ཉྭ་སྲིན་པོའི་ལྷུག་རྩོམ་འོས་སྦྱོར།
རྩོམ་པ་པོ།:ཉྭ་སྲིན་པོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-01-16
ཀློག་གྲངས།:
བདག་གི་སྐད་ཡིག་དགེ་རྒན།
--དགེ་རྒན་བཀའ་དྲིན་ཅན་ཚེ་རིང་དོན་གྲུབ་ལ་ཕུལ།
--དགེ་རྒན་བཀའ་དྲིན་ཅན་ཚེ་རིང་དོན་གྲུབ་ལ་ཕུལ།
ཉྭ་སྲིན་པོ།
དུས་ཚོད་ནི་སྦྲུལ་ནག་ཐུར་དུ་རྒྱུགས་པ་བཞིན་ཐེ་ཚོམ་དང་འཇིགས་དངངས་གང་ཡང་མེད་པར། ལོ་ཡི་འཁོར་མོ་རེ་རེ་ཕར་ལ་བཞུར་ཏེ་བདག་གི་སྐད་ཡིག་དགེ་རྒན་གྱི་འཚོ་བ་ཡང་མི་ལོ་བདུན་འགྱང་ལ་ཉེ། མི་ལོ་བདུན་གྱི་རིང་འདིར། ང་རང་རེ་བ་དང་ཡིད་ཆེས་ཀྱིས་གདེངས་ཀྱི་བྱ་ཕོར་ཚོད་བཟུང་ནས་ཞོགས་པ་ལངས་པའི་སྔ་མ་བྱས་མྱོང་ལ། དཀའ་སྡུག་དང་རེ་ཆད་ཀྱིས་སྒོ་རྒྱབ་ཁྱི་མོར་དཔེ་བླངས་ནས། མཚན་ལ་ཉལ་བའི་འཕྱི་མའང་བྱས་མྱོང་། ཡིན་ན་ཡང་ང་རང་སོང་གིན་སོང་གིན། བསྡད་ཀྱིན་བསྡད་ཀྱིན། སྐད་ཡིག་དགེ་རྒན་ཞིག་གི་གཟུང་འཇུག་གྲུབ་ཀྱིན་མི་འདུག་ལ། སྐད་ཡིག་དགེ་རྒན་ཞིག་གི་མཛེས་སྡུག་གི་སྣང་བརྙན་ཡང་ཆགས་ཐུབ་ཀྱིན་མི་འདུག འདི་འདྲའི་བར་སྐབས་མང་པོར་ངས་རང་གི་སྙིང་ཉེ་བའི་དགེ་བའི་བཤེས་གཉེན་དམ་པ་ཚེ་རིང་དོན་གྲུབ་ལགས་ཡིད་ཀྱི་མེ་ལོང་ངོས་སུ་གཟུགས་བརྙན་དུ་ཡང་ཡང་ཤར་ཡོང་།འདི་ནས་ཡར་ལ་བརྩིས་ཏེ་མི་ལོ་བཅུ་བདུན་སྔོན་གྱི་སྟོན་འགོ་ཞིག་ལ། ང་རང་ཇ་ལ་རེ་བའི་སློབ་ཆུང་ནས་མཐར་ཕྱིན་ཏེ་དམའ་འབྲིང་གི་སྒོ་ཐེམ་ཐོག་མར་འགྲིམས། སྐད་ཡིག་ཁོ་ན་ལས་རྨང་གཞི་གང་ཡང་མེད་པའི་རྩྭ་ཐང་གི་འབྲོག་ཕྲུག་ངས་སྐད་ཡིག་སློབ་ཐུན་གཅིག་པུར་རེ་སྒུག་བྱས་ཤིང་། སྐད་ཡིག་དཔེ་དེབ་ཁོ་ན་སྲུང་འཁོར་བཞིན་ལུས་དང་གྲིབ་མ་བྱས་ནས་བསྡད། དམག་སྦྱོང་གི་གཟའ་འཁོར་གཅིག་ཕར་འདས་རྗེས་གཞི་ནས་སློབ་འགོ་བརྩམས་བྱུང་ལ། དམའ་འབྲིང་གི་སློབ་ཁྲིད་ཀུན་གྱི་འགོ་མ་ཡང་སྐད་ཡིག་སློབ་ཐུན་ལ་ཁེལ་བས། ང་རང་དགའ་བ་དང་སྤྲོ་བ་བསམ་གྱིས་མི་ཁྱབ་པ་ཞིག་གིས་བཏེགས་ནས་ཐོན་བྱུང་།
