logo

༄༅། །དམག་འཁྲུག་ཁྲོད་ཀྱི་བརྩེ་དུང་།

རྩོམ་པ་པོ།:སྒྱུར་པ་པོ། སྨིན་དྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-02-09 ཀློག་གྲངས།:
       ཨུ་རུ་སུའི་གཞོན་ནུ་ཕོ་མོ་ཆ་གཅིག་དགའ་རོགས་བསྒྲིགས་ཏེ་བརྩེ་དུང་གི་མེ་ལྕེ་མཆེད་སྒང་ལ། རྒྱལ་ཁབ་གང་དེར་འཐབ་འཁྲུག་བྱུང་ནས་དམག་བསྡུ་བརྒྱབ། བུ་མོ་གང་དེའི་ཟླ་བོར་ཡང་དམག་སྐུལ་གྱི་བརྡ་ཐོ་འབྱོར། ཉིན་དེར། མཛའ་བོའི་གདོང་མདོག་རྦད་དེ་སྐྱ་བོར་འགྱུར་བཞིན་རང་ཉིད་དམག་ལ་ཞུགས་ཚར་ཞིང་། ཉིན་གསུམ་གྱི་རྗེས་སུ་གཡུལ་སར་འགྲོ་མཁན་ཡིན་ཞེས་བཤད། གློ་བུར་བའི་གཏམ་དེ་འདྲ་གོ་ཡང་མོས་རང་གི་སེམས་སྣང་བཙན་གྱིས་མནན་ཅིང་ཟླ་བོར་གཡུལ་སར་དགྲ་བོ་བསད་དེ་རྒྱལ་ཁབ་སྲུང་སྐྱོབ་བྱེད་པར་སྐུལ་ཞིང་དཔའ་ངར་བསྐྱེད།
       མཛའ་བོའི་གདོང་མདོག་སྔར་ལས་ཇེ་ངན་དུ་སོང་། ཁོས། ང་རང་གཡུལ་སར་འགྲོ་བར་སྐྲག་སྣང་འདུག གལ་སྲིད་ང་འཐབ་འཁྲུག་ཏུ་བསད་པ་ཡིན་ན་ཅི་བྱ་ཞེས་བཤད། གནད་འགག་གི་ལྷུ་ཚིགས་དེར་མི་གཤིས་ཀྱི་ཞན་ཆ་མང་པོ་ཞིག་རྗེན་པར་མངོན་ཡོང་། མོས་རང་ཉིད་ད་བར་དུ་ཆེས་དགའ་སའི་སྐྱེས་པ་ནི་དེ་འདྲའི་འཆི་རྒྱུར་སྐྲག་པ་ཞིག་ཡིན་པ་ཡིད་ལ་མ་ཤོང་། དེ་བས། གལ་ཏེ་ཁྱོད་རང་ཤི་བ་ཡིན་ན། ངས་ནམ་ཡང་ཁྱོད་རང་བརྗེད་མི་སྲིད་ཅེས་སེམས་གསོ་མི་བྱེད་ཀ་མེད་བྱུང་། ཡང་མཛའ་བོས། ང་མ་བསད་རུང་རྐང་ཆག་ལག་རྡུམ་དུ་བཏང་ན་ཅི་བྱ་ཞེས་དྲིས་པར། ཁོ་མོས་ང་ནམ་ཡང་ཁྱོད་ལ་དགའ་ཞིང་། དུས་གཏན་དུ་ཁྱོད་རང་སྙོར་སྐྱོང་བྱ་ངེས་ཡིན་ཞེས་ལན་བཏབ། ཁོ་པས་མགོ་བོ་འཕྲེད་དུ་གཡུག་ཞོར་དེ་འདྲ་དཔེ་སྲིད་ཀྱི་མ་རེད། དེ་དུས་ཁྱོད་ཀྱིས་ང་གཡུག་ངེས་རེད་ཅེས་ལབ། ཟླ་བོའི་སེམས་ཀྱི་དོགས་སྣང་སེལ་ཞིང་བློ་བདེ་སེམས་སྐྱིད་ངང་གཡུལ་སར་ཞུགས་ཆེད། དམག་འཁྲུག་ཏུ་མ་ཕྱིན་སྔོན་ཏག་ཏག་ལ་ཁོ་མོ་རང་གི་དགའ་བོ་དང་གཉེན་སྒྲིག་རྒྱུའི་སེམས་ཐག་བཅད་པར་མ་ཟད། ང་ད་ལྟ་ཉིད་དུ་ཁྱོད་དང་གཉེན་སྒྲིག་བྱེད་གི་ཡིན། ད་ཁྱོད་ཀྱི་སེམས་པ་བདེ་ན་འགྲིག་ག