logo

མགར་ཨ་ཁྱུང་ལགས་ཀྱི་ལྷུག་རྩོམ།

རྩོམ་པ་པོ།:ལྷ་མཁར་ཚེ་རིང་། ཡོང་ཁུངས།:ཁྲི་ཤོར་རྒྱལ་མོ། དུས་ཚོད།:2022-11-03 ཀློག་གྲངས།:
གྲོ་ཚང་རྡོ་རྗེ་འཆང་གི་ཅོང་བརྡུང་ན་བ་ཡན་ཐང་ནས་རྟ་འདྲོགས།
ལྷ་མཁར་ཚེ་རིང་།

        ཙོང་ཆུའི་སྨད་རྒྱུད་དུ་ཆགས་པའི་སའི་ཡུལ་གྱི་བྱེ་བྲག་གྲོ་ཚང་ནི་ལོ་རྒྱུས་ཀྱི་འཁོར་འགྲོས་དང་བསྟུན་ནས་རིམ་གྱིས་ནར་སོན་པ་ཞིག་ཡིན་ཞིང་། ཆེས་མཚན་སྙན་གྲགས་རྒྱས་པའི་དུས་ནི་ཏཱའི་མིང་རྒྱལ་བོ་ཐོག་མ་ཧུང་བུའི་ཁྲི་ལོ་ཉེར་ལྔ་སྟེ༡༣༩༢ལོར་རྡོ་རྗེ་འཆང་གི་ལྷ་ཁང་བཞེངས་པར་མཐུན་རྐྱེན་སྦྱར་ཏེ་གྲུབ་ཆེན་གླང་དཀར་བས་ལྷ་ཁང་མང་པོ་གསར་བཞེངས་ཀྱིས་གོ་ཏཾ་སྡེ་ཞེས་རྡོ་རྗེ་གདན་གཉིས་པར་བསྔགས་པ་བཞེངས་བསྐྲུན་བྱས་པའི་སྐབས་ཡིན་ཞིང་། གོ་ཏཾ་སྡེའམ་གྲོ་ཚང་རྡོ་རྗེ་འཆང་འདིའི་མཚན་སྙན་གྱིས་གྲོ་ཚང་ཡུལ་གྱི་སྙན་གྲགས་ཇེ་ཆེར་གྱུར་ཏེ་མདོ་སྨད་ཙོང་ཁའི་ཡུལ་གྱི་རྒན་གཞོན་དར་གསུམ་གྱི་སྨོན་པའི་གནས་ཉག་གཅིག་ཏུ་གྱུར།
        གྲོ་ཚང་ཞེས་པའི་ཡུལ་མིང་ཐོགས་ཚུལ་ལ་ལོ་རྒྱུས་རྣམས་སུ་དབུས་གཙང་ལྷོ་བྲག་གི་གྲོ་བོ་ལུང་བའི་གྲུབ་ཆེན་གླང་དཀར་བའི་ཁྱིམ་རྒྱུད་འདི་གནས་འདིར་འབྱོར་ཏེ་གཞིས་སྡོད་བགྱིས་པས་ཡུལ་གྱི་མིང་རུས་མིང་ནས་ས་མིང་ལ་ཐོགས་པར་བརྗོད་ཅིང་། ལོ་རྒྱུས་ཀྱི་མེ་ལོང་ངོགས་སུ་ཡུལ་འདིའི་འདས་ཟིན་པའི་བྱུང་བ་འཚོལ་དུས་བོད་བཙན་པོའི་སྐབས་ནས་བཟུང་ཤར་ཕྱོགས་སུ་བསྐྱོད་པའི་འགག་སྒོ་གཙོ་བོ་ཡིན་ཞིང་། གནས་འདི་རུ་སྔོན་དུས་སུ་རྒྱའི་དེབ་ཐེར་དག་ཏུ་བོད་བྱང(破羌)ཞེས་བརྗོད་ཅིང་། བོད་རྒྱལ་སྲོང་བཙན་སྐབས་ཙོང་ཆུའི་ཉིན་སྲིབ་ཀྱི་ཡུལ་ཁམས་ཀུན་ལ་ཙོང་ཁ་བདེ་ཁམས་སུ་གྲགས་པ་གཙུག་ལག་ཁང་མདུན་གྱི་རྡོ་རིང་དང་ཡིག་རྙིང་སོགས་སུ་གསལ་ལ། སུང་རྒྱལ་རབས་སྐབས་ཙོང་ཁའི་རྒྱལ་བོས་ལུང་མདོར་འབོད་པའི་ཡུལ་འདིར་ཙོང་ཁའི་མཁར་ཞེས་པ་ཞིག་བསྐྲུན་ཏེ་སྲིད་དབང་གི་ལྟེ་གནས་བྱས་ཤིང་། མངའ་ཐང་རྒྱ་བསྐྱེད་ཀྱི་སྐབས་ཟི་ལིང་དུ་གནས་སྤར་ཏེ་གྱི་ཐང་མཁར་བསྐྲུན་ནས་ཙོང་ཁའི་རྒྱལ་བོ་ཞེས་མདོ་སྨད་ཡུལ་དུ་སྒེར་བཙུགས་སྲིད་དབང་ཐོག་མ་བཙུགས་ཏེ་མཚན་སྙན་ཕྱོགས་བཅུའི་རྣ་བའི་བཅུད་དུ་སྨིན་པའི་ལོ་རྒྱུས་ཀུན་ལ་གསལ་ཞིང