དབྱངས་ཀྱི་ཁྲུས་བུམ། རུས་པ།
རྩོམ་པ་པོ།:རུས་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-02-21
ཀློག་གྲངས།:
དུས་འདིར། མཚན་མོའི་བསིལ་རླུང་གིས་ཁུར་བཞིན་པའང་ཚ་བ་འབའ་ཞིག་ཏུ་ཟད། ཚེས་བརྒྱད་ནུབ་མོའི་གངས་ཀྱི་ར་བའི་མཁའ་དབྱིངས་སུ་ལྷུང་པའི་ཟླ་གམ་ཡང་ཆུ་སྤྲིན་ལེབ་མོ་ཁ་ཤས་ཀྱི་ཕག་ཏུ་འཛུལ་ནས་མི་ཡུལ་གྱི་ཚ་དྲོད་སེལ་པ་ལ་དཔའ་གདེང་ཅི་ཡང་མེད་པར་ཡུལ་ཡུལ་པོར་གྱུར་འདུག ཅི་ཞིག་བྲི་འདོད་ཀྱི་ཚོར་བ་དྲག་པོའི་དབུགས་རྒྱུན་སྤྲིན་པ་བཞིན་བྱང་ཁོག་སྟོད་དུ་མུ་ནས་འཁྱིལ་འོངས་ན་ཡང་། ཡང་སྙིང་སྐད་ཆའི་དབུ་གང་ནས་བརྩམ་པར་མཛུབ་མོ་བཅུ་བོ་མཐེབ་གཞོང་སྟེང་བག་ལ་ཞ་ནས་ཡུན་རིང་འགོར། ད་ནི་རང་ཉིད་བྲི་བར་བྱ། ཡང་ན་ཡུ་བུ་ཅག་བྲི་བར་བྱ། སྒེའུ་ཁུང་ཁ་གཏད་ཀྱི་ཐོག་ཁང་མཐོན་པོ་དེས། གསལ་ལ་དྭངས་པའི་མིག་ཟུང་གི་ཤེས་པ་ཡངས་མོ་རབ་ཏུ་བསྒྲིབས་ཟིན་ནའང་། དྲན་ཤེས་ཀྱི་རྣོ་གཤོག་ལེབ་མོ་ཡུལ་དུས་ཕྲ་རགས་ཀྱི་རྒྱ་ལས་སྐད་ཅིག་འགོངས་པས་ན་རིགས་ཀྱི་བུ། དེ་དེ་ལྟར་ཏེ། དེ་དེ་བཞིན་ནོ་ཟེར་བཞིན། རང་རེའི་ཡིད་ལ་ཅི་དྲན་གང་དྲན་དེར་བླང་དོར་གྱི་རྣམ་གཞག་མི་སྐྱོང་བར་སོས་དལ་གྱིས་འཇུག་པར་བྱ། ཁོ་བོའི་ལྷན་སྐྱེས་སུ་གྲུབ་པའི་འབྱུང་བ་ནི། འཚོ་བའི་ཁྲོད་ཀྱི་ཁྲ་ཁྲ་རིག་རིག་གང་ལའང་དགའ་ཕྱོགས་ཞེ་དག་ཅིག་འཛིན་པ་དེ་ཡིན། སྔོན་ཆད་ཀན་སུའུ་ཕྱོགས་ཀྱི་ཤིང་སྒམ་ཆུང་ཆུང་ཁུར་བའི་ཐང་ཚོང་པ(货郎子)དེ་ཚོ་གྲོང་ཚོར་སླེབས་ཐེངས་རེར། ཨ་ཕས་སྒམ་གཞུའུ་ཆུང་ཆུང་གཉིས་ལ་མཛུབ་མོ་བཙུགས་ཏེ་གང་ཞིག་ཉོ་བསམས་ཞེས་དྲིས་པ་ན། ངས་ཁ་ཆུ་འཛར་འཛར་གྱིས་ཚང་མ་ཉོ་འདོད་པའི་རྣམ་འགྱུར་བསྟན། ཨ་ཕས་ཤུགས་རིང་ཞིག་འཐེན་བཞིན་ཚོས་མདངས་ཤོར་བའི་ཀྲུང་ཧྲན(中山服)ལྭ་བ་སྔོན་པོ་བྲང་ཁུག་གི་སྒྲོག་གུ་བརྟོལ་ཞིང་དེ་ལས་སྒོར་ཟུར་རྙིང་པ་ཁ་ཤས་བཏོན་ནས། ང་ལ་ཁ་དོག་མི་འདྲ་བའི་དབུགས་ལྒང་ཁ་ཤས་ཉོ་བ་ཡིན།