གཡུལ་ས་ནས་ཕྱིར་ལོག་རྗེས་ཁྱོད་རང་ཅི་འདྲ་ཆགས་ཀྱང་ང་སྔར་བཞིན་ཁྱོད་ཀྱི་བཟའ་ཟླ་ཡིན་ཞེས་བཤད། གཉེན་བསྒྲིགས་རྗེས་ཀྱི་ཉིན་གསུམ་པར་ཁྱོ་བོ་དཔའ་ཞུམ་སྙིང་འདར་བཞིན་ཁྱིམ་མི་དང་བྲལ་ཏེ་གཡུལ་སར་ཆས།
       དམག་ལ་ཞུགས་རྗེས། མོ་རང་ཁྱོ་གའི་མདུན་ལམ་དང་མིག་སྔའི་བཟོ་ལྟ་དེ་ལ་སེམས་འཚབ་ལངས། རྒྱུ་མཚན། མོས་རང་གི་ཁྱོ་བོའི་སྐྱ་ཐག་ཆོད་པའི་ཞལ་རས་ལས་འཆི་བའི་འཇིགས་སྣང་གི་བཟོ་མཐོང་བས་རེད། ཁྱོ་བོའི་སེམས་ནང་གི་འཇིགས་སྐྲག་དང་མདུད་པ་དེ་དགྲོལ་ཆེད་ཁོ་མོས་ཉི་མ་རེ་ལ་འཕྲིན་ཡིག་རེ་བྲིས་ཏེ་སེམས་གསོ་དང་སྙིང་ཕུབ་བཏབ།
       ལོ་ཕྱེད་ཙམ་སོང་རྗེས་ཀྱི་ཉིན་མོ་ཞིག་ལ། མོ་ལ་ཁྱོ་བོ་སྡོད་སའི་དམག་དཔུང་ནས་བསྐུར་པའི་འཕྲིན་ཡིག་ཅིག་འབྱོར། དེ་ནི་རང་གི་ཁྱོ་བོ་གཡུལ་སར་གྲོངས་པའི་བརྡ་ཐོ་རེད། ཉིན་གསུམ་གྱི་རྗེས་སུ་ཡང་བསྐྱར་དམག་དཔུང་དེ་ནས་བསྐུར་བའི་གཟི་བརྗིད་དཔང་ཡིག་ཅིག་འབྱོར། དེ་ནི་འཐབ་མོ་པའི་དཔའ་བོའི་གཟི་བརྗིད་དཔང་ཡིག་ཅིག་ཡིན་འདུག མོ་རང་སེམས་པ་ཧ་ཅང་སྐྱོ་ནའང་མིག་ཆུ་མ་བཏོན། མོའི་སེམས་ཁོང་དུ་དོན་དེ་གཟི་བརྗིད་ཅིག་ཏུ་བརྩིས་ཤིང་། དཔང་ཡིག་དེ་མི་སུ་གང་རུང་གིས་འདོད་འདོད་དུ་ལེན་ཐུབ་པ་ཞིག་མིན་པར་འཐབ་འཛིང་ཁྲོད་ཀྱི་དཔའ་བོའི་བྱས་རྗེས་ཀྱི་མཚོན་རྟགས་ཤིག་ཡིན་པ་གསལ་ལེར་ཤེས། རང་གི་ཁྱོ་ག་འཇིགས་སྐྲག་ལས་རྣམ་པར་གྲོལ་ཏེ་རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་འཇོག་མཁན་གྱི་དཔའ་རྟུལ་ཞིག་ཏུ་གྱུར་པར་མོ་རང་ང་རྒྱལ་གྱིས་བརྟས། དེར་བརྟེན། ཁྱོ་ག་འདས་རྗེས་སུ་ཡང་ཁྱིམ་ཚང་དེ་ནས་ཁ་མ་བྲལ་བར་ཁོ་པའི་ཡབ་ཡུམ་གཉིས་ལ་རྒན་གཡོག་གིས་འདས་པོའི་རྣམ་ཤེས་ལ་སེམས་གསོ་བྱེད་བཞིན་བསྡད།