་། རྗེས་སོར་ཏཱའི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་ཡུལ་འདིའི་མིང་ཉིན་བོད(碾佰)དུ་འབོད་ཀྱིན་ཡོད་ཅིང་། སྒྲ་གདངས་ལ་གཞིགས་ན་རྒྱའི་ཐ་སྙད་ཀྱི་གདངས་ཤིག་ཡིན་མི་སྲིད་ལ། བོད་ཀྱི་ཐ་སྙད་གང་འདྲ་ཡིན་པའི་ལུང་ཁུངས་ཤིག་འབྲེལ་ཡོད་རྒྱུ་ཆ་མང་བོ་བསློགས་ཀྱང་ལག་སོན་མ་བྱུང་བས་བློ་ཕམ་ཤིན་ཏུ་ཆེ།
        གྲོ་ཚང་གི་ཡུལ་འདི་གནའ་ནས་ད་ལྟའི་བར་བོད་པའི་འདུས་སྡོད་ཀྱི་གནས་གལ་ཆེན་དུ་འདུག་སྟེ། བོད་བཙན་པོའི་སྐབས་བོད་དམག་འདུས་སྡོད་ཀྱི་ལྟེ་གནས་སུ་གྱུར་ཅིང་། རྗེས་སོར་གདོད་མའི་བོད་མིའི་རིགས་རྒྱུད་དང་དབུས་སླེབས་དམག་མི་མཉམ་སྡོད་ཀྱིས་གྲོང་དང་གྲོང་རྡལ་སྣ་ཚོགས་བྱུང་བའི་ཁྲོད། བྲ་བོ་ནང་སོའི་ཁྱིམ་རྒྱུད(乔氏家族)ཀྱིས་གྲོ་ཚང་གི་ཡུལ་སྤྱི་ལ་དབང་བསྒྱུར་གནང་ཞིང་། བྲོ་བོ་ཚང་གི་མི་རྒྱུད་འདི་སྒྱོགས་དཔོན་ར་རྒན་ཞེས་དམག་མིའི་སྤྱི་དཔོན་གྱི་རིགས་རྒྱུད་ཡིན་པ་མིང་ལ་བརྟག་ཀྱང་རྟོགས་སླ་བས་ཡུལ་དེའི་ཁྱིམ་རྒྱུད་ཆེན་པོར་བརྩི་ལ། ཙོང་ཁའི་རྒྱལ་བོ་ཁྲི་གནམ་ལྡེ་དབོན་བཙན་པོའི(རྒྱལ་སྲས་སམ་ཇོ་སྲས)བློན་ཆེན་ཀླུ་བཙན་ནི་བྲ་བོ་ཚང་གི་ཁྱིམ་རྒྱུད་ཀྱི་ནང་སོའི་སྤྱི་དཔོན་ཡིན་པར་མ་ཟད། སྐབས་དེར་བྲ་བོའི་ནང་སོ་ཀླུ་བཙན་ནི་ཙོང་ཆུའི་རྒྱུད་ཀྱི་ས་གནས་ཁག་ལ་དབང་བསྒྱུར་གནང་བཞིན་པའི་ཁྱིམ་རྒྱུད་མཐོ་ཤོས་ཀྱང་ཡིན་ཞིང་། ཀླུ་བཙན་དང་རྒྱལ་སྲས་ཀྱི་འབྲེལ་བའི་སྐོར་བདག་གིས་རིག་གནས་ལྷུག་རྩོམ«ཙོང་ཁ་གླེང་བ»ཞེས་པའི་ཁྲོད་ཞིབ་བརྗོད་གནང་ཡོད་པས་འདིར་གླེང་བའི་ངལ་བར་བརྟེན་པར་མི་བྱ། གཞན་ཡང་ས་འདིའི་ཡུལ་མི་རྣམས་ཀྱིས་བྲ་བོ་ནང་སོའི་མངའ་ཐང་གླེང་སྐབས། སྟོད་ཆི་ཀྱཱ་ཁ་རུ། བར་གྲོ་ཚང་ལུང་བདུན། སྨད་ཐང་རིང་ལུང་གསུམ་ཞེས་ཁྱབ་ཁོངས་ཚིག་ཐུང་གཅིག་ཏུ་བསྡུས་ནས་བརྗོད་པའི་སྲོལ་ཞིག་ཆགས་ཤིང་། ཏཱའི་མིང་རྒྱལ་རབས་ཀྱི་སྐབས་དབུས་ལྷོ་བྲག་གི་མར་པ་ལོ་ཙཱ་བ་ཆེན་པོའི་ཁྱིམ་རྒྱུད་ལས་འཁྲུངས་པའི་གྲུབ་ཆེན་གླང་དཀར་བའམ་བསམ་བློ་བླ་མ། ཡང་ན་མཚོ་སྙིང་བ་དང་ཧེ་བླ་མ། སངས་རྒྱས་བཀྲ་ཤིས་དང་བསམ་གཏན་བློ་གྲོས་སོགས་དོན་གཅིག་མིང་གི་རྣམ་གྲངས་མང་པོར་འབོད་པའི་ཁྱིམ་རྒྱུད(梅氏家族)དེ་གནས་འདིར་འབྱོར་རྗེས་ཏཱའི