ད་ལྟའང་ད་དུང་བརྗེད་དུ་མེད་པ་ནི། སྐད་ཡིག་དགེ་རྒན་གྱིས་སློབ་དེབ་ཅིག་དང་ཟིན་དེབ་སྐྱ་སྐྱ་ཞིག ད་དུང་ས་སྨྱུག་ཚོན་མདོག་གསུམ་ཁྱེར་ནས་སློབ་ཁང་དུ་སླེབས་བྱུང་། ཁོང་ནི་དབུ་སྐྲ་ཅུང་རིང་བོ་ཕྱེད་གཉིས་སུ་ཤད་ཅིང་། ནུབ་ལྭ་སྐྱ་སྐྱ་ཞིག་གི་ནང་དུ་བལ་ལྭ་ནག་པོ་གྱོན་པ། གཟུགས་པོ་རིང་རྒྱུ་མེད་ལ་ཐུང་རྒྱུ་ཡང་མེད་པ། འགྲམ་སྟེགས་གཉིས་སུ་སྨྲ་ར་ཅུང་ཟད་སྐྱེས་པ་ཡང་ཚད་དང་རན་པ་ཞིག་རེད། དེ་དུས་ཁོང་ནི་སྟག་ཤར་གྱི་བཟང་སྒང་ཏག་ཏག་རེད་པས་མཐོང་མ་ཐག་ཏུ་རེ་བ་དང་ཡིད་ཆེས་སྟེར་ཐུབ་ལ། སེམས་ཀྱི་དཔངས་མཐོ་རུ་བཏེགས་འགྲོ་བ་ཞིག་ཀྱང་རེད། ཁོང་གིས་སྒོ་སམ་ངོས་སུ་སྣོད་ཀྱི་སྐྱོན་གསུམ་དང་དྲི་མ་དྲུག་ཅེས་བྲིས་རྗེས། ཁྲིད་སྟེགས་ལས་མར་འཁོར་ཏེ་རང་ཉིད་ངོ་སྤྲོད་སྟབས་བདེ་ཞིག་གནང་ནས་སློབ་ཁྲིད་ཀྱི་འགོ་བརྩམས་བྱུང་།
དེ་ལྟར་སློབ་ཐུན་འགའ་འདས་རྗེས། ངས་ཁོང་ནི་རང་གིས་སློབ་ཆུང་སྐབས་སུ་མང་ཚོགས་སྒྱུ་རྩལ་དང་ལྷ་གཡག སྦྲང་ཆར་སོགས་ཀྱི་སྟེང་ནས་རྩོམ་བཀླགས་མྱོང་བའི་སྙན་ངག་པ་སྐྱ་རེངས་ལགས་ཡིན་པ་གཞི་ནས་རྟོགས་པས། སྤྲོ་བའི་སྟེང་དུ་སྤྲོ་བ་ཞིག་རྒྱས་ཏེ་ཐོན། དེ་དང་ལྷན་དུ་རང་གི་སྦྱངས་རྩོམ་འབྲི་དེབ་འགའ་རེ་ཁོང་ལ་སྤྲད་དེ་ཞུ་དག་གནང་དུ་བཅུག་པས། ཁོང་གིས་ང་ལ་རེ་བ་དང་སྐུལ་མ་མང་པོ་གནང་ཞིང་། རྗེས་སོར་སྦྲང་ཆར་དང་གངས་རྒྱན་མེ་ཏོག་སོགས་དུས་ཚིགས་རེ་རེར་ཆད་མེད་དུ་ཉོས་ཏེ་བསྩལ་ཅིང་། དེབ་གསར་གང་ཞིག་ཐོན་པའི་ཚེ་ཡང་ཁོང་གིས་དེབ་གཅིག་ཉོས་ཡོད་ཚེ་ང་ལ་ཡང་དེབ་གཅིག་སྩོལ་རྒྱུ་ཡོད་པས། ང་ཡང་རྒྱུན་པར་ཁོང་གིས་དེབ་སྐྱེས་གནང་བར་རེ་སྒུག་བྱ་རྒྱུར་གོམས།