ནར་སོན་གྱི་འགྲོས་དང་གདམ་གསེས་ཀྱི་བབ་དང་བསྟུན་ནས་ད་ཆ་དགའ་ཕྱོགས་མང་པོ་ཞིག་རྒྱུན་ཐག་ཆད་པའི་ཕྲེང་རྡོག་བཞིན་གང་སར་ཟགས་ནས་ཉུང་ཙམ་ལས་ལྷག་མི་འདུག དེ་ལས་མངའ་རིས་སྒྲ་སྙན་ནི་ལོ་འདི་འགའི་ལྷིང་འཇགས་ལ་གོམས་པའི་འཚོ་བའི་ཁྲོད་ཆེས་བརྩི་མཐོང་གི་རིན་དོད་ལྡན་ཞིང་ཞེ་ཡིད་རབ་ཏུ་འཁུལ་པའི་དགའ་ཕྱོགས་འབའ་ཞིག་ཏུ་གྱུར་ཡོད། མངའ་རིས་སྒྲ་སྙན་གྱི་རྒྱུད་སྐུད་རེ་རེ་ཡི་གདངས་སུ་གདོད་ནས་རང་བཞིན་གྱིས་གྲུབ་པའི་སྐྱོ་ཤས་དང་ཁེར་ཚུགས། བབ་ཆགས་དང་སྒམ་ཉམས། རྒྱང་རིང་དང་རྟོགས་འཆར། ཁེར་རྐྱང་དང་འབོད་པ་ཡི་འགྱུར་ཁུགས་དེ་དག་གིས། ཏག་ཏག་གནས་སྐབས་འདིའི་གཡེང་བ་ནང་སྡུད་ཀྱི་རང་ཉིད་མཚོན་གྱིན་ཡོད་པ་འདྲ་ལ། མིའི་རིགས་ཀྱི་ཆེས་སྙི་སའི་བག་ཉལ་གྱི་སྙིང་བོ་གང་ཞིག་དཀྲོལ་གྱིན་པའང་འདྲ། གང་ལྟར། ལུས་ཀྱི་ཤ་གནད་ངང་གིས་ཐག་ནས་རུས་པར་གཏུག་ལ་ཁད་འདིར་གངས་རི་དང་གཙང་པོས་མུ་ནས་བསྐོར་ཅིང་། རྩྭ་ཐང་དང་ནམ་མཁའ་སྲིད་མཐར་བརྐྱངས་པའི་གླིང་སྣེ་གསུམ་པར་འབོད་པའི་སྒྱུ་འཕྲུལ་རབ་འབྱམས་ཀྱི་ཡུལ་གྲུ་འདིའི་སྔར་གྱི་བྱུང་བར་མོས་གུས་རྣམ་དག་ཅིག་དང་ད་ལྟའི་འགྱུར་བ་ལ་སྨྲ་བསམ་བརྗོད་འདས་ཀྱི་སྐྱོ་ཤས་ཁོ་ན་བརྡོལ་འོངས།
མིའི་རིགས་ཀྱི་སའི་གོ་ལའི་གྲོང་ཚོར་རྩྭ་སྐྱ་མེ་ཤོར་ལྟ་བུའི་ནད་ཡམས་ཀྱི་དུ་སྨུག་གང་སར་འཐིབས་པའི་ལོ་འདི་དག་གི་རིང་། “མི་རེ་རེ་ཁྱིམ་དུ་སྡོད་ཚུགས་རྒྱུ་དང་དུས་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་པ་ནི་ཆེས་ལེགས་པའི་རང་སྲུང་གི་གོ་མཚོན་དང་སྤྱི་ཚོགས་ལ་ཐོན་པའི་བྱས་རྗེས་གལ་ཆེན་ཡིན”ཞེས་པའི་བླང་བྱ་ལྟར། ཁྱིམ་དུ་སྡོད་ཡུན་དྲགས་པས་དཔེ་ཀློག་བགྱི་ཁུལ་གྱི་ཞོར་དུ་མངའ་རིས་སྒྲ་སྙན་དཀྲོལ་སྦྱང་ལའང་ནད་ཡམས་ཚ་འུར་གྱིས་མཆེད་པའི་དུས་འདི་ནས་བཟུང་བག་ཆགས་ཐོག་མ་འཇོག་འགོ་བརྩམས། འོན་ཀྱང་། དེ་སྔ་བྲིས་སྦྱང་སྐབས་ཀྱང་ཟླ་བ་ཁ་ཤས་རིང་ཉིན་མཚན་དབྱེར་མེད་དུ་འབད་མོད་ཨ་གསར་ཁོ་ནའི་དབང་དུ་གྱུར་པས་ད་ལྟ་བྲིས་ལ་ཕྱི་བཤོལ་བྱས་ཏེ་ལོ་ངོ་གཅིག་གཉིས་ཙམ་འདས་ཟིན་པས། སྒྲ་སྙན་སློབ་སྦྱོང་གི་གོ་རིམ་ཡང་བྲིས་ལ་སྦྱངས་པ་ཇི་བཞིན་དུ་མཐའ་འཁྱོལ་གྱི་སྡུག་བསྲན་དང་ལྷུར་ལེན་གྱི་སྤོབས་གདེང་ཡེ་མེད་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་ཉིན་ཁ་ཤས་དང་ཟླ་ཁ་ཤས། ཡང་ན་ལོ་ཁ་ཤས་ནས་འཕྱིལ་ངེས་པ་སྔ་ས་ནས་ཚོར་ཡོད། ཉིན་དེའི་ཞོགས་པར་གཉིད་ལས་སད་དུས་ཟི་ལིང་གྲོང་ཁྱེར་དུ་སྔ་ན་མཐོང་དཀོན་པའི་ཆར་བ་ཆེན་པོ་ཞིག་འབབ་བཞིན་འདུག