       རྒྱལ་སྲུང་དམག་འཁྲུག་མཇུག་རྫོགས་རྗེས། གཏན་ཁེལ་ལྟར་ན། སྲིད་གཞུང་གིས་དཔའ་བོ་གཟི་བརྗིད་ཅན་གྱི་ཁྱིམ་མི་ལ་གུན་གསབ་དངུལ་ཞིག་སྟེར་སྲོལ་ཡོད་རེད་དེ། མོ་རང་དངུལ་དེ་ལེན་དུ་མ་སོང་། ག་རེ་ཞེ་ན། ཁྱོ་གས་ཚེ་སྲོག་ལ་བརྗེས་པའི་དཔང་ཡིག་དེ་དངུལ་རྡོག་འགའ་ཡིས་ཚབ་བྱེད་ག་ལ་ཐུབ་སྙམ་པས་རེད།
       འཐབ་འཁྲུག་གི་རྗེས་སུ་ཨུ་རུ་སུ་དབུལ་པོ་དབུལ་ནག་ཏུ་གྱུར། དེ་དང་བསྟུན་ནས་ཁོ་མོའི་འཚོ་བའི་ཁ་སྟབས་ཀྱང་ཇེ་ཞན་ཇེ་ལོད་དུ་སོང་། ཉིན་ཞིག་ཁྱོ་གའི་ཕ་རྒན་ལ་ནད་ཕོག་སྟེ་སྨན་ཁང་དུ་སྡོད་སྐབས་དངུལ་ལ་ལག་ཐོགས་བྱུང་། སྐབས་དེར་ཐབས་ཟད་འུ་ཐུག་ནས་གུན་གསབ་དངུལ་དེ་ཡིད་ལ་དྲན། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར། མོས་རང་གི་ཁྱོ་གའི་གཟི་བརྗིད་དཔང་ཡིག་དེ་ཁྱེར་ནས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་གང་དེར་སོང་།
       འོན་ཀྱང་ལས་ཀྱི་སྣེ་མོ་པ་དེས། སྲིད་གཞུང་གི་བྱ་དགའ་དང་གུན་གསབ་སྤྲོད་སའི་མིང་ཁོངས་སུ་ཁོ་པའི་རུས་མིང་མི་འདུག་ཅེས་ཁ་ཚོན་བཅད་དེ་བཤད། མོ་རང་ཧ་ལས་ཧོན་འཐོར་བཞིན། དེ་འདྲ་ག་བ་དཔེ་སྲིད་ཀྱི་མ་རེད། ངའི་བཟའ་ཟླ་གཡུལ་སར་འདས་གྲོངས་བྱུང་བའི་འཐབ་མོ་པ་དང་འཐབ་འཛིང་དཔའ་བོ་རེད་ཅེས་བཤད། ག་བ་ག་བ། ཁོ་འཐབ་འཛིང་དཔའ་བོ་མ་རེད་བྲོས་དམག་རེད། གཞུང་ཞབས་དེས་ཡིག་ཁུག་སློག་སློག་བྱས་རྗེས། ཁྱེད་ཀྱི་སྐུ་ཟླ་འཐབ་འཁྲུག་བྱེད་པར་སྐྲག་སྟེ་གཡུལ་ས་ནས་བྲོས་འབྲོ་སྐབས་རང་གི་དམག་དཔོན་གྱིས་བསད་པ་རེད། ཁྱོད་ཚོར་འབྱོར་བ་ངོ་མ་ཁོ་དམག་སར་གྲོངས་པའི་བརྡ་ཐོ་ཡིན་པ་བདེན་ནའང་། གྲོངས་ཚུལ་དེ་ནི་ཧ་ཅང་ངོ་ཚ་བ་ཞིག་ཡིན་འདུག དོན་དག་ཚང་མ་ཡིག་ཚགས་སུ་གསལ་པོར་བྲིས་འདུག་ཅེས་གསལ་བཤད་བྱས། ཨེན་ཙམ་གྱིས་ཁོ་མོའི་དྲན་པ་ཡང་ཐོར། རང་གིས་ད་བར་དུ་ངོ་སོ་རུ་བརྩིས་པའི་ཁྱོ་བོ་མ་གཞིར་བྲོས་དམག་ཅིག་ཡིན་ནམ། མོ་རང་ཧད་ནས་ཡུན་རིང་འགོར་རྗེས་གཞི་ནས་རིག་པ་ཕྱིར་བསྡུས། གཟི་བརྗིད་དཔང་ཡིག་དེ་བཏོན་ཡོང་སྟེ། ཁྱོད་ཚོ་ནོར་སོང་བ་ཁོ་ཐག་རེད། འདི་ནི་དམག་དཔུང་ནས་བསྐུར་ཡོང་བའི་གཟི་བརྗིད་དཔང་ཡིག་ཅིག་རེད། གལ་ཏེ་ངའི་ཁྱོ་ག་བྲོས་དམག་ངོ་མ་ཞིག་ཡིན་ཚེ། གཟི་བརྗིད་དཔང་ཡིག་འདི་ཇི་ལྟར་ཐོབ་སྲིད་ཅེས་དྲིས། གཞུང་ཞབས་དེས་མོའི་ལག་གི་དཔང་ཡིག་དེར་མིག་གིས་ཤིག་བལྟས་རྗེས། དཔང་ཡིག་དེའི་རིགས་ནི་བྱས་པ་བླ་ན་མེད་པ་འཇོག་མཁན་གྱི་དཔའ་བོར་ད་གཟོད་ཐོབ་པའི་གཟིགས་བཟོས་ཤིག་རེད། ཁྱོད་ཀྱི་ཁྱོ་ག་ཕར་ཞོག ཁོ་རང་སྡོད་སའི་དམག་སྒར་ཧྲིལ་བོའི་ནང་དུ་དམག་མི་ཆེ་གེ་མོ་གཅིག་པུར་མ་གཏོགས་ཐོབ་མྱོང་མེད་པ་ཞིག་ཡིན། དམག་དཔུང་ནས་གཟི་བརྗིད་དཔང་ཡིག་བསྐུར་དུས་ས་གནས་བྲིས་པ་ནོར་སོང་བ་ཨེ་ཡིན་ནམ་ཞེས་དོགས་འདྲི་གནང་།
       དོན་དག་དེ་གཏིང་གསལ་མཐིལ་རྟོགས་ཡོང་ཆེད་དུ། མོས་དཔའ་བོ་གང་དེ་བཙལ་རྒྱུའི་སེམས་ཐག་བཅད། དེ་ནི་གུན་གསབ་དངུལ་ཙམ་གྱི་དོན་དག་ཅིག་གཞར་ཡང་མ་ཡིན་པར་རང་གི་ཁྱོ་བོའི་མཚན་མཐོང་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་པའི་ཕྱིར་རོ། །
       མཁར་འདབས་ཀྱི་ཁང་པ་ཐབས་ཆག་ཅིག་གི་འགྲམ་དུ་ཁོ་མོས་གཞི་ནས་དཔའ་བོ་དེ་རྙེད་སོང་། ཁོས་སྒོ་རའི་ནང་རྩྭ་འབྲེག་གི་འདུག ཁོ་པར་ལག་པ་ཡ་གཅིག་ལས་མེད་པས་ལག་གཡས་པའི་ཕུ་ཐུང་རླུང་གིས་ལྷབ་ལྷུབ་ཏུ་སྐྱོད་ཀྱི་འདུག མོས་རང་ཉིད་ཡོང་དོན་གསལ་བོར་ཞུ། མི་དེས་ཡུན་རིང་ལ་སོམ་ཉི་བྱས་མཐར། ཁོ་མོར་གནས་ཚུལ་དངོས་བཤད། ཁྱོད་ཀྱི་ཁྱོ་བོ་གསོན་སྐབས་དངོས་གནས་སྙིང་ཆུང་སྡར་མའི་བྲོས་དམག་ཅིག་རེད། དམག་ལ་ཞུགས་པའི་ལོ་ཕྱེད་ཀྱི་རིང་ལ། ཁོས་དགྲ་བོ་རྐང་གཅིག་གསོད་མ་ཐུབ་པའི་ཁར་ཐེངས་ཁ་ཤས་ལ་བྲོས། ཐེངས་གསུམ་པར་འབྲོ་སྐབས། གཡུལ་སར་རང་གི་དམག་དཔོན་གྱིས་མེ་མདས་བརྒྱབ་སྟེ་ས་དེ་ག་རང་དུ་བསད་ཅེས་བཤད། མོས། འོ་ན། གཟི་བརྗིད་དཔང་ཡིག་འདི་ཅི་རེད་ཅེས་དོགས་འདྲི་བྱས། ཁོས། དེ་གོང་རིམ་གྱིས་ང་ལ་གནང་ཞིང་། ངས་ཁྱོད་ལ་བསྐུར་པ་ཡིན་ཞེས་དྲང་མོར་ལབ།
