logo

རྩོམ་པ་པོ་འཆི་མེད་ལགས་ཀྱི་ལྷུག་རྩོམ།

རྩོམ་པ་པོ།:འཆི་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-01-06 ཀློག་གྲངས།: 11964
ལྷམ།
ཡང་ན་མི་རབས་ཤིག་གི་དཀའ་སྡུག་གི་བརྗེད་བྱང་།
འཆི་མེད།

       དཀའ་སྡུག་ཅེས་པ་ནི་ཡི་གེར་ཤོང་བ་དང་སྐད་ཆས་མཚོན་ཐུབ་པ་ཞིག་ཡེ་ནས་མིན་པས་ན། གོད་ཆག་སྣ་ཚོགས་ཀྱིས་རྨེག་མེད་བྱས་པའི་ཉམ་ཆུང་གི་མི་ཚེ་དང་དཀའ་སྡུག་གི་ལོ་ཟླ་ལྷམ་གྱིས་བྲི་བར་བྱ།
       ང་རང་ལོ་དྲུག་ལ་སོན་པའི་ལོ་དེའི་ལོ་སར་ཚེས་ཉེར་དྲུག་ཉིན་ཕ་ལོ་ལགས་ང་ཚོ་དང་གཏན་དུ་གྱེས། དེ་ནི་སྤྱི་ལོ1973ལོ་རེད།
       དེ་ལྟར་བརྩིས་ན་ཕལ་ཆེར་ང་རང་ལོ་བཞི་ལྔ་ཙམ་ཡིན་དུས་ཡིན་སྲིད། སྐབས་དེར་ངེད་མིང་སྲིང་བཞི་བོའི་གྱོན་ཆས་ཆ་ཚང་སྤྱི་ཚོགས་རྙིང་བའི་ནང་གི་རྒྱའི་ཕྱུག་བདག་གི་བུ་དང་བུ་མོའི་གྱོན་གོས་ཏེ་གོས་ཆེན་གང་བཟང་དང་ཀོ་ལྷམ་གང་ཡག་རྐྱང་ཡིན།
       གྱོན་གོས་སྤུས་གཙང་དེ་འདྲ་ཕ་ལོ་ལགས་ཀྱིས་ཇི་ལྟར་ཐབས་ཤེས་བྱས་པ་མི་ཤེས་མོད། ངས་ཤེས་པ་ནི་ལོ་རེའི་ལོ་གསར་འཐོན་ལ་ཉེ་སྐབས་རུ་ཁ་ཁྱིམ་མཚེས་ལ་ལ་ངེད་ཚང་ལ་ཡོང་ནས་ང་ཚོའི་ལྭ་བ་རྙིང་བ་རེ་ཨེ་ཡོད་སློང་སྲོལ་ཡོད་པ་དེ་རེད།
       ལྷམ་མཐིལ་ཅུང་མཐུག་པོ་ཡོད་ནའང་བཟོ་ལྟ་གཞུན་ལ་ནག་ཀྲིག་ཀྲིག་བྱེད་པའི་ལྷམ་དེ་འདྲ་ཡིད་ལ་འབབ་པ་ཞིག་ངས་ནི་ད་ལྟའི་བར་དུ་མཐོང་མ་མྱོང་ཞིང་། དེ་ནི་ཆུང་ལོ་བཞི་ལོ་ལྔའི་དུས་ཀྱི་ངའི་ལྷམ་ཡིན།
       ཕ་ལོ་ལགས་ང་ཚོ་དང་གྱེས་པ་ནས་བཟུང་ངེད་ཚང་ལ་གོད་ཆག་རབས་དང་རིམ་པ་བྱུང་ཞིང་། གོད་ཆག་གི་རྗེས་ན་མེད་མུག་ཡོད་པ་ནི་ཆོས་ཉིད་རེད།
       མེད་མུག་གི་ལོ་ཟླའི་ནང་ཨ་མ་ལགས་ཀྱི་ཤ་ཉེ་ཞིག་གིས་ངེད་མིང་སྲིང་ཚོར་ལྷམ་མཐིལ་ཀོ་བ་དང་ལྷམ་ཧོར་ལུག་ལྤགས་ཡིན་པ་རེ་བཏབ་སྟེ་བསྐོན།
       སྲུབས་ཟན་ཁེར་རྐྱ་ཞིག་ལས་བརྒྱབ་མེད་པའི་ལྷམ་དེ་ནི་བདེ་ལ་དྲོ་ཞིང་འབོལ་འབོལ་ཡིན་པ་དང་། དེ་ལས་ཀྱང་འབོའུ་ཏི་ཞེས་པའི་མིང་སྙིང་ཉེ་བོ་ཞིག་ཡོད་དེ། མིང་དེ་ནི་ང་ཡི་ཡིད་ལ་སིམ་པ་ཞིག་ཡིན།