ངས་ཉབ་ཉོབ་ཀྱི་མགོ་བོ་སྒེའུ་ཁུང་ཕྱི་ལ་བསྲིངས་ཏེ་ཆར་བ་དང་ཆར་བའི་འཁྱག་བསིལ་བསིལ་གྱི་དྲི་མར་སྣོམ་བཞིན་མཁའ་རླུང་གསར་པ་རྔུབ་ཅི་ཐབས་བྱས། ཁོ་བོའི་སྒྲ་སྙན་དཀྲོལ་རྩལ་ལ་འཇུག་པའི་སྒོ་ནི་མདོ་སྨད་ཡུལ་གྲུ་ཀུན་པོར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཞིང་རྒན་དཔལ་མགོན་ལགས་ཀྱིས་དཀྲོལ་བའི་ཨ་ཁུ་པདྨ་ཞེས་པ་དེ་ཡིན། སྒྲ་སྙན་དཀྲོལ་རྩལ་ལ་སྤོབས་གདེང་མངའ་བའི་གཞོན་ནུ་ཁ་ཤས་ཀྱི་ངག་ལས་ཐོག་མར་སྒྲ་སྙན་ལ་འཇུག་དུས་དབྱངས་རྟ་གཅིག་གཞིར་བཟུང་ནས་དེར་བྱང་ཆུབ་རྒྱུ་གལ་ཆེ། དེ་ལས་ལྡོག་སྟེ་འདྲ་མིན་ཅི་རིགས་དཀྲོལ་ཚེ་རྨང་གཞི་བརྟན་པོ་འདིང་པ་ལ་དངོས་བརྒྱུད་གང་རུང་ནས་གནོད་པ་ངེས་ཅན་ཐེབས་སྲིད་ཅེས་ཁ་ཏ་གནང་མྱོང་། ངས་ཀྱང་དེ་ཉིད་བསླབ་སྟོན་དུ་བཟུང་ནས་ཉིན་མཚན་དབྱེར་མེད་དུ་ཨ་ཁུ་པདྨ་ཞེས་པའི་དབྱངས་རྟར་སློབ་སྦྱོང་ནན་ཏུར་བྱས། དུས་ཡུན་གང་འཚམ་ཕྱིན་རྗེས་དབྱངས་རྟ་ཆ་ཚང་བར་བག་ཆགས་ཅུང་ཟད་བཞག་མ་ཐག་ངས་ཨ་ཁུ་པདྨ་བསྐྱུར་ནས་སྐལ་བཟང་ལྷ་མོ་ཞེས་པའི་རྡུང་ལེན་རྩེ་གྲ་དེ་སློབ་མོས་སྐྱེས་བྱུང་། འཁྱུག་དབྱིངས་སོགས་དྲ་ལམ་བརྒྱུད་ནས་སྒྲ་སྙན་དཀྲོལ་རྩལ་གྱི་ཡོན་ཏན་སྣ་གཅིག་ཙམ་རེག་ཨེ་ཐུབ་ལ་ལུས་ཤིག་འཐུ་བ་ལྟར་འཚོལ་སྐབས་གྲོགས་པོ་ཞིག་གིས་ང་ལ་མགྱོགས་འཕྲིན་གྱི་བརྙན་ཐུང་ཞིག་བརྒྱུད་བསྐུར་བྱས་ཡོང་། ང་ལ་བརྒྱུད་བསྐུར་བྱས་པའི་བརྙན་ཐུང་དེ་ནི་སྒྲ་སྙན་དཀྲོལ་རྩལ་ལ་འབྲེལ་བ་རྩ་ནས་མེད་པ་ཞིག་ཏུ་ཆགས་ཡོད་ཀྱང་རང་དགར་ལྟ་འདོད་ཀྱི་བསླུ་བྲིད་བཟློག་མ་ནུས་པར་ཁ་ཕྱེ་བ་ཡིན། དེ་ནི་དྲ་ལམ་ཚོང་བ་ཕོ་མོ་གཉིས་ཀྱི་ཛ་དྲག་གི་ཁ་རྩོད་ལས་མཆེད་པའི་ཁ་བཙོག་གི་མེ་དཔུང་ཆེན་པོ་ཞིག་གམ་ཕན་ཚུན་བརྙས་འཛིང་གི་ཁྱི་དང་ཁྱི་མོའི་འཐབ་ར་ཞིག་ཡིན་ཚོད་འདུག