་མིང་རྒྱལ་བོ་ཧོང་བུ་དང་ཆོས་སྲིད་ཀྱི་འབྲེལ་བ་ཟབ་མོ་བཙུགས་པས་གོང་མའི་གཞོགས་སྐྱོར་ལ་བརྟེན་ནས་མདོ་སྨད་ཡུལ་གྱི་གཙུག་ན་མཐོ་བའི་གོ་ཏཾ་སྡེའམ་གྲོ་ཚང་རྡོ་རྗེ་འཆང་གསར་བཞེངས་གནང་སྟེ་ཆོས་སྲིད་ཀྱི་དབང་ཆ་ཆེན་པོ་ཐོབ་ཅིང་། གོང་མས་བསམ་བློ་བླ་མའི་ཆོས་སྲིད་ཀྱི་མཛད་རྗེས་ལ་བརྩི་མཐོང་སྒོས་གྲོ་ཚང་ལུང་བདུན་ལྷ་སྡེ་རུ་གནང་སྟེ། བསམ་བློ་བླ་མའི་ཁྱིམ་རྒྱུད་ལ་གྲོ་ཚང་ལྷ་སྡེ་ནང་སོའི་དཔོན་གནས་གནང་བར་མ་ཟད། སྐབས་དེ་ནས་བཟུང་བསམ་བློ་བླ་མའི་ཁྱིམ་རྒྱུད་ཀྱི་དབང་ཐང་དང་སྙན་གྲགས་ཇེ་ཆེར་གྱུར་པ་དང་བསྟུན་ནས་ཡུལ་འདི་ལ་ཁྱིམ་རྒྱུད་འདིའི་རུས་མིང་དེ་ཡུལ་མིང་དུ་ཐོགས་ཏེ་གྲོ་ཚང་ཞེས་པའི་མིང་གཏན་འཇགས་སུ་གྱུར་ཁར། ཡུལ་འདི་ངམ་ཤུགས་ཀྱིས་བྲ་བོ་ཚང་གི་ཁྱིམ་རྒྱུད་དང་བསམ་བློ་བླ་མའི་གྲོ་ཚང་གི་ཁྱིམ་རྒྱུད(梅氏家族)གཙོ་གྱུར་པའི་ཆི་ཀྱཱ་ཁྱིམ་རྒྱུད་སོགས་བོད་པའི་འདུས་སྡོད་ཀྱི་ཡུལ་འགངས་ཆེན་དུ་འཁུམས།
        ད་ལོའི་ལྔ་གཅིག་གི་གནང་བའི་གོ་སྐབས་དང་བསྟུན་ནས་ཡུན་རིང་འཆར་གཞིའི་ཁྲོད་ལུས་པའི་གྲོ་ཚང་ཡུལ་གྱི་ཨ་ཡེ་གསང་སྨན་དཀར་མོའི་འདབ་རོལ་ཏུ་ཆགས་པའི་གོ་ཏཾ་སྡེའམ་རྡོ་རྗེ་འཆང་ལ་མཇལ་སྐོར་དུ་འགྲོ་བའི་སྟ་གོན་ལ་བྲེལ། ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་དང་ཕྱེད་ཀའི་སྟེང་ངེད་བཟའ་མི་ཡོངས་དང་གྲོགས་སྟག་ལྷ་བཟའ་མི་ཡོངས་ལམ་ལ་ཆས་ཏེ་དུས་ཚོད་གཅིག་ཙམ་གྱིས་ཟི་ལིང་ལ་སླེབས་ཤིང་། དེ་ནས་ཟི་ལིང་ནས་ལན་གྲུའི་བར་གྱི་མྱུར་རྒྱུགས་ལམ་ལ་ཞུགས་ཏེ་གྲོ་ཚང་ཕྱོགས་སུ་བསྐྱོད་པ་ཡིན། སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་བཞི་བཅུའི་ཡས་མས་སུ་ལུང་མདོ་རྫོང་དུ་འབྱོར་འཕྲལ་ཐད་ཀར་དུ་ལྷོ་ནུབ་ཕྱོགས་ཀྱི་གོ་ཏཾ་གྲོང་རྡལ་དུ་བསྐྱོད་པ་ཡིན། གཞུང་ལམ་གཡས་གཡོན་གྱི་སྡེ་བའི་ཆགས་སྟངས་ནི་རང་ཕ་ཡུལ་དང་ཕལ་ཆེར་འདྲ་ཞིང་། ལམ་འགྲམ་ན་རྒྱུ་བའི་མིའི་གདོང་སྨུག་ཅིང་ནག་པའི་མདངས་ལས་བོད་མི་ཞིག་ཡིན་པའི་སྣང་བ་སྟེར་ཡང་ལྭ་བའི་གྱོན་སྟངས་སོགས་ཀྱི་བྱ་སྤྱོད་ཀྱིས་རིགས་རྒྱུད་གཞན་དུ་གྱུར་ཟིན་པའི་ཉམས་ཤིག་བཅོས་མིན་དུ་མངོན་འོངས་ལ། ལུང་བའི་རི་ཆུའི་བཀོད་པ་དག་ནི་ཨ་མདོའི་གཅིག་མཚུངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོར་གནས་ཤིང་། ཁྱད་པར་དུ་འབྲོག་མ་རོང་གི་སའི་ཆགས་སྟངས་སུ་འདུག་པ་དེས་རྒྱུས་མེད་ཅིག་ས་དེ་གར་འབྱོར་མ་ཐག་ཐོན་སྐྱེད་བྱེད་ལུགས་ཅི་འདྲ་ཞིག་ཡིན་པ་ངམ་ཤུགས་ཀྱིས་རྟོགས་པར་འགྱུར། ཞེང་ཚད་ལ་རྨིད་ལྔ་དྲུག་ཙམ་ལས་མི་འདུག་པའི་ལམ་ཕྲན་དེད་ནས་ལུང་བའི་ཕུ་རུ་ལེ་དབར་ཉེར་གཅིག་སོང་ཙ་ན་གཞི་ནས་དགོན་པའི་འདབས་སུ་སླེབས་ཤིང་། ལུང་བའི་ཉིན་ཕྱོགས་སུ་སྐྱ་མདོག་གིས་གྲུབ་པའི་དགོན་རྙིང་དེ་ལྷང་ངེར་མིག་ལམ་དུ་འཆར་སྐབས་དཔེ་ཀློག་ཁྲོད་ངོས་ཟིན་བྱུང་བའི་རྨི་ལམ་ན་བདེ་བར་གཟིམ་པའི་གནས་མཆོག་དེ་གསོན་ཉམས་ལྡན་པའི་མཛེས་མའི་གཟུགས་ཀྱིས་མིག་ཀོང་ལ་ལྷུང་ཞིང་། རྫིག་ཉམས་དོད་ཅིང་རྙིང་དྲགས་ཀྱི་ལོ་ཟླའི་གཉེར་མས་གཙེ་བའི་གོ་ཏཾ་སྡེ། ལོ་ངོ་དྲུག་བརྒྱ་ཉེར་བཞི་ཙམ་ལ་མདོ་སྨད་ཙོང་ཁའི་གནས་ཀྱི་པང་བ་རུ་གཙུག་རྒྱན་གྱི་ཚུལ་གྱིས་ལོ་རྒྱུས་ཀྱི་དེད་དཔོན་དུ་གྱུར་པའི་བདེན་དཔང་གི་རྡོ་རིང་གསོན་པོ་ཞིག་ཏུ་འཁུམས། མཁར་གྱི་ལྕོག་ཏུ་གྱུར་པའི་སྒོ་ཆེན་གྱི་ནང་རོལ་ཏུ་རྒྱལ་ཆེན་རིགས་བཞི་དང་ཏཱའི་མིང་ཡུང་ལོ་རྒྱལ་བོའི་ཁྲི་ལོ་བཅུ་དྲུག་སྟེ་སྤྱི་ལོ༡༤༡༨ལོའི་ཟླ་དང་པོ་དང་གསུམ་པར་བསླངས་པའི་རྡོ་རིང་གཉིས་མཆིས་ཤིང་། ཆེད་ལས་ཀྱིས་རྐྱེན་པས་རྙིང་དྲགས་པའི་རྡོ་རིང་ལ་ལྷག་ཏུ་སྤྲོ་བས་བཏེགས་ཏེ་རྡོ་རིང་གི་མདུན་རྒྱབ་ཀྱི་རྒྱ་བོད་ཤན་སྦྱར་གྱི་བཀའ་ལུང་གི་ཡི་གེ་དག་གསལ་བོར་པར་དུ་བསྐྱོན་ཅིང་། མཁར་གྱི་ནང་རོལ་ཏུ་ཕྱིན་ཚེ་གཡས་གཡོན་དུ་བ་གམ་ཅན་གྱི་རྡོ་རིང་ཁང་བརྩེགས་གཉིས་མཆིས་ཏེ། གཡོན་ཕྱོགས་སུ་ཏཱའི་མིང་རྒྱལ་བོ་ཞོན་ཙོང་གིས་སྤྱི་ལོ༡༤༢༨ལོར་བསླངས་པའི་རྡོ་རིང་དང་། གཡས་ཕྱོགས་སུ་ཏཱའི་མིང་རྒྱལ་བོ་ཧོང་ཞི་ཡིས་སྤྱི་ལོ༡༤༢༥ལོར་བསླངས་པའི་རྡོ་རིང་མཆིས། དེ་ནས་མདུན་ཕྱོགས་སུ་བསྐྱོད་ཚེ་ཏཱའི་མིང་རྒྱལ་བོ་ཐོག་མ་ཧོང་བུས་སྤྱི་ལོ༡༣༩༢ལོར་བཞེངས་པའི་དགོན་པའི་ཚོགས་ཆེན་འདུ་ཁང་མཆིས་ཤིང་། འདུ་ཁང་གི་སྒོའི་ཀླད་དུ་ཏཱའི་མིང་རྒྱལ་བོ་ཧོང་བུའམ་ཀྲུའུ་ཡོན་ཀྲང་ལགས་ཀྱིས་གནང་བའི་སྒོ་བྱང“གོ་ཏཾ་སྡེ”ཞེས་པའི་ཕྱག་བྲིས་བསྟར་མ་བཀལ་ཞིང་། ནང་དུ་མིང་རྒྱལ་རབས་སྐབས་ཀྱི་གྱན་ཐང