མགོ་ལོག་པ་གངས་ཚ་འཇོམས་ཀྱི་སྙན་ངག
རྩོམ་པ་པོ།:གངས་ཚ་འཇོམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-02-16
ཀློག་གྲངས།:
སྙིང་རྗེ་བའི་སྲས་མོ་ཨེ་མི་ལི།(ཞར་བཀོད་གཅིག)
གངས་ཚ་འཇོམས།
ངས་ཁྱེད་རང་མཐོང་བའི་མོད།
ནང་སེམས་སྐྱོ་གདུང་གིས་ཁེངས།
ཉེ་འཁོར་གྱི་མི་དག
ཁྱོད་དང་ཧ་ཅང་ཐག་རིང་ཞིག
གཟའ་ཉི་མའི་ཕྱི་དྲོར།
ཧོ་མེར:བྷར་རོན་དང་མཉམ་དུ་ཕྱི་ལ་ཕྱིན་དུས།
མི་རྣམས་ཀྱིས་ཕན་ཚུན་ལ་རྟོག་བཏགས་ཀྱི་སྒྲུང་ཞིག་བཤད།
ཡིན་ནའང། ཁོ་མོས་སྔར་བཞིན་རང་གི་མ་འོངས་པ་བཙལ།
ཡུན་རིང་ཡུན་རིང་གི་རྗེས་སུ།
སྲང་ལམ་འདི་ཁུ་སིམ་མེར་གནས་དུས།
ནང་སེམས་ཀྱི་སྒེའུ་ཁུང་ལས་སྐད་ཅིག་མ་དེར།
འཇིགས་དངངས་ཀྱི་ངོ་གདོང་ཁོ་ན་འཁྱུག་ཙམ་མཐོང་དུས།
དེའི་རྗེས་སུ།
ཧོ་མེར:བྷར་རོན་དང་ཆང་ས་བརྒྱབ།
མགོ་བོ་ལས་རྒས་སྔ་བའི་སྐྲ་ལོ།
སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར།
ན་ནིང་ད་ཚོད་ཅིག་ལ།
ངའི་སྐྲ་ལོ་གཞན་གྱིས་གཞར་ཞིང་བྲེགས་སོང་ནའང།
"སྐྱོ་གདུང་གིས་བརྣངས་བའི་ང་ཡི་མགྲིན་པ།
ང་རྒྱལ་གྱིས་བཏེགས་པའི་མགོ་བོ་འདིའི་དར་ཤིང་ཡིན"
ཡབ་ཆེན་འདས་རྗེས།
ཡུན་རིང་ལ་ནང་དུ་འཛུལ་ཏེ།
སྨྲ་བ་མེད་པར་ཁུ་སིམ་དུ་གནས།
དཀོན་མཆོག་གིས་སྡུག་བསྔལ་གྱི་སྒྲོམ་ལས་ཕྱིར་བཏང།
མི་རྣམས་ཧད་ཅིང།
ལ་ལ་ནི་མགྲིན་པ་བརྣངས།
ལ་ལ་ནི་མིག་ཆུ་འཆོར།
དེའི་དུས་སུ།
ཁྱེད་རང་ཕྱིར་ཡོང་མེད་པ་ཤེས་རྗེས།
བདག་སེམས་ཁྱོད་ལ་རབ་ཏུ་ཆགས།
2022.3.2ཉིན་ཁྲི་ཀར།
ཁྱེད་རང་སོང་ཤུལ་ཏུ། མིག་མཐར་མཆི་མ་འཁོར་བྱུང་།
འདས་པོ་སྙན་ངག་པ་གཅན་མེ་སྟག་ལ་ཕུལ་བ།
ཉིན་གུང་ཡོལ་ཙམ་ནས།
གློ་བུར་དུ། ཁྱེད་རང་མ་འཚམས་པའི་སྐད་ཆ་དེས།