དྲ་གྲགས་སུ་བསྙད་མཁན་གཉིས་ཀས་ཞེན་འབྲང་པ(粉丝)སྟོང་ཕྲག་ཁ་ཤས་བརྒལ་བའི་དྲ་ལམ་གྱི་ཐད་གཏོང་ཡུལ་དངོས་ནས་སྡིགས་དམོད་ཀྱི་གཡུལ་ཆེན་བཤམས་སྐབས་ཕན་ཚུན་གྱི་དངོས་མིང་ནས་མི་འཛིན་པར་ཐད་ཀར××××ཁྱི་རྒན་དང་ཡང་ན××××ཁྱི་མོ་ཞེས་ཞེ་འགྲས་ངམ་ནག་གིས་དམོད་རེས་གཏོང་གིན་འདུག དེ་ལྟར་དུས་ཡུན་གང་འཚམ་རིང་ཕྱོགས་གཉིས་ཀྱིས་འཛེམ་དོག་ཅི་ཡང་མེད་པའི་སྒོ་ནས་སོ་སོའི་ངན་མཚང་ཕྱི་བརྟོལ་ནང་བརྟོལ་དང་བཤང་གཅི་འདོར་ལེན་ཡན་ཆོད་ཀྱི་གསང་བ་ཅི་རིགས་ཁ་ཡོད་ལག་ཡོད་ཀྱིས་བཤངས་པས་རང་རེའི་གཏམ་དཔེར། ཉིན་དཀར་འགྲོ་རྒྱུར་ཉི་མར་ངོ་གནོང་དགོས་པ་དང་། མཚན་མོར་འགྲོ་རྒྱུར་ཟླ་བར་ངོ་གནོང་དགོས་པ་ཞིག་བྱས་ཏེ་གཞི་ནས་ཐད་གཏོང་གི་མཇུག་བསྐྱིལ་བ་རེད། ཆེས་ཐོག་མར་ཐད་གཏོང་གི་སྐུད་ལམ་ནས་བརྙན་རིས་དེ་འདྲ་མཐོང་མ་ཐག་ཏར་ཅིག་ལ་ལུས་སྦྲིད། མགོ་འཐོམ། ཧོན་ཐོར། ངག་ལྐུགས། ཞེ་ཤོར། བློ་ཕམ། རེ་ཆད། ཨ་ཙི་ཙི། སྲིད་པ་ས་ལ་ཆགས་ནས་བ་སོ་ཁར་ཆགས་པའི་ཚུན་ལ་འཇིག་རྟེན་གཏམ་ལ་མ་གྲགས་པ་ཞིག་མངོན་སུམ་མིག་ལ་བསྟར་པའི་མི་དེའི་རིགས་ལ་རིན་ཆེན་གསེར་གྱིས་མི་ཁུག་པའི་དྲིན་ཆེན་ཕ་མ་ཟུང་ཡོད་དམ་ཞེ་ན་ཕལ་ཆེར་ཡོད་སྲིད། རྒྱ་སྟག་ནགས་སུ་འཛུམ་འདྲ་དང་རྨ་བྱའི་སྒྲོ་གུར་ཕུབ་འདྲའི་བུ་སྤུན་རྡང་གང་ཡོད་དམ་ཞེ་ན་དེ་ཡང་ཕལ་ཆེར་ཡོད་སྲིད། བཙན་གྱི་རྩེ་མོ་དགུང་ལ་ཟུག་ཅིང་མཐུན་པའི་མར་ཁུ་གཡང་དུ་འཁྱིལ་བའི་སྡེ་ཚོ་དང་། ཚེ་ཡི་ལུས་དང་གྲིབ་མར་གྱུར་ཅིང་ལ་ཐག་རིང་བོར་འགོ་བའི་ལག་རྟེན་དང་ཚེ་ཕྱི་མར་འགྲོ་བའི་ཡུལ་སྲུང་སྟེ་སྙིང་ཉེ་བའི་བཟའ་ཟླ་དང་གཅེས་ཕྲུག་དག་ཡོད་དམ་ཞེ་ན་དེ་ཡང་ཅིས་ཀྱང་ཡོད་སྲིད་མོད། ཇི་ལྟར་བསམས་ཀྱང་མི་ཆོས་ཀུན་སྤྱོད་ཀྱི་ལམ་ཐིག་དཀར་པོ་ལས་ལྡོག་སྟེ་གཡང་དང་རོང་ལ་འཛེམ་བག་ཏིལ་ཙམ་མེད་པར་ཤེས་བཞིན་ལྕེབས་པའི་རྟུལ་ཞུགས་འདིར་སྐྱབས་དང་རེ་ས་གཞན་དུ་མ་མཆིས་ཤིང་། ལྟོ་ཧམ་དང་གྲགས་པའི་ཆེད་དུ་གཡོ་དང་འཁྲབ་སྟོན་ལ་གོམས་པ་ཚོས་ཁྲེལ་དང་ངོ་ཚ་ཞེས་པ་བརྡ་རྙིང་ཞིག་ཏུ་སྒྱུར་གྱིན་འདུག་པར་མ་ཟད། དེ་ལས་ཀྱང་གདོད་ནས་དཀར་ཕྱོགས་ཀྱི་ངོ་སོ་སྲོག་གིས་སྲུང་ཞིང་རྒྱུ་འབྲས་ཀྱི་རྒྱ་ལུང་གྱེན་ལ་འཐེན་མཁན་གྱི་ཕ་ཡུལ་