་དང་དུས་གསུམ་སངས་རྒྱས་ཀྱི་སྐུ་སོགས་གནའ་ཤུལ་མང་པོ་འདུག་ཅིང་། དེའི་རྒྱབ་ཕྱོགས་སུ་ཡུང་ལོ་རྒྱལ་བོས་སྤྱི་ལོ༡༤༡༨ལོར་བཞེངས་པའི་ཇོ་ཁང་རིན་ཆེན་འོད་འབར་སྡེ(宝光殿)མཆིས་ཏེ། དེའི་ནང་དུ་སངས་རྒྱས་འོད་དཔག་མེད་དང་ཀུན་ཏུ་བཟང་བོ་གཙོ་བྱས་པའི་གཡས་གཡོན་དུ་རྗེ་ཙོང་ཁ་བ་དང་བསམ་བློ་བླ་མའི་སྐུ། ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་སོགས་བཞུགས་ཁར། ཡུང་ལོ་རྒྱལ་བོས་གནང་བའི་གཡང་ཊི་ནག་པོའི་བཞུགས་ཁྲི་སོགས་རིན་ཐང་གཞལ་དུ་མེད་པའི་རིག་དངོས་རྩ་ཆེན་གྱིས་བརྒྱན་ཞིང་། དགོན་པའི་ནང་ལོགས་སུ་རྒྱལ་བོ་ཟོན་ཏེ་ཡིས་ཡབ་ཀྱི་དགོངས་རྫོགས་སུ་བཞེངས་པའི་ལྷ་ཁང་སྲིད་སྐྱོང་གླིང(隆国殿)དུ་བསྔགས་པའི་ནང་དུ་རྡོ་ཀ་མ་རུའི་བཞུགས་ཁྲི་ཤིན་ཏུ་ཆེན་པོ་ཞིག་དང་། གཡང་ཊིའི་མཆོད་སྟེགས། གླང་པོ་ཆེའི་རྒྱབ་ཁུར་རྔ་ཆེན་གྱི་གཡང་ཊིའི་སྟེགས་བུ་ངོ་མཚར་ཅན་དང་། ནན་ཤིང(楠木)ལ་བརྐོས་པའི“རྒྱལ་པོའི་དགུང་ལོ་ཁྲི་ཚོ་ཁྲི་ཚོ་ཐུབ་པར་གྱུར་ཅིག”ཅེས་པའི་འབྲུག་ཁྱུང་ཁྲི་འགྱོགས་ཤིང་བརྐོས་ཁྱད་མཚར་ཅན་སོགས་གནའ་རྫས་རིན་ཐང་བྲལ་བ་དག་མཆིས་ཤིང་། ལྷ་ཁང་འདིར་མཇལ་དུས་དེ་གའི་དགེ་སློང་ཞིག་དང་གླེང་མོལ་མང་བོ་མཛད་ཅིང་། ཁོ་བོས་བསམ་བློ་བླ་མ་རྒྱ་ནག་རྒྱལ་བོའི་སྐུ་མདུན་དུ་གཤེགས་སྐབས་ད་ལྟའི་ལུང་བ་འདི་བརྒྱུད་ཅིང་གནས་འདིར་ཞག་བཞུགས་གནང་སྟེ་ནངས་མོར་ཕྱིན་དུས་མཁར་རྟེན་ཤུལ་དུ་ལུས་ཤིང་། བླ་མའི་མཁར་རྟེན་དེ་ལ་ལས་འཇའ་ཚོན་དུ་གྱུར་ཚུལ་བརྗོད་ཅིང་། ལ་ལས་གཡུ་འབྲུག་གི་ཚུལ་གྱིས་ནམ་མཁའི་དབྱིངས་སུ་འཕུར་ཚུལ་འཆད་པ་དང་ཡང་ལ་ལས་ཙན་དན་དུ་གྱུར་ཏེ་ད་ལྟའི་སྲིད་སྐྱོང་གླིང་དུ་བཞུགས་པ་འདི་ཡིན་ཚུལ་དང་། གཞན་གོ་ཏཾ་སྡེའི་སྒོ་ཀུན་འབྱེད་གཅོད་ལ་གླང་པོ་ཆེའི་སྐད་ཀྱི་གདངས་སྣ་ཚོགས་འབྱིན་པ་སོགས་བྱིན་རླབས་ཀྱི་མཚན་ཁ་འབར་བའི་གཏམ་རྒྱུད་མངར་མོ་ཞིག་གིས་ངའི་ཡིད་སེམས་འགུག་པར་བྱེད་ཅིང་། ཡང་ཕ་གའི་ཐོག་བརྩེགས་ཤིག་བསྟན་ཏེ་དེ་ནི་གྲོ་ཚང་རྡོ་རྗེ་འཆང་གི་ཅོང་བརྡུངས་ན་བ་ཡན་ཐང་ནས་རྟ་འདྲོགས་ཞེས་པའི་ཅོང་ཆེན་སྙན་གྲགས་ཅན་ཡིན་ཚུལ་བརྗོད་པའི་སྐབས་གླགས་སུ་བདག་གིས་བར་བཅུག་གི་ཚུལ་གྱིས་ད་ལྟ་ཅོང་ལ་མཇལ་མི་རུང་བའི་རྒྱུ་རྐྱེན་དྲིས་ཚེ། དགེ་སློང་གིས་ཅོང་གནས་སའི་ཐོག་ཁང་ཞིག་རལ་དུ་གྱུར་པས་མི་མང་བོ་མཇལ་ཚེ་ཁང་པ་རྡིབ་པའི་ཉེན་ཁ་ཡོད་པས་མཇལ་མཚམས་བཅད་རྐྱེན་གསལ་བོར་སྨྲས་བྱུང་། “ཁྱམས་རའི་ལྡེབས་བྲིས་སུ་གོ་ཏཾ་སྡེའི་ལྷ་ཁང་ལ་རྒྱལ་བོས་སྲི་ཞུ་མཛད་ཚུལ་དང་མི་རྩ་རྣམས་རྒྱ་ནག་ཏུ་ཡོང་ཚུལ་གྱི་བཀོད་པ་བྲིས་སྣང་།”ཞེས«མདོ་སྨད་ཆོས་འབྱུང»དུ་འཁོད་པ་ལྟར་དགོན་པའི་ཕྱི་རའི་ནང་ལོགས་ཀྱི་ཁྱམས་རའི་ལྡེབས་རིས་དག་ནི་ལོ་ཟླའི་ཆར་ཆུས་བྲན་དྲགས་པས་གསལ་ལ་མི་གསལ་བའི་ཚུལ་དུ་ལུས་རྐྱེན། གཟི་འོད་འབར་བའི་ལོ་རྒྱུས་ཀྱི་ལྷ་ལྷ་མོ་དག་མི་ཡུལ་ནས་སུམ་རྩེན་གནས་སུ་བཞུད་གྲབས་འདུག་པའི་སེམས་འཚུབ་དྲགས་པོ་གཟོད་གླགས་མེད་པ་ཞིག་ངམ་ཤུགས་ཀྱིས་སྐྱེས་པར་བྱེད།
        དགོན་པར་མཇལ་རྗེས་ཆེད་དུ་གླིང་ཡོངས་ཀྱི་པར་ཁ་ཚང་ཞིག་བསྐྱོན་ཕྱིར་བདག་དང་གྲོགས་སྟག་ལྷ་གཉིས་དགོན་པའི་ཁ་གཏད་ཀྱི་དེའུ་འབུར་ཞིག་ཏུ་འགོས་ཏེ་དགོན་པའི་ཡུལ་ལྗོངས་ཧྲིལ་བོའི་པར་ལེགས་པོ་འགའ་བསྐྱོན་རྗེས་གཞི་ནས་ཨ་ཡེ་གསང་སྨན་དཀར་མོའི་འདབ་རོལ་ཏུ་ཆགས་པའི་གོ་ཏཾ་སྡེ་དང་ཁ་བྲལ་ཏེ་ཕྱིར་འཁོར་བའི་ལམ་དུ་ཞུགས། རྫོང་དུ་བསྐྱོད་པའི་ལམ་བར་དུ་བདག་གི་དགེ་རྒན་དམ་པ་ཆབ་འགག་རྟ་མགྲིན་གྱིས་རྡོ་རིང་ཞིབ་འཇུག་གི་སློབ་ཁྲིད་སྐབས་གོ་ཏཾ་སྡེའི་རྡོ་རིང་ལྔ་བཞུགས་པ་དག་སློབ་ཁྲིད་གནང་བར་མ་ཟད་རྡོ་རིང་དག་ཀྱང་རེས་མོས་བཞིན«བོད་ཡིག་རྡོ་རིང་ཞིབ་འཇུག»ཁྲོད་སྐད་གཉིས་ཤན་སྦྱར་གྱིས་བཀོད་པ་གསལ་བོར་དྲན་པས། རང་ཉིད་ཀྱིས་རྡོ་རིང་བཞི་མ་གཏོགས་མ་མཇལ་བའི་སེམས་ཁྲལ་གྱིས་ཡང་བསྐྱར་རང་གི་ཁ་པར་གྱིས་བསྐྱོན་པའི་པར་དག་སློག་ཐེངས་འགའ་བྱས་ཀྱང་མ་རྙེད་པས། ཕལ་ཆེར་རང་ཉིད་ཀྱིས་མཉམ་མ་བཞག་པར་བསམ་བཞིན་བློ་འགྱོད་དྲགས་པོའི་ཁུར་བོ་ལྕི་མོ་ཞིག་བཏེགས་ནས་སླར་ལོག་དགོས་བྱུང་། ལོ་གསུམ་གྱི་ཡར་སྔོན་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞིབ་འཇུག་སློབ་གཉེར་ལ་ཞུགས་སྐབས་གྲོགས་པོ་ཚེ་རིང་རྒྱ་མཚོའི་མལ་ཤག་ཏུ་གོ་ཏཾ་སྡེའི་རི་མོའི་སྒྱུ་རྩལ་གྱི་སྣུམ་ཚོན་དཔེ་ཆ་མཐུག་པོ་ཞིག་དང་རྒྱའི་དགེ་རྒན་ཆེན་མོ་ཞེ་ཙོ་ཡིས་བརྩམས་པའི«གོ་ཏཾ་སྡེའི་ལོ་རྒྱུས»(《瞿昙寺》)སྲབ་བུ་ཞིག་ལ་མཇལ་ཡང་