ཁྲི་སྐལ་བཀྲའི་ལྷུག་རྩོམ།
རྩོམ་པ་པོ།:ཁྲི་སྐལ་བཀྲ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-02-01
ཀློག་གྲངས།:
ཞབས་རྡུལ་འཐོར་པའི་རེག་ཟིག
—སྟོང་སྐོར་ལུང་བར་འཕངས་པའི་དར་དཀར་ཡུག་ཅིག
ཁྲི་སྐལ་བཀྲ།
དེ་རིང་ཕ་ཡུལ་ཁྲི་ཀ་ནས་སྟོང་སྐོར་ལུང་བ་རུ་ལོ་ཉུལ་ཞིག་མཚམས་འཇོག་པར་འཆར་གཞི་ཙམ་བཟོས་ནས་རྒོད་རྩེ་རི་བོ་དང་སྒོ་མེ་ལ་བརྒྱུད་དེ་ལམ་དུ་ཆས་ཤིང་། རེ་ཞིག་འགོར་བ་ན་རི་བོ་ཉི་ཟླའི་ཉེ་སར་སླེབས་པས། དེ་ནི་ཟོར་དགུ་རི་བོ་དང་རི་དཀར་ལྡང་གཉིས་ཀྱི་བར་དུ་ཡོད་པའི་ཉག་ཆེན་ཞིག་ཡིན་པ་འཕྱུགས་མེད་པ་འདྲ། དེ་ལ་ཉི་ཟླ་ཉག་གའམ་རྡོ་ཉི་ཟླ་ཟེར་བའི་ངག་རྒྱུན་ཡང་མཚར་པོ་ཞིག་འདུག་མོད། འོན་ཀྱང་། སེམས་ཀྱི་འདུ་ལོང་རབ་ཏུ་རྒྱས་ནས་ལོ་རྒྱུས་སྟེང་དུ་ཁྲི་ལན་ལ་དམར(赤岭)ཞེས་འབོད་པ་རུ་རྒྱ་བོད་གཉིས་ཀྱིས་ས་མཚམས་བཅད་ཅིང་མི་རིགས་མཛའ་འབྲེལ་གྱི་རྡོ་རིང་བཙུགས་པར་བཤད། ཡང་ན་རྒྱ་བོད་གཉེན་གྱི་འབྲེལ་ལམ་ཡུན་རིང་དུ་བརྐྱངས་པའི་མཚོན་བྱེད་དུ་རི་བོ་ཉི་ཟླ་ཞེས་འབོད་ཀྱང་སྲིད། ད་དུང་རྒྱ་བོད་གཉིས་ཀྱི་མཛའ་བརྩེའི་འགྲོ་འོང་གི་རྨུ་ཐག་ལྟ་བུ་ནི་ཐང་བོད་གནའ་ལམ་ཞེས་གྲགས་པ་གང་སར་ཁྱབ་མྱོང་བའང་ཡིད་ལ་ཝ་ལེར་འཁོར་བྱུང་། ལར་རི་བོ་ཉི་ཟླ་ནི་ཐང་རྒྱལ་རབས་ཀྱི་དུས་འགོར་ཁྲི་གླིང(ཁྲི་ལན་ལ་དམར་དང་མིང་གཅིག)ཟེར་ཞིང་། རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་ཕེབས་པའི་ངལ་གསོའི་ལམ་ཐིག་ཅིག་དང་ཡང་ན་དེ་གར་གསེར་རྩི་དངུལ་རྩི་བྱུགས་པའི་ཉི་ཟླའི་རྡོ་ལེབ་ཅིག་གཡུགས་ས་རུ་བཤད་པར་ལབ་མྱོང་། རི་བོ་ཉི་ཟླ་ནི་མདོ་དབུས་མཐོ་སྒང་གི་ཤར་སྒོ་དང་། མདོ་དབུས་མཐོ་སྒང་དང་ས་སེར་མཐོ་སྒང་བར་གྱི་ས་ཆུ་རི་ཀླུང་གི་དབྱེ་མཚམས་ཀྱང་ཡིན་པར་བཤད་འདུག ཞིབ་ཏུ་ཡིག་ཚང་ལ་མཇལ་སྐབས། གནའ་དུས་ནས་བཟུང་སྟེ། མེས་རྒྱལ་ནང་ཁུལ་གྱི་ལྷོ་ནུབ་མཐའ་མཚམས་ཤར་བགྲོད་ཀྱི་འགྲིམ་འགྲུལ་ལྟེ་བ་ཡིན་ཞིང་བོད་རྒྱ་ཕན་ཚུན་གྱི་མཛའ་བརྩེའི་འགྲོ་འོང་དང་ཚོང་ལམ་གཙོ་བོ་ཡིན། ཧན་རྒྱལ་རབས་ཀྱི་དུས་སུ། རང་རྒྱལ་གྱི་དར་གོས་འགྲུལ་ལམ་གྱི་མལ་ཚིགས་ཆེན་པོ་ཞིག་ཡིན། ཐང་རྒྱལ་རབས་ཀྱི་སྐབས་སུ། ད་གཟོད་ཐང་བོད་གནའ་ལམ་ཞེས་བཞུད་ལམ་ཉག་གཅིག་ཏུ་གྱུར་པར་བཤད་ལ། དེ་ནི་རང་རྒྱལ་གྱི་གནའ་བོའི་ལོ་རྒྱུས་སྟེང་སྐད་གྲགས་ཤིན་ཏུ་ཆེ་བའི་འགྲིམ་འགྲུལ་ལམ་ཆེན་ཞིག་ཡིན་པ་དང་། རྒྱའི་ཀྲུང་ཡོན་ས་ཁུལ་ནས་མཚོ་སྔོན་དང་དབུས་གཙང་། ཐ་ན་ནེ་པ་ལ་སྟེ་བལ་བོ་དང་རྒྱ་གར་སོགས་རྒྱལ་ཁབ་ཏུ་བསྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཏུ་གླེང་བཞིན་མཆིས།

སྟོང་སྐོར་གནའ་མཁར་ལ་སླེབས་བྱུང་། རྒྱ་སྐད་ལྟར་ན་སྟོང་འཁོར(丹噶尔)འབོད་པའི་ས་མིང་འདི་ནི་མ་གཞི་ནས་བོད་སྐད་དུ་དུང་དཀར་ཟེར་བ་དེ་སོག་སྐད་དུ་སྒྲ་སྒྱུར་བྱས་པ་ཞིག་ཡིན་པར་བཞེད་ཅིང་། དོན་ལ་རྩོམ་གྲོགས་གླིང་ཚའི་སྙིང་རྒྱལ་ལགས་ནས་དེབ་ཐེར་རྒྱ་མཚོ་སོགས་སུ་མདོ་མཁར་ཞེས་བྱུང་བ་རྒྱ་འགྱུར་གྱིས丹噶尔ཞེས་བྲིས་པར་མཐོང་། སྟོང་སྐོར་རམ་སྟོང་འཁོར་ཞེས་པར་རྒྱའི་ཡིག་ཚང་ཁག་ཏུ东科尔དང栋阔尔ཞེས་བྱུང་བ་ལ། འདི་གཉིས་མིང་ཚིག་ཐ་དད་པ་ཡིན་པར་མཐོང་སྟེ་དཔྱད་དགོས་ཚུལ་བཤད་སོང་། དེ་ནི་རྨ་ཆུའི་བྱང་ངོགས་དང་ནུབ་མཚོ་མཐའ་ཁུལ། ཙོང་ཆུའི་ཆུ་འགོ་བཅས་སུ་གནས་ཡོད་པ་བདེན་དུ་ཆུག སོག་པོས་སྒྲ་སྒྱུར་བྱས་མིན་ཡང་བཤད་དཀའ་བས་ཡུལ་འདི་ཡང་ཆོས་ཕྱོགས་ནས་དགའ་ལྡན་ཕོ་བྲང་གི་སྐབས་སུ་བོད་སོག་གི་མཆོད་ཡོན་དང་བླ་སློབ་ཀྱི་འབྲེལ་བ་ཟབ་ཚུལ་ཞིག་ཡོད་པར་འདོད། ལུང་བ་དང་འགག་གི་ས་གཤིས་ལས་ལ་ལས་སྟོང་སྐོར་ལུང་བ་དང་ཡང་ལ་ལས་སྟོང་སྐོར་འགག་ཅེས་འབོད་པ་ཡིག་ངག་གཉིས་ཀར་གསལ། དེ་ནི་གནའ་མཁར་ཟི་ལིང་དང་བར་ཐག་ཧ་ཅང་ཉེ་ཞིང་། མིང་རྒྱལ་རབས་ཀྱི་སྐབས་སུ་བཙུགས་པ་དང་ད་བར་ལོ་དྲུག་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པར་བཤད། གནའ་མཁར་ནི་སྐད་གྲགས་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་སྟོང་འཁོར་རམ་སྟོང་སྐོར་ཞེས་པ་དེ་ཡིན་པ་དང་། ཕྱིས་སུ་དེ་ལ་ཟི་ལིང་སྟོང་འཁོར་དགོན་ཞེས་མིང་དུ་གྲགས་པ་བྱུང་།