       དར་མཐའ་རྒུད་པའི་ཆོས་ཉིད་མངོན་དུ་གྱུར་ཏེ། མིར་ལྷུང་བ་བབས་གདའ། །སྟག་ལ་གྲ་བཅག་སྤུ་བསྣོལ། །ཞེས་པ་ལྟར། སྔོན་ཆད་གཞན་གྱིས་རང་གི་ཟས་གོས་བསླངས་ཤིང་། །ད་ནི་གཞན་ལ་ཟས་གོས་ངན་ངོན་སློང་དུས་སྟེར་མཁན་མེད། དངོས་གནས་དུས་རེ་འགྱུར་ན་མི་རེ་ཟེར་བ་ཅིས་མ་བདེན།
       ལོ་དང་ཟླ་བའི་རྗེས་ལ་ང་ཚོ་ལག་ཆགས་པ་དང་འབོའུ་ཏི་ཡང་ཐེད། ངེད་ཚང་ལ་གོད་ཆག་ཀྱང་སྔར་ལས་བསམ་མི་བཟོད་པ་བྱུང་། ཨ་མ་ལགས་ཀྱིས་ང་ཚོའི་སྡེ་བའི་གོང་ན་ཡོད་པའི་ས་གཤིས་རུ་ཁག་དང་གཞུང་ལམ་ཞིག་གསོ་རུ་ཁག་གི་ལས་བྱེད་པའི་ནང་མི་རྒྱ་མོ་དེ་ཚོར་ཁྱིམ་བྱའི་གཟན་ཆས་སུ་པུ་ཙེ་རེ་བྱིན་ནས་དེ་ཚོའི་བྱ་བུས་ཚོའི་ལྭ་བ་དང་ལྷམ་རྙིང་བ་གང་ཡོད་ལ་བརྗེས་ཤིང་གཙང་མར་བཀྲུས་ཏེ་ཤུག་པ་རེ་བདུགས་རྗེས་ང་ཚོར་བསྐོན།
       ལྭ་ཆེ་བ་རེ་ཡོད་ན་ཐོག་མར་ཨ་ཅེ་ཡིས་གོན། ཨ་ཅེ་ལ་ཆུང་ཚེ་ཕུ་བོས་གོན་དགོས་པ་དང་ཕུ་བོར་ཆུང་ན་ངས་གོན་དགོས་པས། རེས་ང་ལ་བབས་དུས་ཨ་མས་ལྭ་བ་དེ་ལ་མདོག་སྣ་ཚོགས་ཀྱི་ལྷན་པ་ཆེ་ཆུང་སྣ་ཚོགས་ཤིག་བརྒྱབ་རྗེས་ད་གཟོད་ངས་གོན་དགོས། ངས་གོན་པའི་རྗེས་ལ་ལྭ་བའང་རལ་ཚར་ཡོད་པས། ནུ་བོར་མཚམས་མཚམས་ལྭ་བ་སོ་མ་རེ་གྱོན་པའི་གོ་སྐབས་ཡོད།
       ང་རང་བུ་སྐལ་དུ་སོང་བའི་ལོ་དེ་ནས་བཟུང་ཨ་མ་ལགས་ལ་ལྭ་བ་གཅིག་དང་ལྷམ་གཅིག་གི་དཀའ་ཁག་ཇེ་ཉུང་དུ་སོང་ཡོད་ནའང་། ང་ལ་སྔར་བཞིན་ཆེད་དུ་རང་ལ་ཉོས་པའི་ལྷམ་ཞིག་རག་མ་ཐུབ། 
       དབྱར་ཐོག་སྐྲ་ཤད་ལ་བརྗེས་པའི་འགྱིག་ལྷམ་གློ་ཁ་རེ་གོན་ཐུབ་ཀྱང་། དགུན་ཁར་གང་ཞིག་ནས་བཙལ་ཡོང་བ་མི་ཤེས་མོད། ཨ་ནེས་རྒྱའི་བུད་མེད་ཀྱི་བེམ་པོར་བསྐོན་པའི་ལྷམ་ཞིག་བཙལ་ཏེ་ང་ལ་གོན་དུ་བཅུག
       ལྷམ་དེ་ནི་མཐིལ་མཐུག་པོ་དང་ཧོར་དམའ་མོ་ཡིན་པ། མ་གཞི་རས་ནག་པོའི་སྟེང་དུ་གོས་སྐུད་དམར་པོ་དང་གློ་ཁ། ལྗང་གུ་སོགས་མདོག་གང་བཀྲ་ཡིས་མེ་ཏོག་སྣ་ཚོགས་གཙག་ཡོད་པ་རེད། ལྷམ་སྣ་འབིག་དེ་སྤྱིར་ན་ང་ལ་ཆེ་ཡོད་པ་དང་ལྷམ་གྱི་ནང་དུ་མཐིལ་གཙག་བྱེད་ཀྱི་སྐུད་པ་སྦོམ་པོ་དེའི་མདུད་པའང་ཕྱིར་བུད་ཡོད་པས། རྐང་བའི་ཕྱི་རྟིང་དང་མཛུབ་མོ་བརྡར་དེ་རྨ་ཁ་བཟོས་ཡོད། གལ་སྲིད་སྐབས་དེར་ང་ལ་འབོབ་ཅིག་ཡོད་ན་རྐང་བ་ནས་ཁྲག་དམར་ཟགས་མེད་ཀྱང་སྲིད།