ནང་དོན་ཞིབ་མོར་ཀློག་པའི་སྐབས་གླགས་མ་རྙེད། ཐེངས་འདིར་ལག་སོན་བྱུང་བའི་རེ་བ་ཆེན་པོ་བཟུང་ཡང་དགོན་པའི་གླིང་དུ་དཔེ་ཆ་དེ་གཉིས་བཙོང་རྒྱུ་ཡོད་མེད་ཀྱི་འདྲི་རྩད་བགྱིས་ཀྱང་ངལ་བ་འབྲས་མེད་དུ་གྱུར་ཅིང་། ཁྱད་པར་དུ«མདོ་སྨད་ཆོས་འབྱུང»དུ“བྲག་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་ཉི་མས་མཛད་པའི་དཀར་ཆག་རྩོམ་འཕྲོ་ཞིག་ཀྱང་ཡོད། ཀ་རིང་དཀའ་བཅུས་བྱམས་ཁང་དང་ལྷ་མོའི་ཕོ་བྲང་བཞེངས་པར་ལི་ཀྱཱ་སྒོམ་ཆེན་ཤེས་རབ་སེང་གེས་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་མཛད་པའི་དཀར་ཆག་ཅན།”ཞེས་བྲག་སྒོམ་པ་ཁོང་རང་དངོས་སུ་མཇལ་མྱོང་བའི་དཀར་ཆག་དང་ད་དུང་སྤྱི་ལོ༡༦༥༢ལོར་རྒྱལ་དབང་ལྔ་བ་ཆེན་མོ་རྒྱ་ནག་ཏུ་བྱོན་སྐབས་གྲོ་ཚང་དགོན་དུ་ཕེབས་ཏེ་དགོན་བདག་བླ་མ་བྲག་དཀར་ཚང་དང་ཤར་ཀ་རིང་བཀའ་བཅུ་བ་གཉིས་དང་ལྷན་དུ་གྲོས་མོལ་གནང་ཞིང་རྒྱལ་དབང་ལྔ་བ་ཆེན་མོ་མཆོག་ནས་ཆེད་དུ«གྲོ་ཚང་བཀྲ་ཤིས་ལྡིང་ཁ་དགོན་གྱི་བཅའ་ཡིག»ཕྱག་རྩོམ་གནང་བ་དེ་སྤྱི་ལོ༡༩༥༨བར་དུ་དོ་དམ་ནན་མོས་ཉར་ཚགས་བྱས་ཀྱང་ང་བརྒྱད་སྐབས་ཐལ་བའི་རྡུལ་དུ་བརླགས་པར་བཤད་པས་ད་ལྟ་ལོ་རྒྱུས་ཀྱི་ཤོག་ལྷེ་སྟོང་བར་གྱུར་པར་ཅི་འདྲའི་ཡིད་མུག་པ་ལ་ཨང་། སྟབས་ལེགས་པ་ཞིག་ལ་ཉིན་འགའི་སྔོན་དྲྭ་ལམ་གྱི་དཔེ་རྙིང་འཚོང་སའི་ཚོང་ར་ནས«གོ་ཏཾ་སྡེའི་ལོ་རྒྱུས»(《瞿昙寺》)དེ་ལག་སོན་བྱུང་སྟེ་ཉིན་འགའི་རིང་ལ་ཞིབ་ཏུ་བལྟས་ཤིང་། ཤོག་ལྷེ་བརྒྱ་དང་ལྔ་ལས་མེད་པའི་ལོ་རྒྱུས་དེབ་ཐེར་ཆུང་ཆུང་དེས་གྲོ་ཚང་རྡོ་རྗེ་འཆང་གི་བྱུང་བ་ཞིབ་ཏུ་རྟོགས་པའི་གོ་སྐབས་སྦྱིན་ཞིང་། དེར་ཏཱའི་མིང་རྒྱལ་རབས་ནས་ཆིང་རྒྱལ་རབས་བར་གྱི་གོ་ཏཾ་སྡེའི་ལྷ་སྡེ་གྲོ་ཚང་ལུང་བདུན་གྱི་དབང་བསྒྱུར་བ་བསམ་བློ་བླ་མའི་ཁྱིམ་རྒྱུད་དམ་གྲོ་ཚང་ཁྱིམ་རྒྱུད(梅氏家族)ཀྱི་དབང་འཛིན་པ་ན་རིམ་སོ་སོའི་རུས་མིང་དང་ལོ་ཚིགས། གསེར་དངུལ་བ་སོའི་ཐམ་གའི་ཐོབ་དང་གོ་གནས་སྤྲད་དེ་རྒྱལ་ཁབ་ཀྱི་དབུ་བླར(国师)བཀུར་ཚུལ་དང་རྒྱལ་བོའི་ལུང་སོགས་ཀྱི་ལོ་རྒྱུས་ཞིབ་ཕྲ་ཉར་ཚགས་བགྱིས་ཡོད་པས། འབྱུང་འགྱུར་ས་གནས་ལོ་རྒྱུས་ལ་ཞིབ་འཇུག་ཉམས་ཞིབ་བགྱི་བར་ལྕགས་ལ་རྣོ་བསྣན་པའི་རྒྱུ་ཆ་བླ་མེད་ཅིག་ཏུ་འཁུམས