ཡུལ་འདི་ཡང་གནའ་བོའི་ལྡོང་སྤྱང་གི་ཚོ་བ་ཁག་ཅིག་གི་ཕ་ས་དང་འཚོ་གནས་སུ་གྱུར་མྱོང་། རྒྱའི་ཧན་ནུབ་མའི་དུས་ནས་བཟུང་དེ་གར་རིམ་བཞིན་ཚོང་ལས་དང་དམག་དོན། ཆོས་ལུགས། དམངས་སྲོལ་སོགས་སྣ་མང་རིག་གནས་མཉམ་འདྲེས་ཀྱི་གྲོང་རྡལ་གལ་ཆེན་ཞིག་ཏུ་གྱུར་ནས་དབུས་མཇལ་རྒྱུ་ལམ་དང་། ཇ་རྟའི་ཁྲོམ་ཆེན། པེ་ཅིང་ཆུང་ངུ་བཅས་ཀྱི་མཚན་སྙན་ཐོབ་ཡོད་པར་བཤད། གང་ལྟར། བོད་ཆེན་པོའི་སའི་ཆ་བར་ཁམས་སྟོང་འཁོར་དུ་སྐུ་འཁྲུངས་ཤིང་། གནས་འདི་རུ་དགེ་ལུགས་པའི་གྲུབ་མཐའ་སྲོག་ཤིང་དུ་བཟུང་བའི་རྒྱལ་བ་དགེ་འདུན་རྒྱ་མཚོ་དང་དགུང་མཉམ་ཡིན་པའི་སྟོང་སྐོར་ཟླ་བ་རྒྱལ་མཚན་ཞེས་ཕྱིས་སུ་དགོན་མིང་དང་སྐུ་ཕྲེང་རིམ་བྱོན་གྱི་མིང་ལའང་སྟོང་འཁོར་དུ་ཐོགས་པ་བྱུང་ལ། ཡང་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སོག་པོ་ཨན་ཐལ་རྒྱལ་པོས་མདོ་སྨད་དུ་གདན་དྲངས་ཏེ་མཆོད་ཡོན་གྱི་འབྲེལ་བ་བྱུང་ཞིང་། རྒྱལ་དབང་མཆོག་ནས་ཁོང་གི་སྐུ་ཚབ་ཏུ་སྟོང་འཁོར་བ་ཡོན་ཏན་རྒྱ་མཚོ་སོག་ཡུལ་དུ་མངགས་པ་ནས་རི་བོ་དགེ་ལུགས་པའི་གྲུབ་མཐའ་སོག་པོའི་ཡུལ་དུ་དར་འགོ་ཚུགས་པར་གསུངས། དེ་ནས་རིམ་བཞིན་དུ་སྟོང་སྐོར་མདོ་རྒྱུད་རྒྱ་མཚོ་དང་སྟོང་སྐོར་བསོད་ནམས་རྒྱ་མཚོ་ཞེས་ཡུལ་མདོ་སྨད་དུ་སྙན་པའི་གྲགས་པ་བྱུང་བའི་སྐྱེས་ཆེན་དམ་པ་རེ་བྱུང་མྱོང་།

རེད་དེ། སྔོན་ཆད་བོན་བྱ་ཚང་དུ་གྲགས་པ་དོན་ལ་གནས་ཤིང་བོན་གྱི་གྲུབ་མཐའ་ཁྱབ་ཆེར་དར་བས། བར་སྐབས་སུ་ཡུལ་འདི་རུ་བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འོས་པ་དང་ཆོས་ལུགས་གཅིག་ལ་བྱེད་ལུགས་གཉིས་མི་འོས་པའི་དཔེ་ལྟར་དུ་བོད་མི་ཚོ་གྲུབ་མཐའི་འགལ་འདུའི་བར་ནས་ཕུང་བ་བཤད་ཅི་དགོས། རྨ་ཆེན་གངས་ལ་ཐུག་པའི་བར་གྱི་མདོ་སྨད་ཀྱི་བོན་མཐའ་དག་བན་དེར་བསྒྱུར་པ་སོགས་བྱུང་བས་ཡིན་སྙམ། དེ་ལ་སྟོང་སྐོར་སྐུ་ཕྲེང་དང་པོ་ཟླ་བ་རྒྱལ་མཚན་གྱིས་སྔོན་བོན་པོའི་དགོན་གནས་བོན་ཁང་སྒང་བ་ཞེས་པའི་ས་ཆ་བསླངས་ཏེ་སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་བཏབ་པར་གྲགས། ཕྱིས་སུ་དགེ་ལུགས་པའི་དགོན་སྡེའི་ཁོངས་སུ་གྱུར་པ་ནས་ཟི་ལིང་སྟོང་སྐོར་ཐུབ་བསྟན་བཤད་སྒྲུབ་གླིང་ཞེས་མིང་དུ་གྲགས་པ་