ལྷ་རྒྱལ་འོད་ཀྱི་སྙན་ངག
རྩོམ་པ་པོ།:ལྷ་རྒྱལ་འོད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-01-17
ཀློག་གྲངས།:

གཟུགས་ཀྱི་ལྟུང་བ།
ལྷ་རྒྱལ་འོད།(བོང་སྟག)
༡
སྤྲིན་དང་སྤྲིན་པ་འདྲེས་ཚེ། ང་ལ་སྙིང་ལོག་རིམ་པ་དགུ་བརྒྱུགས།
གདུང་བ། འགྱིག་ཁུག་ཅིག་ལ་གྱུར་ཏེ།
ཁངས་སྨུག་འདྲེས་མཚམས་སུ་འཁུར་ན་བསམས།
རྨ་ཁར་སྐྱེས་པའི་ལྕགས་སོག་གི་སོ་ཁ་ཆག་རྗེས།
རྣམ་ཤེས་མྱ་ངན་གྱིས་བཏུམས་ནའང།
ངས་ཁྱོད་ལ་དབང་རྩ་འཁྲུག་པའི་གངས་རི་ཞིག་སྟོན།
༢
ཆག་ཧྲུག་ཤོར་བའི་ཕྱི་དྲོར།
མི་རེའི་ཚེ་མཇུག་གིས་ཕམ་ཁ་རེ་བྲོ་བཞིན་ཁུར།
ས་སྟོང་ནས་ལྷག་ན། ངས་ཁྱོད་ལ་མེ་མདའ་ཞིག་གི་བདེ་སྐྱིད་གླེང་བས་འཐུས།
སྡུག་བསྔལ་གྱི་བཞི་མདོར། "རྟ་ཕོ་གསེག་ཞོན"གྱི་ས་སྲོས་ནི་སྐྱོ་སྣང་ལས་ཚེས།
དཔུང་བ་དམར་རྗེན་ཚོའི་རབས་རྗེས་མར། རྟ་ཕོའི་འཚེར་སྐད་བོར།
སྒའི་སྔ་རི་དང་ཕྱི་རིའི་ཡང་སྟེང་གི་ཉི་ཟླ་ཞི་སྟེ་གཙང་བོར་འདྲེས།
སྐྱེ་བོ་ཁྱོད་ཀྱི་སྲོག་དབང། དུས་རབས་དེའི་སྣང་བའི་ཁྲོད་ནས་བོར་ཟིན།
༣
ཁེར་རྐྱང་གི་སྒྲ་འདི་སྙན་པ་ལ་ཨང།
གོམ་ཁ་དང་བོའི་ནང་དུ། སྨོན་ལམ་ལོག་འདེབས་ཀྱི་དགེ་བ་སྨིན།
སྙིང་ལ་འགྱུར་རྡོ་སྐྱེས་འདྲའི་ཟུག་གཟེར་རེ་ལངས་རྗེས།
ངས་རྨི་ལམ་གྱི་འཕྲུལ་སྣང་ལག་ལ་བཟུང་སྟེ། རང་གི་མིག་འབྲས་བཙལ།
༤
པྲ་མཁན་གྱི་མེ་ལོང་གི་སེམས་སུ
མུན་ནག་གི་བང་རིམ་དགུ་བར། བྱ་རྒོད་ཕོ་མོ་ཟུང་གིས་གཤོག་པས་གར་འཁྲབ།
༥
རླུང་འཚུབ་ཀྱིས་བཏོད་པའི་གཉེར་མའི་བར་དོ་དེ།
རྟ་ནག་ཤི་རྗེས། རྣ་ལམ་དུ་འཚེར་སྐད་བསེར་བུར་འཐིམ་ཞིང་རྒྱུག་འོང་ས་ཡིན།
༦
མི། ཧྲེང་བུའི་གར་གྱི་ཕུན་ཚོགས་ལ་སྤྲོ།
འབྱུང་བོའི་ལྡབ་ལྡིབ་ཀྱི་ལུང་བསྟན་ལའང་སྤྲོ།
༧
མུན་པའི་ལྗན་ལྗིན་ནང། འཁྲུལ་སྨན་ཐེངས་འགའ་ལ་བརྟེན་ཡང།
སྤུ་ཁ་ནག་པོ་འདིའི་ཚེ་སྲོག བུ་སྣོད་གཞན་ཞིག་གི་ནང་འདས་ལོག་འབྱུང་མི་སྲིད།
ས་སྲོད་ཀྱི་བོར་སྟོར་དེས་སྨུག་པས་བཙན་རྫོང་གཏོར།
རྣམ་ཤེས་མ་ཞུགས་པའི་ནགས་ཚལ། བེམ་པོའི་རྗེས་སུ་ཁྲིད།
རི་བོར་མུན་ནག་འཐིབ་རྗེས། གདུང་བ་སྐོར་ཞིག་འཁྱགས་རོམ་ལ་གྱུར།
རབ་རིབ་ནང་གི་ལུས་རྟེན། འཆི་བའི་གམ་ནས་འཁྱགས་གྲིར་ཐེབས།
༨
དཔེ་ཞིག་བཞག་སྟེ་བཤད་ན། རི་སྒང་འདིའི་རྩ་ཁམས་ཡོད་ཚད་ཀྱང།
ལྭའི་སྲུབས་ཀར་འཚངས་པའི་ཚེ་སྲོག་ཕྲ་མོ་དག་ལ་འདྲ།
༩
དུས་ཚོད་ཀྱི་བར་སྟོང། མུན་པའི་གཏིང་ལ་སྦས།