       ལྷམ་དེས་གྲང་ངར་འགོག་ཐུབ་རྒྱུ་ལྟ་ཅི། སྐབས་སྐབས་སུ་ཉི་འོད་བརྒྱབ་ཡོད་སའི་གྱང་རྩ་བརྒྱུད་དེ་འགྲོ་དུས་ལྷམ་ཕུད་དེ་རྐང་རྗེན་དུ་སོང་ན་ངའི་ལྷམ་ལས་དགུན་འཁྱག་ནང་གི་ས་འཁྱག་གིས་དྲོད་སྣང་སྟེར། དེ་ལྟར་ཉིན་ཞག་མང་པོ་སོང་བ་ན་ངའི་རྐང་བ་ཡོངས་རྫོགས་ཕྱིད། ཕྱི་རྟིང་ལ་སེར་ག་བྱེའུའི་མཆུ་འདྲ་བ་རེ་གས་པས། དགོང་མོ་མལ་ནས་རྐང་བ་མར་བསྲིངས་ན་སེར་ག་རྩག་ཐུལ་ནང་གི་སྤུ་ལ་ཐོགས་ཏེ་ན་ཟུག་བཟོད་གླགས་མེད་པ་སློང་ཞིང་དེའི་མུར་ཁྲག་དམར་ཙར་ཙར་བྱེད། ཉིན་དཀར་ལྷམ་གོན་དཀའ་ཞིང་དེ་ལས་ཀྱང་རྐང་བ་ས་ལ་སྤོ་དཀའ་བར་གྱུར།
       དགུན་ཁར་དགུ་ཆུ་དར་གྱིས་བཟུང་ན་ང་ཚོ་དར་ལམ་བརྒྱུད་འཇའ་མོ་སྡེ་བའི་ཞིང་སར་སྤོ་ཐོ་སྐྱས་པར་འགྲོ་དགོས། སྤོ་ཐོ་ས་འཚིག་ཏུ་བཟོས་རྗེས་ཕྱི་ལོ་སོས་བུད་ན་ལུད་ཀྱི་ཚབ་ཏུ་ཞིང་སར་གཅོལ་དགོས་སྟབས། ང་ཚོས་མི་བཞི་རེ་ལྔ་རེ་བསྡེབས་ཏེ་རེས་བསྐོར་ནས་ཁྱིམ་ཚང་སོ་སོར་འཁུར་དགོས།
       ངའི་དགུན་ལྷམ་དེ་དར་ཐོག་ནས་ཤུད་སླ་ཞིང་།ལྷམ་མཐིལ་སྲ་མཁྲེགས་ཤིང་འདྲ་བ་ཡིན་པས་ལ་ཐུར་བརྒྱུད་དུས་ལྷམ་མ་ཕུད་ན་གོམ་གང་སྤོ་ཐབས་བྲལ། དེ་བས་ངས་ཐོག་མར་སེལ་བོའི་ནང་དུ་ས་ཁུར་ཡོང་ནས་དར་ཐོག་ལ་གཅོལ་ཏེ་རང་ལ་ལམ་ཕྲན་ཞིག་བཟོས་པ་ཡིན་ལ། དེས་ཀྱང་ལས་ཀའི་དུས་ཚོད་མང་པོ་གྲོན་གྱིན་ཡོད་ཅིང་། སྒོས་སུ་རྐང་བའི་སེར་གས་ང་རང་ཡུན་རིང་གྱོལ་བའི་རྗེས་ལ་རིམ་གྱིས་བརླ་རྨེན་ཡང་སྐྲངས་ཏེ་འགྲོ་དཀའ་བར་གྱུར་པས། ངའི་གྲོགས་མོ་ཚོས་ང་རང་གྲོགས་སུ་མ་འདོད་པར་ཁེར་རྐྱང་དུ་བསྐྱུར། དེ་བས་ང་ལ་མཚོན་ན་ཁོ་ཚོའི་སུ་ལའང་མེད་པའི་དཀའ་ཁག་ལྷག་མ་ཞིག་ཕྲད་ཡོད།
       གནས་ཚུལ་དེ་རིགས་སུ་ཞིག་གིས་ངའི་ཨ་མ་ལགས་ལ་བཤད་སོང་བས། ཕྱི་དྲོ་ཞིག་ལ་ཨ་མ་ལགས་ཨ་ནེ་ཚང་དུ་ཡོང་ནས་ང་རང་ནུབ་དེར་ཡུལ་ལ་འགྲོ་ཆོག་པ་ཞུས་ཤིང་། རང་ཁྱིམ་དུ་བསླེབས་པ་དང་ཨ་མས་ཆུ་བསྲོས་ཏེ་ཚ་བོ་བྱས་རྗེས་གཞོང་བ་ཞིག་ཏུ་བླུགས་ནས་ངའི་རྐང་བ་སྦངས་ཤིང་། གྲི་ཆག་ཅིག་གིས་རྐང་བའི་སེར་གའི་གཡས་གཡོན་དྲད་པ་ན་ཟུག་བཟོད་བསྲན་མི་ཐུབ་པ་བསླངས།
       དེའི་རྗེས་ལ་སྐམ་ལུག་གང་རུང་གི་ནང་ཚིལ་ཉུང་ཙམ་ཞིག་ཁྱེར་ཡོང་ནས། དཀར་མེར་ཐུག་ཙམ་ཐུག་ཙམ་གྱིས་བཞུས་རྗེས་ཨ་མ་དང་མ་སྤུན་གཉིས་ཀྱིས་ང་རང་མར་མནན་ཏེ་ཕྱི་རྟིང་གི་སེར་གའི་ནང་ཚིལ་ཁུ་འཛར་དུ་བཅུག་པ་ན། ན་ཟུག་དྲག་པོས་ང་རང་རྔུལ་ནག་ཕྲོམ་ཕྲོམ་བྱེད་ཅིང་། ངས་ཕེ་འདེབས་ཞོར་འཕག་འཚག་ཇི་ལྟར་བྱས་ཀྱང་ཨ་མ་ལགས་སྤུན་གཉིས་ཀྱི་དོ་ཡ་ག་ནས་ཡིན། ཁོ་གཉིས་ཀྱིས་སྔར་བཞིན་ཚིལ་བཞུས་ཏེ་སེར་གའི་ནང་ཐིག་ཏུ་བཅུག ན་ཟུག་གི་དབང་གིས་ཚག་ཚག་ཚག་གི་སྒྲ་དེ་ཚིལ་ཁུ་སེར་གའི་ནང་འཛར་བ་ལས་གྲག་གིན་འདུག་བསམས་སོང་མོད། ཡིན་པ་ནི་ཚིལ་མེ་ལ་བཞུས་པའི་སྒྲ་རེད། ཚིལ་ཁུ་སེར་ག་ནས་དཀག་པ་དང་ཨ་མས་རས་སྐུད་ཉིས་རྐྱ་ཞིག་ཁབ་ལ་བརྒྱུས་ཏེ་སེར་ག་བཙེམས།
       གནས་སྐབས་རིང་ན་ཟུག་དྲག་པོ་མྱངས་ནའང་རིམ་གྱིས་རིམ་གྱིས་རུས་རྐང་གི་གཏིང་ན་བདེ་སྣང་ཞིག་ཡོད་པ་ཚོར།
       ནུབ་མོ་དེར་ང་རང་གཉིད་ཁུགས་ནས་བརྒྱལ་སོང་བ་འདྲ།
       ཕྱི་ཉིན་ཨ་མས་ཕུ་བོའི་ཀོ་ལྷམ་སྐྱ་ལྡང་ཐེད་པོ་ཞིག་ཡོད་པ་དེའི་ས་རྡུལ་གཙང་མར་སྤྲུགས་རྗེས། མོ་རང་གི་ལག་རྩལ་ལ་བརྟེན་ནས་ལྷམ་གྱི་སྣ་ཐོད་ཁ་ཕྱེས་ཡོད་ས་དེར་འཛེར་མ་བརྡབས།
       ལྷམ་དེ་ནི་ཧ་ཅང་སྲ་མཁྲེགས་ཡིན་པས་ཁབ་སྐུད་ལྟ་བུ་སྤྱད་དེ་བཙེམ་ཐུབ་པ་ཞིག་གཏན་ནས་མིན། དེ་བས་ཨ་མས་ལྷམ་གྱི་ཨི་ཁུང་འཛེར་མས་བསྡམས་པ་ནི་གཅིག་ནས་ལས་སླ་བོར་རལ་མི་ཐུབ་ཅིང་། གཉིས་ནས་ལྷམ་ཇེ་ཆུང་ལ་བཏང་སྟེ་ང་ལ་རན་པར་བཟོས་པ་རེད།
       ཡིན་ནའང་མ་གཞི་ནས་ལྷམ་དེ་ཆེན་པོ་ཡོད་པ་དང་། དེའི་ཁར་འཛེར་མ་མང་པོ་བརྡབས་པ་ཡིས་ལྷམ་དེ་ངའི་རྐང་བས་མི་ཐེག་པར་གྱུར། དེ་ལྟ་ནའང་ཨུ་ཚུགས་བྱས་ཏེ་གོན་ཐབས་བྱས་མོད། ཡར་མར་ལ་ཐོགས་ནས་ཐང་ལ་འགྱེལ་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཡིན།
