སྙན་ངག་པ་གྲགས་ཅན་ཞི་བདེ་ཉི་མ་ལགས་ཀྱི་སྙན་ངག
རྩོམ་པ་པོ།:ཞི་བདེ་ཉི་མ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།
དུས་ཚོད།:2022-11-22
ཀློག་གྲངས།:
ཕ་ཡུལ་ལ་ལོག་པ།
ཞི་བདེ་ཉི་མ།
ང་ཕ་ཡུལ་ལ་ལོག་དགོས།
ང་ཡབ་ཆེན་གྱི་གྲོང་ཚོར་ལོག་དགོས།
ཨ་མས་ང་ལ་མེ་ཏོག་དང་ལུག་ཁྱུའི་བརྩེ་འདང་བསྒྲིགས་ཡོད།
ད་དུང་། སྤྲིན་དཀར་གྱི་སྦྲ་ཁྱིམ་བསིལ་མོ་ཕུབ་ནས།
ཞིམ་མངར་གྱི་སེམས་པ་བསྐོལ་ནས་བསྒུགས་ཡོད།
ང་ཕ་ཡུལ་ལ་ལོག་དགོས།
གཙང་ཆབ་དང་ཁུ་བྱུག་གི་ཚོ་ཁག་དེ་ན།
ནས་ཞིང་དང་སྟོན་རླུང་གི་གྲོང་ཚོ་དེ་ན།
ངའི་བདེ་སྡུག་ཕྱག་ཟུང་ཁྲོད་བཅོལ་བའི་ཨ་མས།
རི་སྒང་གི་ཉི་ནུབ་ཁྲོད་ང་རང་དྲན་གྱིན་འདུག
ང་ཕ་ཡུལ་ལ་ལོག་དགོས།
འཇིག་རྟེན་གྱི་ཆེས་གཙང་བའི་གྲོང་ཚོ་དེ་ན།
ངའི་ཟུངས་ཁྲག་གི་རང་གཤིས་ཡོད་ལ།
གཙང་ཆབ་དང་སྒང་གཤོང་གི་གྲུ་ཁུག་རེ་རེ་ན།
ངའི་རྩེད་ར་དང་བྱིས་སྒྲུང་དྭངས་མོ་འཛུམ་ཡོད།
ང་ཕ་ཡུལ་ལ་ལོག་དགོས།
ངས་མི་ཡུལ་ལ་ཆེས་ཐོག་མར་བཞག་པའི་ཡིག་འབྲུ་དེའི་ཆེད་དུ།
ངས་དྲན་པའི་མིག་ཆུ་རླུང་ལ་བསྐུར་ནས།
རང་ཉིད་ཀྱི་ལང་ཚོ་དང་སེམས་པ་འཚོལ་བར་འགྲོ་དགོས།
ང་ཕ་ཡུལ་ལ་ལོག་དགོས།
ང་ཁ་བ་བཞིན་འཇམ་པའི་གྲོང་ཚོ་ཡི་རྨི་ལམ་ནང་ལོག་ནས།
རྒོད་པོའི་མཁའ་དབྱིངས་སུ།
བག་ཡངས་ཀྱི་རྫི་གཞས་བཤམ་འདོད།
རང་ཁྱིམ་གྱི་མེ་ཐབ་འགྲམ་གཉེན་ཉེ་ཡི་འཛུམ་ཞལ་མྱོང་འདོད།
ང་ཕ་ཡུལ་ལ་ལོག་དགོས།
གློག་ཞུན་དང་རྒུན་ཆང་གི་བསླུ་བྲིད་བསྐྱུར་ནས།
གཡོ་ཟོལ་དང་མུན་འཐོམས་ཀྱི་མཆོད་སྟེགས་གཡུགས་ནས།
ངའི་གྲོང་འདབས་ཀྱི་གཙང་ཆུར་རང་ཉིད་ཐེངས་གཅིག་བཀྲུ་འདོད།
ང་ཕ་ཡུལ་ལ་ལོག་དགོས།
རྒོད་པོའི་བྲང་ཁོང་གིས་བྲིས་པའི་ས་གཞི་དེའི་ཆེད་དུ།
ཞབས་བྲོའི་དྭངས་གཙང་གི་འདོད་བློ་དེའི་ཆེད་དུ།
ང་ལྷ་ཡུལ་དང་ཟླ་འོད་ཀྱི་མཚམས་ན་འཛུམ་པའི།
བདེ་སྐྱིད་ཀྱི་གྲོང་ཚོ་དེར་ལོག་དགོས།
འབྲེལ་ཡོད་འོས་སྦྱོར།