       མོ་རང་ཧ་ལས་མདོག་གིས་མིག་ཟུང་ཅེར་བཞིན་ཅིའི་ཕྱིར་ཞེས་དྲིས། ཁོ་འཚེར་སྣང་ཁྲོད་ཡུད་ཙམ་ལུས་རྗེས། ང་ནི་ཁྱོད་ཀྱི་ཁྱོ་གའི་འཐབ་གྲོགས་ཤིག་ཡིན་པར་མ་ཟད། ཁྱོད་ཀྱིས་ཁོ་ལ་བསྐུར་པའི་འཕྲིན་ཡིག་མ་ལུས་ཁ་ཚང་ལྐོག་ལྟ་བྱེད་མཁན་ཡང་ཡིན། འཕྲིན་ཡིག་འབྲི་མཁན་གྱི་ཤེས་བྱ་ཡོན་ཏན་གྱིས་ངའི་ཡིད་སེམས་ཅིག་ཅར་དུ་འཕྲོགས་ཤིང་། འཕྲིན་ཡིག་འབྲི་མཁན་གྱི་མི་རིགས་ལ་བཅངས་པའི་ལ་རྒྱ་ཡིས་ངའི་སེམས་པ་གཡོ་འགུལ་ཐེབས་སུ་བཅུག ཡིན་ནའང་ཁྱོད་ཀྱི་འཕྲིན་ཡིག་དེ་དག་གིས་རང་གི་ཁྱོ་བོར་འགྱུར་བ་ཕྲ་མོ་ཙམ་ཡང་གཏོང་མ་ཐུབ། ཁོ་ཡང་དང་བསྐྱར་དུ་བྲོས་མཐར་མེ་མདས་བརྒྱབ་སྟེ་བསད་པ་རེད་ཅེས་བཤད།
       མོའི་ཁྱོ་ག་འདས་རྗེས། ཁོ་རང་ཡིད་ཤིན་ཏུ་མ་བདེ། རྒྱུ་མཚན་འཕྲིན་ཡིག་ལས་མོ་རང་ནི་སྤོབས་པ་ཅན་ཞིག་ཏུ་མཐོང་ཁར། མི་སྙིང་རུས་ཅན་ལ་དགའ་ཞིང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཆོད་སེམས་ཅན་ཞིག་ཡིན་པ་ཤེས། གལ་ཏེ་མོས་རང་གི་ཁྱོ་ག་དམག་སྒར་ནས་འབྲོ་སྐབས་བསད་པ་ཤེས་ན། སྡུག་ཆེན་པོ་དེ་འདྲ་ཐེག་དཀའ་བར་འདོད་ཅིང་རླབས་ཆེན་གྱི་སྐྱེས་མ་དེར་སེམས་གསོ་བའི་ཆེད་དུ་རང་གི་གཟི་བརྗིད་དཔང་ཡིག་དེ་མོ་ལ་བསྐུར་པ་རེད།
       ཁོ་མོ་ཡིད་ཐང་ཆད་བཞིན་གཟི་བརྗིད་དཔང་ཡིག་དེ་ཁོ་ལ་སྤྲད། ཁོས་དེ་དང་ལེན་བྱས་མ་སོང་། ཁོ་པས། གཟི་བརྗིད་དཔང་ཡིག་འདི་ནི་དཔའ་ངར་ཅན་གྱི་དཔང་ཡིག་ཅིག་ཡིན་པས་འདི་ཁྱོད་ལ་དབང་། དྲང་མོར་བཤད་ན། དགྲ་བོའི་མེ་མདར་གདོང་གཏོད་སྐབས། མི་སུ་ཡིན་རུང་སྐྲག་སྣང་དང་འཇིགས་པ་སྐྱེ་ངེས་ཤིང་ང་ཡང་དེ་ལས་མ་འདས། དེ་ལྟར་ཡང་ངས་ཁྱོད་ཀྱིས་རང་གི་ཁྱོ་བོར་བསྐུར་པའི་འཕྲིན་ཡིག་དེ་དག་ལ་ལྐོག་ལྟ་བྱས་པར་དེས་ང་ལ་དཔའ་ངར་བསྐྱེད་སོང་། ཁྱོད་ཀྱིས་སོ་སོའི་ཁྱོ་ག་ལ་དཔའ་ངར་བསྐྱེད་མ་ཐུབ་ནའང་། ང་ལ་སྐུལ་ལྕག་ཆེན་པོ་ཐེབས་ནས་ད་གཟོད་གཟི་བརྗིད་དཔང་ཡིག་འདི་བྱུང་བ་རེད་ཅེས་བཤད།