       སྐབས་སྐབས་སུ་ངས་མགོ་སྒུར་ཏེ་རང་གི་ལྷམ་ལ་ལྟ་དུས་ཆ་མ་སྐམ་པོ་ཞིག་མདུན་ན་ཡོད་པ་དང་མཚུངས། ཨ་མ་ལགས་ལ་ཚེམ་བཟོ་བྱེད་པའི་ཚད་ལྡན་གྱི་ལག་ཆ་ཅི་ཡང་མེད་པས། ལྷམ་གྱི་ནང་ན་ཕྱིར་བུད་ཡོད་པའི་འཛེར་མགོས་སྔར་བཞིན་ངའི་རྐང་བར་རྨ་ཁ་བཟོས།
       དུས་ཡུན་གང་འཚམ་ཞིག་འགོར་རྗེས་ཀྱི་ཉིན་ཞིག་ཨ་མ་ལགས་ཀྱི་ཤ་ཉེ་རྒད་པོ་དྲིན་ཆེན་ཁོང་གིས་ལྷམ་སོ་མ་ཞིག་བཏབ་ནས་ནང་ལ་ཕྱིང་བ་བཏིངས་ཏེ་ང་ལ་བསྐོན། ལྷམ་དེ་ལ་ལ་ལས་རྒྱ་ལྷམ་སྟེ་རྒྱ་ནག་ཐང་གི་སྐབས་ཀྱི་ལྷམ་ཡིན་ལུགས་ཟེར། ལ་ལས་བོད་ལྷམ་དུ་འབོད་ཅིང་བོད་པ་རང་གི་ལྷམ་ཡིན་ཚུལ་སྒྲུབ་ཤག་ཤག་བྱེད།
       གང་ཡིན་ན་ཡིན་དུ་ཆུགས། ང་ལ་ལྷམ་གོན་རྒྱུ་ཡོད་ན་དེ་རེད། 
       དམའ་འབྲིང་སློབ་མ་རྣམས་ཀྱིས་གྱོན་པ་དང་ལྷམ་གྱི་ཡག་བཙོག་དང་བཟང་ངན་ལ་བལྟས་ཏེ་རང་ཚོད་ཀྱི་འཁྱེར་སོ་རེ་ཡོད་པ་རེད།སྒོས་སུ་བུ་མོ་རྣམས་ལ་མཚོན་ན་རང་རང་ལ་ཁྲ་ཁྲ་རིག་རིག་རེ་གོན་རྒྱུ་ཡོད་ཚེ། དེ་ཚོ་ཁ་འཆམ་ནས་འཁོས་ཀ་ཞན་པའི་ཁྱིམ་ཚང་གི་བུ་མོ་ཚོ་ལ་སྤྱི་དགྲ་ལྟ་བུའི་འདུ་ཤེས་ཤིག་བཟུང་སྟེ་བརྙས་བཅོས་དང་ཐུབ་ཚོད་གང་འདོད་བྱེད་པའི་སྲོལ་ཞིག་ཡོད།
       དེ་ནི་སྐྱེས་ཕོ་མོ་སུ་ཡིན་རུང་ཤེས་འཇོན་ཅི་ཡང་མེད་ཀྱང་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། ཡེ་ནས་བྱུང་མྱོང་མེད་པའི་དོན་དག་གང་ཞིག་ཁོ་ཚོས་ཁུངས་དང་བཅས་གསེད་བཀྲོལ་ཐུབ་ཅིང་། རང་བློར་མི་འཚམ་པ་ཞིག་ཡིན་ཚེ་ཞྭ་མོ་སྣ་ཚོགས་བསྐོན་རྐྱང་བྱེད་པར་ཉམ་མི་ང་བ་དང་། གོ་སྐབས་གང་འགྲིག་ལ་ཕ་རོལ་པོ་དེ་ནག་པོ་བཟོ་ཅི་ཐུབ་བྱེད་པ་དང་ཤིན་ཏུ་མཚུངས་ཏེ། དེ་ཚོར་དེ་ལྟ་བུའི་སྤྱི་ཚོགས་ཤིག་དང་རིག་གནས་ཤིག་གྲུབ་ཡོད།
       ངས་ལྷམ་དེ་གོན་པའི་ཕྱི་ཉིན་ནས་བུ་མོ་ཚོས་ང་རང་གང་ནས་མཐོང་ན་ཤབ་ཤུབ་དང་ཧབ་ཆ་དིར་རེ་བྱེད།
       ངས་ལྷམ་དེ་རྐང་ལ་དྲོ་ཞིང་བདེ་ནའང་ང་རང་དོགས་བདེ་བོ་མེད། ཡིན་ནའང་། ཁོ་ཚོར་ཡང་ཁག་མི་འདུག་སྟེ། རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་ཡོང་རྫོགས་ཁྲོད་དུ་བོད་ལྷམ་མམ་རྒྱ་ལྷམ་གོན་མཁན་ང་གཅིག་པུ་ཡིན།
