logo

ལོ་སར་གྱིས་བསླངས་པའི་སྙན་ངག་ཅིག་དང་དེའི་ལན།

རྩོམ་པ་པོ།:མཛེས་སེ། སྒོ་མེ་འཇམ་དཔལ་ཚེ་རིང ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-02-20 ཀློག་གྲངས།:
གལ་ཏེ་དཔྱིད་གསར་དུས་ཆེན་མེད་ཚེ།
མཛེས་སེ།

ན་ནིང་གི་དཔྱིད་ཀ་དེ།
ད་ལོ་ཕྱིར་ལོག་མི་སྲིད།
གཞོན་དུས་ཀྱི་དཔྱིད་ཀ་རྣམས།
རྒན་པའི་སེམས་སུ་ཧ་ཅང་སྐྱིད།
དཔྱིད་ཀ་ནི་ནམ་ཡང་གསར་བ་ཡིན་ཏེ།
ངས་ཀྱང་དཔྱིད་ཀ་རྙིང་བ་མཐོང་མ་མྱོང་།

ས་སྟེང་དུ་དཔྱིད་ཚེས་པའི་ཟླ་དང་ཞག་མི་གཅིག་པས་ན།
དཔྱིད་ཀ་སོ་སོའི་སྐད་རིགས་དང་གོས་རྒྱན་ཡང་ག་ལ་མཚུངས།
ངས་ཤེས་པའི་དཔྱིད་ཀྱི་དུས་ཆེན་མང་ཆེ་བ་ལོ་སར་ཡིན་མོད།
ལོ་སར་ཐམས་ཅད་དཔྱིད་དུས་སུ་ཡིན་པའི་ངེས་པ་མེད།

དུས་ངན་དང་རྐྱེན་ངན་དང་མི་ངན་གསུམ་ཁ།
ནམ་ཡང་མཉམ་དུ་འཕྲད་ཅིང་གཅིག་གྲོགས་གཉིས་ཀྱིས་བྱེད།
རང་གི་ལོ་སར་རིའི་ཕར་རྒྱབ་ཏུ་འདོར་མཁན་ནི།
སྒེར་དོན་ངག་ནས་མི་གླེང་བའི་སྐྱ་སེར་སྐུ་དྲག་འགའ་ཡིན་པ་ལས།
སྤྱི་ཆུས་ཡིད་ལ་དྲན་མི་ཆོག་པའི་མངའ་འབངས་མིན་ཤས་ཆེ།
རང་གི་ལོ་སར་རིའི་ཕར་རྒྱབ་ཏུ་འདོར་མཁན་དེ་ཚོས།
ལོ་སར་གཅིག་པུ་མ་ཡིན་པར།
རང་གི་བརྩི་ལུགས་ལྟར་གྱི་དཔེ་སྲོལ་མང་དག་བསྒྱུར་ཟིན།

ཤིང་ཙན་དན་གྱི་སྡོང་བོ་ཞིག་རྐེད་ནས་གཅོད་པ་ལ།
བླུན་པོ་གཅིག་དང་སྟ་རེ་གཅིག་དང་དུས་ཚོད་གཅིག་གིས་ཆོག
དེའི་རྩ་བ་ལས་མྱུ་གུ་འབུས་ཤིང་ཡལ་ག་རྒྱས་པ་ལ།
བགྲང་བྱ་ཅི་ཙམ་མཁོ་བ་མི་ག་ཚོད་ཀྱིས་བསམས་མྱོང་ངམ།

གཞན་ལས་གཡར་བའི་དུས་ཆེན་རོལ་མཁན་མདོ་སྨད་པ་ཚོས།
རང་གི་སྲོལ་བཟང་ཐོག་མ་ཕལ་ཆེར་བརྗེད་ཚར་ནས།
གཡར་བ་གང་ཞིག་ཕྱིར་སྤྲད་དགོས་པའང་ཤེས་ཀྱིན་མེད།
རང་གི་ལོ་སར་ངོ་མི་ཤེས་པའི་མདོ་སྨད་པ་ཚོས།
གཞན་གྱིས་གནང་བའི་ཀ་ར་ཤིང་ཏོག་ཙམ་ཟོས་རྗེས།
དོར་བའི་རང་ནོར་སླར་འཐུ་བའི་སྤོབས་པ་ཡོངས་སུ་ཞུམ།