ལུང་པ་འདི་ཡང་ཁྲམ་ཇག་ལས་འབའ་ཞིག་གི་ཚོན་རྩིས་རྩ་ནས་མནོག་སྟེ་རང་ངོ་རང་གིས་ཟིན་དཀའ་བའི་ཚོད་དུ་གདའ། སྤྱིར་ན་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་ཕར་ཕྱིན་དྲུག་གིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ཏེ་ཐོབ་པའི་དལ་འབྱོར་གྱི་མི་ལུས་རིན་ཆེན་སོལ་བར་བྱེད་པ་འདི་ཇི་འདྲའི་སྙིང་ལ་གཟན་ཨང་། དུས་ནི་མི་འགྱུར་མི་རྣམས་འགྱུར་ཅེས་པ་བཞིན་རིགས་ཀྱི་བུ། དེ་དེ་བཞིན་ཏེ། དེ་དེ་ལྟར་རོ་ཞེས་པའི་སེམས་གསོ་ཁབ་མིག་ཙམ་ལས་སྐབས་སུ་བཟློག་ཐབས་ཀྱི་གླགས་ནི་སྲིད་ན་རྙེད་རེ་སྐན།
དེ་རིང་ཡང་སྔར་བཞིན་ཨ་ཁུ་པདྨའི་དབྱངས་རྟར་དཀྲོལ་སྦྱོང་ཙམ་བྱས་པ་ཡིན། ཐོག་མའི་དགའ་ཕྱོགས་ཀྱི་རྒྱུན་མཐུད་དེ་གནས་སྐབས་ཀྱི་སྡུག་རུས་མཐར་ཐུག་གི་བརྩོན་འགྲུས་སུ་བསྒྲུན་ཨེ་ཐུབ་ལ་བསྲན་ཚུགས་ནས་ཟླ་གཅིག་འགོར་རྗེས། རང་གི་ཚོར་ཤེས་ཆིག་རྐྱང་ལ་བརྟེན་ནས་གཡོན་མཛུབ་ཀྱིས་ཚད་ལྡན་སྒྲ་གནས་དེ་ཅུང་ཟིན་གྱིན་འདུག་ལ། ཁ་པར་ངོས་སུ་ཕབ་ལེན་བྱས་པའིTunerLiteཞེས་པའི་སྒྲ་གདངས་སྙོམས་བྱེད་ཀྱི་མཉེན་ཆས་དེ་སྤྱད་ནས་གང་ལ་གང་འཚམ་གྱིས་རྒྱུད་དྲུག་གི་སྒྲ་གདངས་སྙོམས་སྒྲིག་བྱེད་ཐུབ་པ་བྱུང་ལ་ཡར་ཐོན་ཅུང་ཟད་རེག་པ་དེས་ཁོ་བོའི་བློ་རྩ་ཇེ་བརྟན་དུ་གྱུར། དེ་ལྟར་རུས་སྦལ་ནུར་འགྲོས་ཀྱིས་ཨ་ཁུ་པདྨ་གཅིག་པུར་སློབ་སྦྱོང་བྱས་པས་ད་ཆ་ཅུང་འདྲ་ཆགས་ཤིག་དཀྲོལ་ཤེས་ནའང་རང་བློར་ཤིན་ཏུ་འབབ་པ་ཞིག་ཁྱོན་ནས་མ་ཐོན། རྒྱུ་མཚན། རང་གིས་དཀྲོལ་བའི་སྒྲ་ལ་འགྱུར་ཁུགས་ལྟ་ཅི་དེ་འདྲའི་དྭངས་གསལ་ཅིག་མིན་པའི་ཁར་གདངས་ཀྱི་འགྱུར་བ་རེ་རེའི་གནད་ཀྱི་དོན་པོ་ཡང་ཡག་པོ་ཞིག་ཟིན་གྱིན་མི་འདུག་བསམས་སོང་། བསམ་གཞིག་ག་ཙམ་བཏང་མཐར་གཞི་ནས་ཅུང་ཟད་འདྲིས་ཆ་ལྡན་པའི་ཀྲེ་ཅང་ཉིང་པོ་སུང་ཧྭ་ཅང་མཐོ་འབྲིང་གི་རོལ་མོའི་དགེ་རྒན་ཁྲིན་ཅ་ཝེའམ་བོད་མིང་ལ་མཚོ་བྱུང་དུ་འབོད་པའི་རྒྱ་རིགས་གཞོན་ནུ་མ་དེར་ཨ་ཁུ་པདྨའི་དབྱངས་རྟ་ཁ་ཚང་ཞིག་དཀྲོལ་ནས་བསྐུར་གནང་ཡོད་པར་རེ་སྐུལ་ཞུས་པར་སྒྲ་སྙན་རམ་དཀྲོལ་པ་མཚོ་བྱུང་གིས་ཀྱང་ཕྱི་ཉིན་ཁ་ཚང་ཞིག་