       དེ་ལྟར་སློབ་གྲོགས་བུ་མོ་ཚོའི་འཕྱ་དམོད་ཀྱི་ལྐོག་ལབ་དང་འཕྱ་དམོད་ཀྱི་དགོད་སྒྲའི་ནང་ནས་ང་རང་ཉིན་བཞིན་སློབ་ཁྲིད་ལ་ཞུགས།
       ཉིན་ཞིག་གི་རྩིས་རིག་སློབ་ཐུན་སྐབས་དགེ་རྒན何有忠(དཔལ་གཡུང་དྲུང་། གྲོ་ཚང་གི་མི།)ལགས་ཁྲིད་སྟེགས་སྟེང་ནས་མར་འཁོར་ཏེ། སློབ་གྲོགས་ཚང་མའི་ནང་དུ་པདྨ་འཚོའི་ལྷམ་ལས་ཡག་པོ་མི་འདུག ངས་རང་ལའང་མོའི་ལྷམ་དེ་འདྲ་ཞིག་ཡོད་ན་ཅི་མ་རུང་སྙམ། ངེས་པར་རང་ལ་ལྷམ་དེ་འདྲ་ཞིག་ཐབས་ཤེས་བྱ་རྒྱུ་ཡིན་ཟེར། རྒན་ལགས་ཀྱིས་དེ་ལྟར་གསུངས་པར་དམིགས་ཡུལ་ཡོད་ཀྱང་མེད་ཀྱང་། ངས་ནི་ཕྱི་ཉིན་ནས་སློབ་གྲོགས་ཚོའི་མདུན་དུ་མགོ་བོ་དགྱེ་དགྱེ་བྱས་ཏེ་ཅི་མི་སྙམ་པར་སོང་བ་ཡིན།
       ཉིན་འགའི་རྗེས་ཀྱི་ཉིན་གུང་ཞིག་ལ་ཨ་ཁུ་ལོ་ལོན(ཚལ་དགེ་བཤེས་དགེ་འདུན་དར་རྒྱས་ལགས)གྱིས་ང་རང་བོས་ཏེ་ཤོག་བུ་དཀར་གཙང་གིས་གཅུད་པའི་དངོས་པོ་ཞིག་གཏད་བྱུང་། ངས་ནི་ཅི་ཡིན་སྙམ་པའི་མཚར་སྣང་གིས་ཁ་ཕྱེས་པ་ན་ཨ་ཁུ་ལོ་ལོན་གྱིས་ང་ལ་ལྷམ་སོ་མ་ཞིག་ཉོས་འདུག་ཅིང་། དེ་ནི་ངའི་མི་ཚེའི་ནང་ཆེད་དུ་ང་ལ་ཉོས་པའི་ལྷམ་དང་པོ་དེ་ཡིན།
       ལྷམ་དེའི་མིང་ལ་སྐབས་དེའི་མི་རྣམས་ཀྱི་སྦ་ལྷམ་སོ་ལུག་ཟེར། སྐབས་དེར་དེང་སང་ནང་བཞིན་ལྷམ་སོ་མ་ཤོག་སྒམ་དུ་འཇོག་སྲོལ་མེད་དེ། དབྱར་གྱི་དམག་ལྷམ་ཁ་ཁྱ་ཡིན་ཡང་ཆོག དགུན་གྱི་སྦ་ལྷམ་སོ་ལུག་ཡིན་ཡང་རུང་། ཚང་མ་ཤོག་བུ་དཀར་པོའི་ཁུད་དུ་གཅུད་ཡོད་པ་རེད།
       ང་ལ་སྦ་ལྷམ་སོ་ལུག་ཐོབ་པ་ནས་ངའི་སྣང་བའང་སྟོན་ཀ་ཡིན། སྦ་ལྷམ་སོ་ལུག་བསྟུད་མར་དགུན་ཐོག་འགར་གོན་པ་ན་ལྷམ་གྱི་ནང་ངོས་ཐེད་པས། ཨ་ཁུ་ལོ་ལོན་གྱིས་ལག་བཙེམ་བྱས་ཏེ་དྲ་རས་དམར་པོ་ཞིག་གི་ལྷན་པ་བརྒྱབ་པས་མུ་མཐུད་གོན།
       ང་དང་ན་མཉམ་ཚོའི་ཁྲོད་དུ་ཁ་ཁྱ་དང་སོ་ལུག་གོན་མྱོང་མེད་མཁན་ཧ་ལམ་ཡོད་མི་སྲིད། ཁ་ཁྱ་དང་སོ་ལུག་གིས་རྒྱང་དུ་ཡལ་ཅིང་བརྗེད་ལ་ཉེ་བའི་དུས་རབས་ཤིག་གི་དྲན་པ་གསོ་ཐུབ།