ཁོང་གི་དྲིན་ལ། ངས་དམའ་འབྲིང་སློབ་མ་ཞིག་གི་ངོས་ནས་བསླབ་ཕྱིའི་དཔེ་དེབ་མང་པོ་བཀླགས་ཐུབ་པར་གྱུར་ལ། རྩོམ་ཡིག་ཀྱང་མང་པོ་བྲིས་ཏེ་གངས་རྒྱན་མེ་ཏོག་དང་ཁྲིམས་ལུགས་ཚགས་པར། ན་ཆུང་ཚགས་པར་སོགས་ཀྱི་སྟེང་དུ་སྤེལ་ཐུབ་པར་གྱུར། ཁོང་གིས་ལན་དུ་མ་ལ་དཔེ་ཁྲིད་འགོ་རྩོམ་ལ་ཉེ་དུས། ཁྱེད་ལ་གངས་རྒྱན་མེ་ཏོག་གམ་ཁྲིམས་ལུགས་ཚགས་པར་གྱིས་འདི་བསྐུར་འདུག་ཅེས་ཚགས་དེབ་གང་རུང་དང་རྩོམ་ཡོན་གྱི་ཤོག་བྱང་གང་རུང་སྤྲད་ཡོང་བ་དེས་ང་ལ་སློབ་སྦྱོང་གི་སྐུལ་མ་ཆེན་པོ་གནངས། དེ་ལས་ཀྱང་ཁོང་གིས་ང་དང་བཅས་པའི་སློབ་མ་དག་སྐར་མའི་དམྱལ་ལམ་དུ་མི་འདེད་པར། རྩོམ་སྦྱོང་དང་ལྟ་ཀློག་མང་དུ་བྱ་རུ་འཇུག དཔེ་དེབ་ངོ་སྤྲོད་དང་རྩོམ་འབྲི་མཛུབ་ཁྲིད་ལ་ཡང་། གདུལ་བྱའི་ཁམས་དང་ཚད་ལ་འཕྲོད་པའི་དེབ་དང་རྩོམ་ཡིག་ངོ་སྤྲོད་པ་ལས། ཆུ་ཚན་ལྟ་བུའི་གཞུང་ཆེན་པོ་རང་གཞན་ཀུན་གྱི་བློ་ལ་མི་ཤོངས་པ། ཁ་ལྕེ་བསྲེགས་འཇོག་པ། རྩ་ལམ་སྦྲིད་འགྲོ་བ། ཡི་ག་བཅག་གཏོང་བ་དག་སྐད་ཅིག་ཉིད་ལ་ཁམ་དང་ཁམ་གྱིས་མིད་དགོས་པར་མི་སྐུལ་བར། ལྷོད་ཀྱིས་སྤྲོ་སྣང་གི་ངོས་ནས་སློབ་སྦྱོང་བའི་ལམ་དུ་འཇུག འདི་ནི་དོན་དམ་པའི་འབྲིང་རིམ་སྐད་ཡིག་དགེ་རྒན་ཞིག་གི་ཡང་དག་པའི་དཔེ་ཁྲིད་མ་ཡིན་ནམ།
ཁོང་གི་སློབ་ཁྲིད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། སློབ་མར་ལས་བྱ་ཉུང་ཞིང་བློར་འཛིན་ཉུང་བ་དེ་ཡིན། ཁྱད་ཆོས་དེ་ཡི་རྩ་བ་གང་ཡིན་ནམ་ཞེ་ན། ཁོང་ལ་སློབ་ཚན་གཅིག་ཁྲིད་ཚར་རྗེས་སློབ་ཚན་དེ་ཕལ་ཆེར་ཚིག་རིས་ནག་འདེད་ཀྱིས་བློ་ལ་འགྲོ་རུ་གཞུག་ཐུབ་པའི་ཁྲིད་རྩལ་ཞིག་ཡོད་པ་དེས་ཡིན། མ་ཟད་ཁོང་ནི་སྦྱངས་འབྲས་བཟང་ཞན་གྱི་སློབ་མ་ཀུན་ལ་སྲང་བཞིན་དྲང་བ་ཞིག་ཡོང་བས། དུས་སྐབས་དེར་ཁོང་ལ་མི་དགའ་བ་དང་ཁོང་གི་སློབ་ཁྲིད་ལ་མི་དགའ་བའི་སློབ་མ་ཞིག་བཙལ་ཡང་རྙེད་དུ་མེད། དེ་བས་ཤིན་ཏུ་ཐུང་བའི་སློབ་ཐུན་རེ་རེ་འཛིན་གྲྭ་གང་བོས་ཕངས་སེམས་ཀྱིས་ཕར་བསྐྱལ་ཏེ་རེ་སྒུག་གིས་ཚུར་བསུ་རྒྱུར་གོམས།