       མཐའ་མར། ཁོ་མོས་གཟི་བརྗིད་དཔང་ཡིག་དེ་བཞག་ནས་ཕྱིར་ཁྱིམ་དུ་ལོག ཁོ་མོ་རེ་ཐག་ཆད་པའི་ཁྲོད་དུ་ཡུན་རིང་ལུས་རྗེས་ཁད་ཀྱིས་སྐྱོ་བ་སངས། རྒྱུ་མཚན་དཔའ་བོ་དེ་རྒྱུན་དུ་ཁོ་མོར་ལྟ་རུ་ཡོང་ཞིང་མོ་ལ་འཕྲིན་ཡིག་ཀྱང་འབྲི་གི་ཡོད། རིམ་བཞིན་ཁོ་གཉིས་ཕན་ཚུན་བར་དུ་བརྩེ་དུང་ཆགས་ནས་ལོ་གཅིག་གི་རྗེས་སུ་གཉེན་བསྒྲིགས།
2021/10/06ཉིན་རྩོམ་ལྡོམ་འདི་ཕྱིར་ལ་རྙེད།

གསལ་བཤད།
       གོང་གི་འགྱུར་རྩོམ་འདི་བོད་ཀྱི་རྩོམ་རིག་དྲ་བ་ཞེས་པར་བཀོད་པ་འཕྲིན་གྲོགས་ཤིག་གིས་ང་ལ་བཏང་སོང་། འགྱུར་རྩོམ་གྱི་ཁ་བྱང་འོག་ཏུ་ར་རྫ་ཞེས་པའི་ཡིག་འབྲུ་གཉིས་མི་འདུག་ཀྱང་ངའི་མིང་བཀོད་འདུག དུས་ཡུན་རིང་ཙམ་ཕྱིན་པའི་རྐྱེན་གྱིས་འཁྱུག་ཙམ་བལྟས་པ་མིན་ན་རང་གིས་སྒྱུར་ཁུལ་བྱས་པའི་རྩོམ་ཐུན་དེ་ཡང་ངོས་མི་ཟིན་ལ་བྱས། འདང་ཞིག་རྒྱག་དུས་འགྱུར་རྩོམ་འདིའི་མ་ཕྱི་ཤོག་ཐོག་དང་གློག་ཀླད་གང་དུ་ཡོད་པ་དྲན་མ་སོས། ཧ་ལམ་ཡོད་ཀྱི་མ་རེད། རྩོམ་འདི་ཕྱིར་རྙེད་པར་དགའ་བོ་བྱེད་པ་ནི་སྒྱུར་རྩལ་སྲལ་བའི་ག་ལ་ཡིན་ཏེ། ནང་དོན་ཡག་པས་ལོས་ཡིན། འཕྲིན་སྟེགས་གང་དེར་འགོད་དུས་རྩོམ་པ་པོའི་མཚན་དང་ནམ་བསྒྱུར་གྱི་ཚེས་གྲངས་གང་ཡང་བྲིས་མི་འདུག ངས་ཀྱང་ཡིག་ནོར་འགའ་དང་ཚིག་རྐང་མི་བདེ་བ་རེ་གཉིས་བཅས་རྗེས་སུ་དེ་མུར་རང་གི་འཕྲིན་སྟེགས་སུ་བཀོད་པ་ཡིན། སྤྱིར་བཏང་ང་ཚོར་ལོ་ཚེས་འབྲི་བར་གོམས་བྱང་དེ་འདྲ་མེད་པ་འདྲ་ཡང་། ང་ནི་རྩོམ་ཐུན་རེ་ལ་ཡང་ཚེས་ཆ་འབྲི་བའི་དགོས་པ་ཆེ་བར་མཐོང་མཁན་ཞིག་ཡིན་མོད། བལྟས་ཡོང་ན་གང་གིས་གང་དུ་འགོད་དུས་མ་རྩོམ་གྱི་བདག་པོའི་མིང་དང་ངས་བསྒྱུར་བའི་ཚེས་གྲངས་ཁ་ཚང་དོར་བ་ཡིན་ས་རེད།
ཡོང་ཁུངས། 诉说女性疾苦
འབྲེལ་ཡོད་འོས་སྦྱོར།