ཉི་མའི་མཁར་རྫོང། བྱེ་རྡུལ་གྱིས་གཅུད་དུས།
སྒོ་གཞན་ཞིག་ནས་བུད་དེ། ལག་ནང་གི་སྡིག་པའི་རྩིས་ཁྲ་བཤེར་ཞོར།
སྐད་ཆས་ཁེགས་པའི་གླིང་ཕྲན་ལ་བལྟས་ཏེ། བྲང་ལ་སེན་འབྲད་བགྱིས།
མིའི་སེམས་ཀྱི་སྡིག་ཉེས་ཙག་གིས་བཅུམ་ཚེ།
སྔར་ལྟར་རླུང་བུའི་རྒྱུ་ཕྱོགས་ལ་སྨོན་ལམ་འདེབས་སམ།
ང་རང་ས་རྒོད་དུ་གྱུར་བའི་ནགས་ཚལ་ལ་འཇིགས།
དྲན་པ་དང་གདུང་བ། སྐམ་ཐན་གྱིས་བཟུང་རྗེས།
མཚན་མོའི་འོད་ཟེར་ཤི་ནའང། བདེ་སྐྱིད་ཀྱི་གློ་གྲི་འདི་སེམས་མཛའ་བ་ལ་ཨང།
བརྩེ་དུང་གིས་མི་རྣམས་རྡོ་བར་བསྒྱུར།
ཁེར་རྐྱང། ཆུ་འགྲམ་ནས་བཞད་པའི་མེ་ཏོག་ཅིག་ཡིན་ན།
ཉེས་ལྟུང་རིགས་ཤིག་གིས། འུ་ཚོ་ས་མཐའ་ཞིག་གི་རི་སྒང་ནས་བཞད་མི་སྲིད་དོ། །
༡༠
ངག་ལ་ཚེར་མ་བཏབ། འཆི་བའི་སྒྱུ་མ"གླིང་བུར་དྲངས"
རྟ་ཕོའི་འཚེར་སྐད། ཕ་གིའི་གངས་རིའི་ཕྱོགས་ལ་འཐིབས།
རྩོམ་པ་པོའི་ངོ་སྤྲོད།

ཚང་མར་ཁ་གསལ་དགོས་པ་ཞིག་ལ། ངོ་སྤྲོད་འདིའི་ནང་དུ། དཀར་ཆག་གི་ཕྲེང་བ་ཅི་ཡང་བསྟར་མེད། དེ་བས། སེམས་མཛའ་བ་ཁྱེད་ཅག་གིས། ངོ་སྤྲོད་འདི་ཀློག་སྙིང་ཡང་མི་འདོད་ན་ཐང་། དགོངས་དག ངའི་དངོས་མིང་ལ་ལྷ་རྒྱལ་ཚེ་རིང་དུ་འབོད་ཀྱིན་ཡོད། ཕ་ཡུལ་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་བོང་སྟག་ཅེས་པའི་འབྲོག་སྡེ་ཞིག་ནས་ཡིན། འདས་པའི་ལོ་ངོ་བཞིའི་རིང་ལ། རང་ཉིད་ཀྱི་རྩོམ་དག་དུས་དེབ་འདྲ་མི་འདྲར་བཀོད་མྱོང་མོད། ངོ་སྤྲོད་འདི་འབྲི་དུས། ཏག་ཏག ང་ཟོག་མཐའ་ཞིག་ན་སྤྱང་མོའི་ལས་བླངས་ཡོད། རི་ཁའི་ཙག་རླུང་འདྲེས་མ་འདིས། ངའི་ཤ་གསེང་ནས། ཡང་ཡང་དཀྱུ་ལོག་བྱས་པས། དུས་དེབ་དག་གི་མིང་ཡང་ཡིད་ལ་འཁོར་གྱི་མི་འདུག དྲང་མོར་བཤད་ན། ང་རྩོམ་རིག་མཐུན་ཚོགས་དང་སྙན་ངག་གི་ཤོག་ཁ་དེ་འདྲའི་ནང་དུ་མི་ཐེ། ང་རང་ལ་གཞས་ལེན་ས་དང་། འབྲོང་རྒྱུད་སྤེལ་ས། རྟ་དཔྱད་གླིང་། གཏམ་དཔེ་སྦྱོང་ས་སོགས་ཀྱི་ནང་དུ་འདུ་མཁན་ཞིག་ཡིན། མདོར་ན། ངས་ང་རང་། སྙན་ངག་པ་ཞིག་ཡིན་འདོད་ཀྱིན་མེད་ནའང་། སྙན་ངག་པ་ཟེར་བའི་བདག་སྒྲ་སྙན་མོ་འདི། ཤེལ་ཕོར་ལ་ཆང་ཕོར་ཐོགས་པ་བཞིན། རང་ལ་ཐོགས་ན། སྐྱིད་པོ་དཔེ་མེད་ཅིག་རེད་བསམས་ཏེ་ཐོགས་སོང་བསམས་ཀྱིན་ཡོད། དོན་དངོས། ང་ཡང་ངའི་ཨ་ཕ་ནང་བཞིན་འབྲོག་པ་ཞིག་ཡིན། དེ་མིན། ངོ་སྤྲོད་ནང་ལ། ཁ་ཆེམས་འདྲ་ཞིག་དང་བསྔོ་ཡིག་འདྲ་ཞིག་འབྲི་རྒྱུ་ནི་མི་འདུག་གོ །
འབྲེལ་ཡོད་འོས་སྦྱོར།