དང་ལུང་མཐིལ་ནས་གོར་གོར་བྱས་ནས་དེད་འོངས་པ་དང་། ཁོ་བོའི་ཁ་གཏད་དུ་འཕོངས་ས་ལ་བཞག་ཅིང་། ལྕེ་ཆུང་དམར་པོ་ཕྱིར་བསྣར་ནས་དབུགས་ཧལ་ཧལ་ངང་རྔ་མ་གཡུག་གིན་བདག་པོའི་བསྟོད་ར་ལ་བསྒུགས་ནས་སྡོད། རྣམ་ཀུན་གུང་ཇ་འཐུང་སྐབས་ཀྱང་། ངས་སེར་སྣ་ཅི་ཡང་མེད་པར་རང་ཉིད་ཀྱི་ཤ་སྐལ་དེའང་ཕ་མ་གཉིས་ལ་ཤེས་སུ་མ་བཅུག་པར། ལྐོག་ནས་དེར་བྱ་དགར་བྱིན་པ་ཡིན། ཉིན་ཞིག་ལ། ཁྱི་གུ་སྙིང་རྗེ་བོ་དེ་གར་སོང་ཆ་མེད་དུ་གྱུར་པ་དང་། དུས་ཡུན་རིང་བོར་བཙལ་ཡང་མ་རྙེད། ཁྱི་གུ་ཁྲ་རིས་ཁྱི་ལྡོམ་འགས་བསད་སོང་པའི་གཏམ་ངན་སྙིང་ལ་གཟན་པ་ཡང་། ཆར་བ་བབས་རྗེས་ཀྱི་ཕྱི་དྲོ་ཞིག་ལ་ཐོས་པ་ཡིན། དེ་བཞིན་དུ་ཚེ་རབས་འདིའི་དྲིན་ཅན་ཕ་ལོས་ཀྱང་དྭངས་གསལ་གྱི་ནམ་མཁར་ལྟ་བཞིན། ད་ནངས་ནམ་མཁའ་རུ་ཆར་བ་ཟམ་ཟིམ་ཞིག་འབབ་བཞིན་ཡོད་ཨང་ཞེས་འཁྲུལ་བཤད་ཐན་ཐུན་ཞིག་གནང་རྗེས། ང་ཚོ་དང་གཏན་དུ་གྱེས་སོང་། འདས་ཟིན་པའི་བྱ་བ་དེ་དག་ནར་སོན་གྱི་དྲན་འཛིན་ངོས་སུ་ནམ་ཡང་འབོར་མི་ཐུབ་ཅིང་། ད་ལྟ་གློ་བུར་དུ་དྲན་པ་སོས་ཐེངས་རེར་ཡང་། གཅིག་པུར་དགོད་ཁ་ཤོར་ཞིང་ངུ་སྙིང་འབྱུང་བ། སྤྲོ་བ་དང་གདུང་བ་མཉམ་པོར་སྐྱེད་པའི་བརྩེ་དུངས་ཀྱི་རྣམ་འགྱུར་འདི་རིགས་ཀྱང་། མི་ཚེ་འདིའི་མཐོང་རེག་གིས་མ་ཟིན་པའི་ལས་འབྲེལ་གང་ལས་རྣམ་པར་སྨིན་ཞིང་། སྙིང་བོ་ཡོད་མེད་ཀྱི་ས་རིས་ལས་རིང་དུ་བརྒལ་བའི་ནར་སོན་གྱི་སྐྱ་ཐིག་ཅིག་ཡིན། གང་ལྟར། གནམ་ངོ་ནག་རོག་རོག་འདིར་ཁ་གཏད་ནས། ད་དུང་ཡང་ཅི་ཞིག་རེག་ཟིག་ཏུ་མ་བཀོད་པའི་ཚོར་བ་ལྕི་མོ་ཞིག བྱང་ཁོག་སྟོད་ལ་ཆར་རྗེས་ཀྱི་རླུང་བུ་དང་ལྷན་དུ་ཡང་ཡང་ལྡང་བྱུང་བ་དེའང་ཡུལ་དུངས་རིགས་ཤིག་ཏུ་གཏོགས་པར་སྨོན།
རྩོམ་འདི༢༠༢༢ལོའི«སྦྲང་ཆར»དེབ་གསུམ་པའི་སྟེང་བཀོད་ཡོད།
འབྲེལ་ཡོད་འོས་སྦྱོར།
-
རུས་པ།འབྲུག་དཀར།