ཕྱིར་འདང་ཞིག་བརྒྱབ་ན། སྐད་ཡིག་དགེ་རྒན་ཟེར་བ་ནི་དེ་འདྲ་ཞིག་ཡིན་དགོས། ཤ་ཁྲག་གི་གཏིང་ལ་དོན་དམ་གྱི་དཔའ་ངར་ལྡུད་ཐུབ་མཁན་ཞིག བཟང་སྤྱོད་ཀྱི་ལམ་དུ་དད་འདུན་གྱིས་དཀྲི་ཐུབ་མཁན་ཞིག མི་གཞིའི་མཛེས་སྡུག་གིས་འགྲེངས་ཏེ་བདེན་པའི་གཏམ་སྨྲ་མཁན་ཞིག རང་གི་མཛེས་སྡུག་ཡོད་ཚད་གཞན་ལ་ཤུགས་རྐྱེན་སྤྲོད་ཐུབ་མཁན་ཞིག་ཡིན་དགོས། ཡིན་ན་ཡང་ང་རང་དེ་ལྟ་ཕྲ་མོ་ཙམ་ཡང་ཡོང་གི་མི་འདུག་ལ། མ་ཟད་དེ་ལས་ལྡོག་སྟེ། མི་ཆོས་ཀྱི་མཛེས་པ་རྟ་རྔ་ཙམ་ཡང་སྟེང་དུ་མེད་པར་གསོག་གསོབ་ཀྱིས་འགྲེངས་ཤིང་རྫན་རྫུན་གྱིས་འཚོས་ནས་རིགས་ཀྱི་བྱིས་པ་མང་པོ་ཆུད་ཟོས་སུ་གཏོང་གིན་འདུག དེ་བས་ངས་རང་ལ་ཡིད་ཆེས་འཛིན་དུས་ཁོང་དྲན་ཡོང་ལ། རང་ལ་ཡིད་ཆད་བྱུང་དུས་ཀྱང་ཁོང་དྲན་ཡོང་།
བདག་གི་སྐད་ཡིག་དགེ་རྒན་གྱིས་ང་ལ་ལན་གཅིག་ཀྱང་གཅར་མ་མྱོང་ཞིང་། ཐ་ན་གཤེ་གཤེ་ཕྲ་མོ་ཞིག་ཀྱང་བཏང་མྱོང་མེད། ཡིན་ན་ཡང་ང་རང་སེམས་དང་བསམ་པའི་གཏིང་ནས་ཁོང་ལ་ཤིན་ཏུ་སྐྲག འདི་རུ་སྐྲག་ཅེས་པ་ནི་འཇིགས་སྐྲག་གི་དོན་མིན་ཏེ། དེ་ནི་ཁོང་གི་མི་གཞིའི་མཛེས་སྡུག་གིས་ང་ལ་བཀའ་སློབ་གང་ཞིག་དུས་དང་དུས་མིན་ལ་ལྷུག་ལྷུག་གནང་གིན་པ་དེ་ཡིན། སེམས་ཀྱི་གཏིང་ནས་མ་བཅོས་ལྷད་མེད་ཀྱི་དད་པ་དང་བཀུར་བསྟི་ཞིག་མ་བྱས་ཐབས་མེད་དུ་བཞག་པ་དེས་ཡིན། དེ་ནི་དོན་དམ་པའི་དགེ་རྒན་ཞིག་གི་དཀར་ས་དང་དམར་ས་དེ་རེད་ཨང་།
ཁོང་ནི་དབྱིག་པ་ལ་བརྟེན་ནས་དཔེ་ཁྲིད་བྱེད་མཁན་ཞིག་མིན། ལྷག་བསམ་དང་བདེན་པ་ལ་བསྟེན་ནས་གདུལ་བྱ་སྐྱོང་མཁན་ཞིག་ཡིན། ཁོང་ནི་བདེན་པའི་ལམ་དུ་ལྷུན་པོ་བཞིན་བརྟན་ཀྱིག་གེ་བ་ཞིག་ཡིན། སློབ་མའི་ཕྱོགས་སུ་གཙང་བོ་བཞིན་ལྷུང་ལྷུང་བཞུར་ཡོང་བ་ཞིག་ཡིན།