་པ་སྨྲས་མི་དགོས་ཤིང་།གཞན་དེབ་ཀྱི་མཇུག་ཏུ་ཞར་བྱུང་རྡོ་རིང་ལྔའི་བོད་རྒྱ་ཤན་སྦྱར་དང་སྔར་སྒོ་ཆེན་དུ་བཞུགས་པར(ད་ལྟ་མི་བཞུགས)གྲགས་པའི་ཏྰའི་མིང་ཟོན་ཏེའི་ཁྲི་ལོ་གཉིས་པའི་ཟླ་དང་པོའི་ཚེས་དྲུག་ལ་གནང་བའི་རྒྱལ་བོའི་བཀའ་ལུང་གི་ཡིག་ཆ་གཅིག(སྔོན་བོད་རྒྱ་ཤན་སྦྱར་དུ་འདུག་ཀྱང་ད་ལྟ་རྒྱ་ཡིག་མ་གཏོགས་བོད་ཡིག་གི་རྒྱུན་ཆད་དོ)དང་ཆིང་རྒྱལ་རབས་སྐབས་ཟི་ལིང་ནས་གནང་བའི་འབྲེལ་ཡོད་རྒྱུ་ཆ་དཀོན་པོ་གཉིས་བཅས་ཞིབ་ཏུ་བཀོད་ཡོད་པས་རེ་ཞིག་སྤྲོ་བ་འབུམ་གྱིས་རེ་བཞག་འགྲུབ་པ་ལྟ་བུའི་ཚོར་སྣང་སྐྱིད་པོ་ཞིག་གིས་རབ་ཏུ་བརྟས་པར་གྱུར། ཡིན་ཡང་འཇིག་རྟེན་གྱི་བྱ་དངོས་གང་ཡང་དར་རྒུད་ཀྱི་ཆ་ཞིག་མཆིས་ན་གྲོ་ཚང་རྡོ་རྗེ་འཆང་གི་ཅོང་སྒྲ་འཇགས་པར་གྱུར་དང་བསྟུན་བ་ཡན་ཐང་གི་རྟ་འདྲོགས་པའི་གཏམ་རྒྱུད་སྔོན་མོ་དག་ཀྱང་གདུལ་བྱའི་སྣང་ངོར་དག་པར་མ་གྱུར་པ་ནི། ས་འཛིན་གཞིས་ཆགས་པའི་སྐད་གདངས་ཁྲོད་ཕ་སྐད་ཀྱི་བླ་སྲོག་ཉམས་དམས་སུ་གྱུར་དང་འགྱུར་བཞིན་པའི་དོན་དངོས་ཀྱི་རྗེས་སུ་བསྙེག་པ་དང་ཡང་དག་མཚུངས་ཕྱིར་སྲོག་གི་དབང་བོ་མ་ཉམས་པའི་སྐྱེ་བོ་སུ་ཞིག་ལ་བློ་འགྱོད་དང་འཕང་སེམས་མི་སྐྱེས་སམ།

རྩོམ་པ་པོ་ངོ་སྤྲོད།
        ལྷ་མཁར་ཚེ་རིང་ངམ་མགར་ཨ་ཁྱུང་ནི་མདོ་སྨད་ཁྲི་ཀ་རྫོང་གི་མི་ཡིན་ཞིང་། ༢༠༡༤ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ལོ་རྒྱུས་ཡིག་ཚང་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་གྱི་ཚོགས་མི་དང་མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་མི་ཚོགས་མི་ཡིན་ཞིང་། སྔ་ཕྱིར«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «ཁྲི་གཤོག་རྒྱལ་མོ» «མཚོ་སྔོན་བོད་ཡིག་ཚགས་པར» «མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར»སོགས་དུས་དེབ་དང་ཚགས་པར་སྟེང་དུ་སྙན་ངག་དང་ལྷུག་རྩོམ་དུ་མ་སྤེལ་ཞིང་། «རྩེར་སྙེག»དང«མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ»སོགས་ཀྱི་སྟེང་རིག་གཞུང་དཔྱད་རྩོམ་འགའ་སྤེལ། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་དགེ་རྒན་གྱི་ལས་ལ་ཞུགས་མུས་ཡིན།
འབྲེལ་ཡོད་འོས་སྦྱོར།