བྱུང་བས། མན་ཆིན་རྒྱལ་རབས་སྐབས་སུ་སྟོང་སྐོར་ཞབས་དྲུང་གི་སྤྲུལ་སྐུ་ཧོ་ཤོག་ཐུ་མཆོག་ནི་ཆིན་གོང་མའི་དབུ་བླར་གྱུར་ནས་པེ་ཅིང་དུ་རྒྱུན་བཞུགས་མཛད་པའི་ལོ་རྒྱུས་སྣང་། ལྷག་པར་དུ་དུས་རབས་བཅུ་དྲུག་པ་ནི་བོད་སོག་མི་རིགས་བར་གྱི་འབྲེལ་བ་ཤིན་ཏུ་ཟབ་པའི་དུས་སྐབས་གལ་ཆེན་ཞིག་ཏུ་གླེང་། ད་ལྟའི་བར་དུ་སྟོང་སྐོར་སྐུ་ཕྲེང་བཅུ་བཞི་ལྷག་བྱུང་བས་མདོ་སྨད་ཡུལ་དུ་བསྟན་པ་དང་འགྲོ་བའི་དོན་མཛད་པར་བཀའ་དྲིན་བླ་ན་མ་མཆིས་པ་འདུག

ཡིན་ན་ཡང་། སྟོང་སྐོར་ལུང་བའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་རྐྱེན་གྱིས་རིམ་བཞིན་དུ་རྒྱ་བོད་ཧོར་སོག་གི་ཚོང་ཁྲོམ་རྒྱ་ཆེར་དར་བར་མ་ཟད། གནས་འདི་ནི་དེ་དག་གི་འདུ་འཛི་རབ་ཏུ་རྒོད་པའི་མལ་ཚིགས་དང་གནས་མཇལ་དུ་གྱུར་པ་ནས་ཕ་འདང་མ་འདང་ཆེ་བའི་བསྟི་གནས་སུ་ཆགས། དུས་དེ་ནས་བཟུང་སྟེ་དེ་དག་གི་ཆོས་ལུགས་དད་མོས་མི་འདྲ་བ་དང་ཡུལ་སྲོལ་མི་འདྲ་རུང་ཕན་ཚུན་བར་ལ་མེ་ཏོག་ཆུ་ཡིས་གསོས་པ་ལྟར་མཛའ་བརྩེ་སེམས་ཀྱིས་བསྐྱངས་པའི་སྟབས་ཀྱིས་སྟོང་སྐོར་ལུང་བའི་བོད་པ་ཚོའི་སྐད་རིགས་དང་ཆ་ལུགས་ལ་འགྱུར་ལྡོག་ཆེན་པོ་བྱུང་། དེ་ལ་རྨ་ཙོང་ཆུ་བོའི་བྱང་རྒྱུད་དུ་ཞིང་ལས་གཉེར་བའི་རྒྱ་ལ་འདྲེས་པའི་བོད་པ་དང་གཅིག་མཚུངས་སུ་གྱུར་པའི་རྒྱ་མ་བོད་དུ་ཐོགས་པར་གྱུར། ཉེ་བའི་ལོ་རབས་ནང་དུ་ལུང་བ་འདི་ལ་ཁ་དཔེ་ཞིག་ཀུན་ལ་དར་བ་ནི་ང་བོད་མིན་ན་དཀོན་མཆོག་གསུམ། ངས་བོད་སྐད་ཤེས་ན་དཀོན་མཆོག་གསུམ་ཞེས་གྲགས་པ་བྱུང་བས། ད་ལྟ་གཞི་ནས་བོད་ཡིན་རུང་བོད་སྐད་བཤད་མཁན་དང་བོད་ལྭ་གྱོན་མཁན་མཐོང་དཀོན་ཞིང་། ངོ་མཚར་བ་ཞིག་ལ་ཁོང་ཚོའི་ཁྱིམ་ན་བོད་བརྒྱུད་ནང་བསྟན་གྱི་ལྷ་སྐུ་གང་མང་བཞུགས་ཤིང་། ནང་བའི་སྐུ་གསུང་ཐུགས་གསུམ་ལ་མཆོད་སྲོལ་དང་དར་ལྕོག་འཛུགས་སྲོལ་སོགས་མ་ཉམས་པར་འདུག ང་ཚོའི་མཐའ་འཁོར་གྱི་བོད་པ་ཚོས་རྒྱ་མ་བོད་དུ་འབོད་ཀྱང་ཁོང་ཚོའི་ནང་སེམས་ཀྱི་ཟབ་སར་སྐུང་བའི་དད་མོས་ལ་འགྱུར་ལྡོག་རྩ་བ་ན་མ་བྱུང་བ་ནི་ངོ་མ་བཤད་མི་ཤེས་པའི་སྐད་ཆ་ཞིག་ཏུ་འདོད་པ་དེའོ། །
འབྲེལ་ཡོད་འོས་སྦྱོར།