གལ་ཏེ་དཔྱིད་གསར་བསུ་བའི།
ཤར་ཕྱོགས་ཀྱི་དུས་ཆེན་འདི་མེད་ཚེ།
མདོ་སྨད་པ་ཚོར་ད་ལྟ་ལོ་སར་ཡང་ཡོད་པ་མ་རེད།
སྤྱི་རྩིས༢༠༢༣ལོའི་ཟླ༡ཚེས༢༠དང་། རྒྱ་ནག་ཞིང་རྩིས་ཆུ་སྟག་ལོའི་ཟླ༡༢ཚེས་༢༩ཉིན་རྫོང་མགོ་ནས་བྲིས།

ང་ཚོར་ལོ་སར་ལོས་ཡོད།
                  —མཛེས་སེའི་སྙན་ངག་ཅིག་གི་ལན་དུ།
སྒོ་མེ་འཇམ་དཔལ་ཚེ་རིང་།

དཔྱིད་གསར་དུས་ཆེན་ཟེར་བའི།
དར་ཚོན་གྱིས་བརྒྱན་པའི་རྡོ་བ་ཞིག
ས་ནས་བླངས་པའི་ཉིན་མོ་དེར།
ཨ་མདོ་བ་དང་ཁམས་པ་དག་གི་རུམ་གྱི་བྲོ་བོར་སོང་།

དཔྱིད་གསར་དུས་ཆེན་ཟེར་བའི།
རྡོ་བ་ཡག་པོ་དེའང་ལོ་སར་རེད།
དེ་ལ་རོལ་ནས་ཟླ་གཅིག་འདས་སྐབས།
གངས་ཅན་བོད་ཀྱི་ལོ་སར་བསླེབས་བྱུང་།

ཁྱོད་ཀྱིས་སྙན་ངག་ཏུ་བྲིས་པ་དེའང་བདེན་ཏེ།
གལ་སྲིད་དཔྱིད་གསར་དུས་ཆེན་མེད་ཚེ།
ཨ་མདོའི་ལུང་པར་ལོ་སར་ཡང་ཡོད་པ་མ་རེད།
ལོ་སར་མེད་ན་བྲེ་སེར་འབྲོང་ལ་རྭ་མེད་པ་དང་མཚུངས།

སང་ཉིན་ནི་གངས་ཅན་བོད་ཀྱི་ལོ་སར་རེད།
ཁམས་ཕྱོགས་ཀྱི་གནས་སྟངས་ག་འདྲ་ཡིན་མིན་མི་ཤེས་མོད།
མདོ་སྨད་དུ་རྭ་ཅོ་ཤོར་བའི་འབྲོང་རྒོད་བགྲང་ལས་འདས།
ཁ་པར་ལས་ཚིག་སྟོང་བཤད་དེ་རྟེན་འབྲེལ་ཞུ་མཁན་ཉུང་སྲིད་དམ།

སྟོད་ཀྱི་བྲག་དམར་ལྟ་བུའི་བརྩེགས་མང་ཁང་བཟང་དུ།
རྒོད་ཚང་དང་འདྲ་བའི་གྲོང་ཁྱེར་གྱི་དུད་ཁྱིམ་ཁ་ཤས་དང་།
རོང་པ་འབྲོག་པ་འཇམ་པ་གསུམ་གྱི་ཡུལ་ལུང་དུ།
ང་ཚོའི་གྲོང་སྡེ་དང་ང་ཡི་སྤུན་གྲོགས་རྣམས་ཀྱིས།
དཔྱིད་གསར་དུས་ཆེན་ལ་ཇི་ལྟར་རོལ་བ་དེ་བཞིན་དུ།
ད་ནས་བཟུང་དོན་ངོ་མས་བོད་ཀྱི་ལོ་སར་བསུ་རྒྱུ་ཡིན།
ཞེས་སྤྱི་རྩིས༢༠༢༣ལོའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་དང་བོད་རྩིས་ཆུ་ཕོ་སྟག་ལོའི་ཟླ་བཅུ་གཉིས་པའི་གནམ་གང་གི་ཞོགས་པར་བྲིས།
འབྲེལ་ཡོད་འོས་སྦྱོར།