       སློབ་གྲྭས་སྤྱི་ལུགས་ལོ་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བསྡུ་འཆར་གྱིས་འཛིན་གྲྭ་སོ་སོར་ཞབས་བྲོ་དང་ཁ་ཤགས་སོགས་བཀོད་སྒྲིག་བྱས་ཤིང་ང་ཚོའི་འཛིན་གྲྭའི་བུ་མོ་ཚོས་ཀྱང་ཞབས་བྲོ་འཁྲབ་དགོས་པས་ང་རང་ཡང་བསྐྱར་དཀའ་ཁག་ལ་ཕྲད།
       ང་ལ་ལྷམ་གྲ་དག་ཅིག་གོན་རྒྱུ་མེད་པར་ཐོག་མར་སེམས་ཁྲལ་བྱུང་ཞིང་རིམ་གྱིས་གནོན་ཤུགས་སུ་གྱུར། དེ་བས་འཛིན་བདག་དགེ་རྒན་ལ་ང་རང་ཞབས་བྲོ་བའི་མིང་ཐོ་ལས་ཕྱིར་འཐེན་པར་རེ་བ་ཞུས་ཀྱང་དགོངས་ཁྲོལ་མ་ཐོབ།
       འཁྲབ་སྟོན་གྱི་ཉིན་གུང་དེར་ཨ་མ་ལགས་དང་གནས་ཡུལ་ན་ཡོད་པའི་ཨ་ཅེ་གཉིས་ཀྱིས་ཨ་ཅེའི་ཀོ་ལྷམ་དང་ཚི་ལེན་ཐགས་བབས་ཤིག་ཁྱེར་ཏེ་སློབ་གྲྭའི་ནང་ཐོན་བྱུང་། ཀོ་ལྷམ་རྙིང་ཡོད་པའི་ཁར་ཨ་མ་དང་ཨ་ཅེ་གཉིས་ཀྱིས་འཇུར་རྩི་ཞིག་ཀྱང་ཉོ་ཐུབ་མེད་པས་ཀོ་ལྷམ་ལ་ཚིལ་བྱུགས་ཤིང་ལྷམ་གྱི་ནང་ལ་རས་དང་བལ་བརྫངས་ཏེ་ང་ལ་རན་པ་བྱས་འདུག དེ་བས་ང་རང་བློ་སེམས་བདེ་བར་གྱུར།
       ད་ནི་ཞབས་བྲོ་འཁྲབ་དུས་ང་ལ་ཁ་བཏགས་མེད་པ་མ་གཏོགས་སེམས་ཁུར་གཞན་ཅི་ཡང་མེད་དེ། དེར་ཡང་མི་སྐྱོན། ངས་སློབ་གྲོགས་ཤིག་གི་མགོ་དཀྲིས་དམར་པོ་རིང་བོ་དེ་གཡར་ཡོད། མདོག་དམར་པོ་ཡིན་པའི་མགོ་དཀྲིས་དེས་ཁ་བཏགས་དཀར་པོའི་ཚབ་གཏན་ནས་མི་ཐུབ་རུང་། ང་རང་གར་སྟེགས་སུ་ལག་སྟོང་ལ་འབུད་མ་དགོས་པ་ནི་ང་ལ་མཚོན་ན་སེམས་ཀྱི་ཁུར་བོ་ཞིག་ཕོག་པ་རེད།
       ཞབས་བྲོ་འཁྲབ་ཚར་རྗེས་ང་ཡང་སློབ་གྲོགས་མང་པོའི་གྲས་སུ་ཞུགས་ཏེ་ལྟད་མོར་བལྟས།
       སློབ་གྲོགས་ཚོའི་འདུ་འཛི་དང་ར་སྐོར་ནང་གི་ས་རྡུལ་གྱིས་ངའི་ཀོ་ལྷམ་རྩམ་པ་གཡིས་བརྫིས་ལྟ་བུ་ཞིག་ཏུ་གྱུར།
       སློབ་གྲོགས་ཚོས་ལྟད་མོར་བལྟས་ཏེ་དགའ་འབོད་ཡང་ཡང་བྱེད་ཅིང་། ངས་ནི་རང་གི་ལྷམ་ལ་ཡང་ཡང་བལྟས་ཏེ་ལག་པས་ཡང་ཡང་ཕྱིས། 
       ལོ་གསར་འཐོན་ལ་ཉེ་སྐབས་སུ་ཕུ་བོ་ལགས་ཀྱིས་དཔྱི་སའི་ནགས་ལས་ཁང་གི་ལས་བྱེད་པ་ཞིག་ལ་ཤིང་སྡོང་གཅོད་རོགས་སུ་སོང་སྟེ་ཐོབ་པའི་གླ་ཆའི་ནང་ནས་ང་ལ་ཀོ་ལྷམ་ཞིག་ཉོས་འདུག་ཅིང་ལྷམ་ནག་ནག་ནང་ཕྲུག་ཁྲ་ཅན་ཞིག་རེད། ལྷམ་དེ་ནི་ཆེད་དུ་ང་ལ་ཉོས་པའི་ལྷམ་གཉིས་པ་དེ་ཡིན་ལ་སྐབས་དེའི་ངའི་དགའ་སྤྲོ་ཚིག་གིས་མཚོན་དུ་མེད།