དཀྲོལ་ནས་བསྐུར་ཡོང་། ཨེ་མ། ད་ནི་ཀྲེ་ཅང་ཞིང་ཆེན་ནས་ཀྱང་ཨ་ཁུ་པདྨར་གསན་ཐུབ་པ་འདི་ཇི་འདྲའི་མཚར་རོ་སྙམ་བཞིན། ཁོ་མོའི་དྭངས་ཤིང་གསལ་ལ་སྙན་པའི་དཀྲོལ་རྩལ་ལྡེམ་ལྕུག་ཅན་དེར་རོལ་མྱོང་གི་ཞོར་དུ་གླིང་སྣེ་གསུམ་པའི་རང་ཉིད་ཀྱི་མཛུབ་རྩལ་ཆུ་ཚད་ཀྲེ་ཅང་གི་རྒྱ་རིགས་གཞོན་ནུ་མ་འདི་དང་བསྡུར་ཚེ་ད་དུང་བར་ཐག་ཤིན་ཏུ་རིང་བས་སྐད་ཅིག་མར་བག་ཚ་ཞིང་ཡིད་ཀྱང་མུག་པ་ཞིག་བྱུང་། ཕྱིས་སུ་ཧྲན་ཏུང་ཆིན་ཏོ་ཡི་སྒྲ་སྙན་རམ་དཀྲོལ་པ་ཝན་ཝན་གྱིས་ཀྱང་ང་ལ་རོགས་འདེགས་ཀྱི་ཕྱིར་དུ་ཨ་མདོའི་སྒྲ་སྙན་རྡུང་ལེན་གྱི་རམ་དཀྲོལ་རོལ་མོ་རྐྱང་བ་ཁ་ཤས་རིན་མེད་དུ་གནང་སོང་། ཀུན་པོས་མཁྱེན་གསལ་ལྟར། གཞོན་ནུ་མ་ཝན་ཝན་གྱིས་སྤྱི་ལོ༢༠༢༠ལོའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བྱ་དགའ་བསྩོལ་བའི་དགོང་ཚོགས་སྟེང་ཞིང་གཤེགས་པ་བདུད་པེ་དང་བཀྲ་ཤིས་སྒྲོལ་མ་གཉིས་ཀྱིས་ལོ་རབས་དགུ་བཅུའི་ནང་མཉམ་ལེན་བྱས་པའི་རྡུང་ལེན་རྩེ་གྲ«མ་སེམས་ཅན་སྐལ་བ་ཇེ་ཡག་རེད»ཅེས་པ་བསྐྱར་ལེན་བྱས་པ་དེས་དྲ་ལམ་གྱི་གཟིགས་མོ་བ་ལྷན་རྒྱས་ལ་ངོ་མཚར་ཡིད་དབང་འཕྲོག་པའི་བག་ཆགས་ཟབ་མོ་བཞག་པ་རེད། རྒྱ་རིགས་གཞོན་ནུ་མ་འདི་གཉིས་ནི་དབུས་གཙང་དང་མདོ་སྨད་ཀྱི་སྒྲ་སྙན་དཀྲོལ་ལེན་ལ་བྱང་ཆ་ལྷག་ཏུ་ལྡན་པར་མ་ཟད་བོད་སྐད་ཀྱི་ལམ་ནས་གོ་བརྡ་ཡག་པོ་སྤྲོད་ཤེས་པར་མ་ཟད། ལྷག་ཏུ་མཚོ་བྱུང་ངམ་ཁྲིན་ཅ་ཝེ་ཡིས་བོད་ཡིག་གི་ལམ་ནས་ཀྱང་བོད་མི་ཚོར་གོ་བརྡ་ཡག་པོ་ཞིག་སྤྲོད་ཤེས་ཀྱི་འདུག་པ་ལའང་བསམ་གཞིག་ཡང་ཡང་གཏང་དགོས་བྱུང་། ཉ་མོ་ཆུ་ལ་འཇུག་པ་བཞིན་ཞེ་དག་གིས་བོད་ཀྱི་སྒྲ་སྙན་སྒྱུ་རྩལ་གྱི་རིན་ཐང་དང་དེའི་ཐུན་མོང་མ་ཡིན་པའི་ཁྱད་གཤིས་ཀྱི་སྙིང་བོ་ཉེར་ལེན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྙེན་པའི་གཞོན་ནུ་མ་འདི་གཉིས་ཀྱི་བློ་ཁོག་དང་ཤེས་རབ། བརྩོན་འགྲུས་དང་སྤོབས་གདེང་ལ་ཡིད་སྨོན་དང་རང་རེའི་གྲོང་དང་གྲོང་གསེབ་ཀྱི་གླུ་མར་བསྙད་པ་ཕལ་ཆེ་བས་ནང་དང་དགོང་ལ་མགྱོགས་འཕྲིན་གྱི་སྒང་ནས་ཕན་ཚུན་ལད་ཟློས་རང་བཞིན་གྱིས་ཐོན་ཁུངས་སྤུས་དག་ཡིན་མིན་ལ་མགོ་རྨོངས་བློ་རྨོངས་ཀྱིས་མཛེས་བཟོའི་དར་སྲོལ་གསར་བའི་ཐོན་རྫས་སྣ་ཚོགས་ཧབ་འཚོང་དང་རང་ངོ་རང་གིས་མ་ཟིན་པར་འཁྱོལ་བར་ཤུགས་རིང་དང་བཅས་ཤེས་མེད་ཚོར་མེད་ཀྱིས་གཉིད་ལ་ཡུར།