རེ་ཞིག ངའི་ནང་སེམས་ཁྲག་གིས་གཟིར་ཞིང།
ཁྲག་དྲོན་ལས་སྨྲེ་སྔགས་གྱེར།
རེ་ཞིག ཟུག་གཟེར་མེད་པའི་མགྲིན་པ་མཆི་མའི་བརྣངས།
ཕྱི་དྲོ་ཞིག་ལ། ཁ་རོག་གེར་ཁང་བའི་གྲུ་སྦུག་ཅིག་ཏུ་བསྡད་དེ།
ཁྱེད་ཀྱི་སྙན་དེབ«ལྷོ་བཞུད་ཀྱི་ཆུ་འཛིན»མགོ་མཇུག་ཆ་ཚང་ཞིག་བཀླགས།
གདུང་སེམས་དང་མྱ་ངན་མོད་པའི་དོ་དགོང།
ང་རང་མུན་ནག་གི་ནང་དུ་ཁེར་རྐྱང་ངང་ལུས་ཡོད།
ངས་ཁེར་རྐྱང་དུ་ཁྱོད་ཀྱིས་བཤད་པའི་སྐད་ཆ།
"ཕུགས་བསམ་ཞེས་པ། ས་བོན་ཞིག་རེད།
མི་རེ་རེའི་སེམས་ལ་ས་བོན་རེ་རེ་ཡོད་པ་རེད།"ཅེས་པའི་སྒྲ་ཞིག་ལ་ཉན་བཞིན་ཡོད།
སྙན་ངག་གི་ལྷ་ཆེན་པོ།
འཇིག་རྟེན་འདི་རྒྱ་ཆེ་ནའང་མི་གཉིས་ཤོང་སའི་ས་མིག་ཅིག་ཀྱང་མི་འདུག
དེའི་ཕྱིར། ཁྱོད་རང་མེད་པའི་ཉིན་དང་མཚན་ལ།
ཁྱོད་ཀྱི་ཚབ་ཏུ། ངས་ཉི་ཟླ་གཉིས་བསྲུངས་ནས།
དབྱངས་དང་གསལ་བྱེད་ཀྱི་མགོ་སྦྲ་ཞིག་བཟོ་འདོད།
སྙན་ངག་གི་རྒྱལ་སྲས།
ཁྱེད་རང་མགོ་ལོག་ནས་ཁེར་རྐྱང་དུ་མི་ལོ་ག་ཙམ་ལ་ལུས།
ཆང་རག་དང་མཉམ་དུ་མགོ་ལོག་གི་སློབ་གསོའི་དོན་དུ།
«ཁྲག་དང་མཆི་མ»འི་བར་ནས་འོ་བརྒྱལ་མྱངས་སོང་ངམ།
ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཡུལ་མགོ་ལོག་ནས།
གཅིག་པུར་ཆང་དམ་རེ་ཁྱེར་ནས་གངས་རིའི་ཁོང་གསེང་མྱུལ།
«བདག་མེད»པའི་རྣམ་ཤེས་གྲངས་མེད་ལ་སྙན་ངག་གིས་མཆོད་སྦྱིན་གནངས།
སྙན་ངག་གི་རྒྱལ་སྲས།
ད་ལྟ་ཁྱེད་རང་མི་ཡུལ་འདི་དང་གྱེས་ནས་ཉིན་མང་པོ་ཞིག་འགོར་འདུག
ངས་ཀྱང་སྙན་ངག་འདི་འབྲི་འཕྲོ་བྱས་ནས་དུས་ཚོད་རིང་ཤོས་ཤིག་འགྱངས་འདུག
ཁྱེད་རང་སོང་ཤུལ་ཏུ། གདུང་བའི་ཐ་སྙད་དག་ལ་བཀྲག་མདངས་འཚེར་བྱུང།
༢༠༢༢ - ༡༠ - ༣༡ཉིན་མགོ་ལོག་ཏུ།
འབྲེལ་ཡོད་འོས་སྦྱོར།