       ཞག་མ་རེ་རེར་ལྷམ་སྔས་འགྲམ་ལ་བཞག་སྟེ་ཉལ་ཅིང་རྨི་ལམ་དུ་ཀོ་ལྷམ་ཅིག་གིས་ཁྱེར་འདྲ། ཆུ་ཡིས་ཁུར་འདྲ། རྙེད་དུ་མེད་འདྲ། འཚབ་འཚུབ་ཀྱིས་ལྷམ་ལ་རེག་རེག་བྱས་རྗེས་ཀྱི་དགའ་བ་དེ་ནི་སྨྲ་བརྗོད་ལས་འདས།
       ང་ལ་ཐོབ་པའི་ལྷམ་གསུམ་པ་ནི་ངའི་ནུ་བོ་རང་ལོ་བཅུ་བཞིའི་སྟེང་ཁུལ་འབྲུ་མཛོད་ཁང་དུ་སོང་སྟེ་འབྲུ་རིགས་བླུགས་པའི་གསོ་སྒྱེ་རང་ལས་ལྡབ་ཀྱིས་ལྕི་བ་ཡར་བརྩིགས་མར་ལེན་བྱས་ཏེ་ཁོའི་རྔུལ་ཆུས་བཙལ་པའི་ལས་གླ་ཐོག་མ་དེས་ང་ལ་ཀོ་ལྷམ་སྨུག་པོ་རྟིང་ག་ཅུང་ཙམ་མཐོན་པོ་ཡོད་པ་ཞིག་ཉོས་པ་དེ་ཡིན།
       ལུས་ཀྱི་ལྭ་བ་རྙིང་རལ་དུ་གྱུར་ཡོད་ཀྱང་རྐང་གི་ལྷམ་དེས་ང་ལ་བཀྲག་མདངས་བྱིན།
       རང་ལོ་བཅུ་དྲུག་སྟེང་ང་རང་སློབ་ཆེན་དུ་འགྲོ་དུས་ཨ་མ་ལགས་ཀྱིས་ཉོས་པའི་ལྷམ་དེ་ནི་ང་ལ་ཐོབ་པའི་ལྷམ་བཞི་བ་ཡིན། མདོག་ཁམ་ནག་དང་ལོང་བུ་ཆ་རུ་ཅན་གྱི་དབྱར་ལྷམ་དེ་ནི་གཡས་ལྷམ་རན་ཞིང་གཡོན་ལྷམ་ཆེ་བ་ཞིག་སྟེ། དེ་ནི་ཚོང་བ་རྒྱ་མོས་གཞན་གྱིས་བསལ་བསལ་རྗེས་ལྷག་པའི་ལྷམ་ཞིག་བསམ་བཞིན་ངའི་ཨ་མར་བྱིན་པའམ། ཡང་ན་ཨ་མས་ལྷམ་གྱི་ཨང་ཀི་མ་ཤེས་པར་ཉོ་ནོར་ཐེབས་པ་གང་ཡིན་ཡང་ང་ལ་རན་པ་ཞིག་མིན་པས། འགྲོ་དུས་རྐང་བའི་གཡོན་མཛུབ་འཁུམས་ནས་ཤ་བསྒྲིམས་ཏེ་འགྲོ་དགོས། དེ་མིན་གཡོན་ལྷམ་རྐང་ནས་དུས་ངེས་མེད་དུ་ཡར་ཉེན་ཆེ་ནའང་། ལྷམ་དེ་གོན་ནས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྒོའི་ཕྱི་ནང་ནས་ང་རང་ཡིན་མདོག་མདོག་གིས་སོང་མྱོང་།
       ད་ཆ་རང་ལ་ལྷམ་གང་ཡག་དང་གང་བདེ་གང་དགར་ཉོ་ཐུབ་དུས། ཨ་མ། ངའི་ལྷམ་ཨེ་ཡག་གི་ཞེས་དྲི་སའི་མི་དེ་མཐོང་རྒྱུ་མི་འདུག 
       རེད་དེ། ལྷམ་དེ་དག་བོར་ནས་ཡུན་རིང་ཕྱིན་ཀྱང་། ལྷམ་དེ་དག་གིས་བསྐྱལ་པའི་ལོ་ཟླ་ནི་དྲན་ངོགས་ནས་འབོར་ཐབས་མེད།
༢༠༢༢ལོའི་ཟླ༡༢པའི་ཚེས༡༦ཉིན།

ཡོང་ཁུངས། བོད་ཀྱི་གྱེར་འདོན་སྤྱི་སྟེགས།
འབྲེལ་ཡོད་འོས་སྦྱོར།