བདག་གི་སྐད་ཡིག་དགེ་རྒན་གྱིས་སྙན་ངག་དང་ལྷུག་རྩོམ། འབོལ་རྩོམ་སོགས་གང་བྲིས་རྗེས་ང་ལ་བསྟན་ནས་ཞུ་དག་གཏང་དགོས་ཞེས་བརྗོད་སྲིད་ལ། ངས་ཀྱང་ཡིན་མདོག་ཁ་བོས་ཡར་བཅའ་མར་བཅའ་བྱས་པའི་སྐབས་ཀྱང་ཤིན་ཏུ་མང་། འདི་ནི་དོན་དམ་གྱི་སྐད་ཡིག་དགེ་རྒན་ཞིག་གི་དཔེ་ཁྲིད་རེད། ང་ལ་ཁོང་གི་རྩོམ་ཡིག་ཞུ་དག་གནང་བའི་ཆུ་ཚད་ཡོད་མི་སྲིད་ལ། ཁོང་ལ་དགོས་པ་ཡང་དེ་ག་ལ་ཡིན། དེ་ནི་སློབ་སྦྱོང་གི་ལམ་དུ་སེམས་ཤུགས་ཕུལ་བའི་སློབ་མ་རེ་རེར་གསོན་ཤུགས་སྤྲོད་སྟངས་ཤིག་རེད། དེ་ནི་སློབ་མ་རེ་རེར་སློབ་མ་དེ་དང་འཚམས་པའི་ལེགས་ལམ་དུ་འཇུག་སྟངས་ཤིག་ཀྱང་རེད། འདི་ནི་ད་གཟོད་སྐད་ཡིག་དགེ་རྒན་ཟེར་བ་དེ་མ་ཡིན་ནམ།
ང་རང་དམའ་འབྲིང་སློབ་མཐར་ཕྱིན་རྗེས་ནས་ད་ལ་ཐུག་གི་བར་དུ། ངེད་གཉིས་ཀྱིས་གཟའ་མཇུག་རེ་རེར་ཁ་པར་མ་བཏང་དུས་ཕལ་ཆེར་མེད་ཚོད་ཡིན། ཐ་ན་ཆུ་ཚོད་གཅིག་གཉིས་ལ་ཁ་བརྡ་བྱས་དུས་ཀྱང་ཤིན་ཏུ་མང་། གནས་སྐབས་དེ་དག་ཏུ་ཡང་སློབ་སྦྱོང་གི་སྐུལ་མ། ལུས་སེམས་ཀྱི་བདེ་ཐང་། བྱ་བའི་འཁོར་ཕྱོགས་སོགས་ཀྱི་ལམ་བྲོ་གྱ་ནོམ་པ་སྩོལ། ད་ལྟ་ཡང་ད་དུང་ཉིན་རྒྱུན་དུ་འབྲེལ་བ་གནང་གིན་ཡོད་ལ། ཁོང་གིས་བྱ་བའི་ལས་རྐང་ནས་མི་རིགས་སློབ་གསོ། འཇིག་རྟེན་འཁོར་བའི་བར་གྱི་མི་ཆོས་ཀྱི་གཏམ་སྣ་ཚོགས་ལྷུག་བརྗོད་གནང་གིན་ཡོད། འདི་ནི་ད་གཟོད་དགེ་རྒན་ཟེར་བ་དེ་མ་ཡིན་ནམ།
ད་ལྟ་ངེད་གཉིས་རང་རང་ས་རུ་མཐོ་འབྲིང་དགེ་རྒན་གྱི་ལས་སུ་ཞུགས་ཡོད། ཁོང་གིས་རྒྱུན་དུ་ཞལ་པར་བཏང་ནས། དཔེ་ཁྲིད་བྱེད་སྟངས་དང་སློབ་མ་འཛིན་སྟངས། ལས་བྱ་འཇོག་སྟངས། བསྐྱར་སྦྱོང་བྱ་ཐབས་སོགས་རང་གི་སློབ་བུའི་གྲལ་མཐའ་བ་ང་ལ་བློ་ཁ་འདྲི། བསམ་ཚུལ་བརྗེ། བགྲོ་གླེང་བྱེད། རང་ལས་ཞན་པ་བ་ཡང་གྲལ་མཐར་མི་འདེད། རང་གི་སློབ་མ་ལ་ཡང་བློ་འདྲི་གནང་། འདི་ནི་དོན་དམ་གྱི་དགེ་རྒན་ཟེར་བ་དེ་མ་ཡིན་ནམ། ངས་ཡང་ཡང་རང་སྟེང་དུ་བསམ་བློ་གཏོང་དགོས་པར་གྱུར་ཅིང་། གཞན་སྟེང་དུ་ཡང་བསམ་བློ་གཏོང་དགོས་པར་གྱུར།
2023.1.14མཚན་ལ།
ཡོང་ཁུངས། ཉྭ་སྲིན་པོའི་རྩོམ་རིག་འཕྲིན་སྟེགས་ལས།
འབྲེལ་ཡོད་འོས་སྦྱོར།