བཞི་བཅུའི་སྒང་གི་ན་ཚོད་འདིས་ཆེས་མཉམ་བཞག་བྱ་ཡུལ་ནི་ཉིན་རེའི་གནམ་གཤིས་གནས་ཚུལ་རེད། སྔོན་ཆད་ལས་གྲོགས་ཤིག་གིས་ཁོའི་ཤ་ཉེ་ཚང་ལ་རྒན་ཡོལ་བྱས་ཟིན་པའི་ཨ་ཁུ་བགྲེས་པོ་ཞིག་ཡོད་པ་དེས་ཉིན་རྒྱུན་དགུང་ཇ་འཐུང་སྐབས་དུས་ཚོད་སྐར་ཆ་གཅིག་ཀྱང་མི་གཟུར་བར་ཀྲུང་དབྱང་བརྙན་འཕྲིན་ཁང་གི«གསར་འགྱུར་མཉམ་སྒྲོག»དང་དེའི་རྗེས་ཀྱི་གནམ་གཤིས་གནས་ཚུལ་གཉིས་ལ་བལྟས་ཚར་རྗེས་སུ་དང་གང་ལའང་བློ་འདྲི་མི་བྱེད་པར་ཐད་ཀར་བརྙན་འཕྲིན་གྱི་ཁ་བརྒྱག་ངེས་རེད་ཟེར་བ་དེ་ངས་ད་དུང་བརྗེད་མི་སྲིད་ལ། སྐབས་ལན་རེར་རང་ཉིད་ཀྱི་འགྲོ་ལུགས་འདུག་སྟངས་ཡང་བགྲེས་པོ་དེ་དང་ཤིན་ཏུ་ཆ་མཚུངས་བའི་རྣམ་རྟོག་ཅིག་འཕེལ་འོངས། ཉེ་བའི་ལོ་འདི་དག་ནི་པྲོག་གསར་གློ་ཚད་ཀྱིས་མིའི་རིགས་ཀྱི་ས་ཡི་གོ་ལའི་གྲོང་ཚོ་དམིགས་སུ་བཟུང་ནས་ཅི་འདོད་འདོད་ཀྱིས་སྡུག་ལ་སྦྱར་པའི་ལོ་ཞིག་ཡིན་པར་མ་ཟད། ད་ལོ་ནི་ལྷག་ཏུ་མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པའི་དཔེ་ནང་བཞིན། ཐན་པ། ཆུ་དགྲ། སེར་བ། ས་ཡོམ་སོགས་རང་བྱུང་གནོད་འཚེ་ཡི་འགུལ་སྐྱོད་ལྷག་ཏུ་རྒོད་པའི་དམིགས་བསལ་གྱི་ལོ་ཞིག་ཀྱང་རེད། ཞོགས་པར་གཉིད་ལས་སད་རྗེས། ངས་གནམ་གཤིས་གནས་ཚུལ་ལས་ཕ་ཡུལ་ལ་སྤྲིན་མང་པ་ནས་ཆར་བ་ཟམ་ཟིམ་འབབ་རྒྱུ་ཡིན་པ་ཚོར་རྗེས་བློ་བག་བདེ་པོས་གོམས་གཤིས་ལྟར་སྐད་འཕྲིན་གྱི་ཚོམས་ལ་རགས་བཤེར་ཐེངས་ཤིག་བྱས། “དྲ་ཚོགས་ཚང་མར་ཁམས་བདེ་ཞུ། དེ་རིང་ཚོགས་པའི་ནང་དུ་མཁན་པོ××××གིས་འཕོ་བ་གྲོང་འཇུག་གི་གདམས་པ་གནང་རྒྱུ་ཡིན་པས་ཚང་མས་ཁུག་དམར་བསྐུར་ཤོག བལྟས་སོང་ན་རྣམ་པ་ཚོ་མི་ཡག་པོ་ཆོས་ལ་དད་པ་བྱེད་མཁན་རྐྱང་རྐྱང་ཡིན་ས་རེད། ཁྱེད་རྣམ་པས་པས་ཁོང་རིགས་ལ་འཕོ་བ་ཟབ་མོ་ཞུས་ཚེ་ཁྱེད་རང་ལམ་སེང་ནུབ་ཕྱོགས་བདེ་བ་ཅན་ནམ་བྱང་ཕྱོགས་ཤམ་བྷ་ལའི་ཞིང་ཁམས་གང་ལ་འགྲོ་འདོད་ཀྱང་ཤར་སེ་འགྲོ་ཐུབ་གི་རེད། དེ་ལྟར་འགྲོ་འདོད་པ་ཚོས་བླ་མར་གསེར་དངུལ་གྱི་ལོངས་སྤྱོད་དང་ཁུག་དམར། ཕོ་རྟ་ཡག་པོ་བཅས་འབུལ་ཚེ་བླ་མའི་ཕད་གཅིག་གིས་མདའ་འཕངས་པ་བཞིན་ཁྱེད་རང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་བསྐྱལ་འཇོག་ནི་རེད། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཟེར་བ་ནི་ཟས་གོས་རང་འགྲུབ་ཡིན་ཏེ། དེ་ན་ཤ་དང་མར་ཕྱུར་གྱི་རི་བོ་ཡོད་ལ་དཀར་འོ་མའི་རྒྱ་མཚོ་ཡང་ཡོད་པ་རེད། ཤ་ཡི་རིགས་ལའང་གཡག་ཤ་དང་འབྲི་ཤ། ལུག་ཤ་སོགས་ཡོད་པར་མ་ཟད་ནང་ཁྲོལ་རྒྱུ་མ་དང་བཅས་པ་ཕུན་སུམ་ཚོགས་པ་གདའ། ཁྱེད་རང་མེ་ཏོག་པདྨའི་ཚལ་དུ་ཉལ་རྐྱང་བྱས་ཆོག་ལ་ཤོ་སྦག་རྩེད་བསམ་ན་ཤོ་སྦག་ཡང་ཡོད། ད་དུང་ལྷ་མོ་མཛེས་མ་ཡང་མང་པོ་ཡོད་པ་རེད། བླ་མའི་བཀའ་དྲིན་གྱིས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་མི་ཕལ་མོ་ཆེ་བོད་པ་རྐྱང་རྐྱང་རེད། གནས་དེ་རུ་འཇིག་རྟེན་འཁོར་བ་བཞིན་རྩོལ་བ་ཅི་ཡང་བསྟེན་མི་དགོས་པར་སེམས་ལ་དྲན་དྲན་ཚང་མ་ལག་ཏུ་འབྱོར་ཤག་ཤག་ཡིན། གལ་ཏེ་འདི་ལ་ལོག་ལྟ་དང་སྐུར་འདེབས་བྱ་མཁན་ཡོད་ཚེ་དེ་མ་ཐག་ཏུ་མར་དམྱལ་བའི་མེ་མུར་གྱི་འོབས་ནས་སྐྱེས་འགྲོ་ཡི་རེད།” དེ་ལྟར་ཉིན་གསར་པ་ཞིག་གི་ཉི་མའི་འོད་སྣང་གིས་རབ་ཏུ་བཀྲུས་ཤིང་ལྷག་གེར་གསལ་བའི་རེ་སྨོན་དང་ཡིད་ཆེས་ཡོད་ཚད། གོང་གསལ་གྱི་འཕོ་བ་གྲོང་འཇུག་གི་གདམས་ངག་དང་གོང་གསལ་གྱི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེ་གཉིས་ཀྱིས་རྡུམ་སེ་བཅད་ཟིན། ཉི་མ་དེའི་ཉིན་ཧྲིལ་བོར་ང་ནི་དྲན་ཤེས་ཀྱིས་མ་ཟིན་པའི་སྟོང་བའི་དབྱིངས་ཀྱི་ཤོག་བྱ་བཞིན་འདར་འདར་ལྕུག་ལྕུག་གིས་ས་རུ་འགྲིལ་ཙམ་དང་འདར་འདར་ལྕུག་ལྕུག་གིས་དགུང་ལ་སྐྱོམ་ཙམ་བྱས། ཉི་མ་དེའི་གནམ་གཤིས་ཤིན་ཏུ་དྭངས་ནའང་ངས་རང་གི་རྡོག་སྣེ་ཁོ་ན་ལས་ལམ་ཐག་རིང་བོ་ཞིག་མཐོང་མ་སོང་། ཉི་མ་དེའི་གཟའ་ཉི་མའི་ཉིན་ཧྲིལ་བོར་ཨ་ཁུ་པདྨ་ཁོ་ན་དཀྲོལ་ནས་བསྡད། ཨ་ཁུ་པདྨ་ཁོ་ན་བསམས་ནས་བསྡད། ད་ཅི་བྱ། ང་ལ་ཁུག་དམར་དང་གསེར་དངུལ། ཕོ་རྟ་ཡག་པོ་བཅས་ཀྱི་འབུལ་བ་གྱ་ནོམ་གྱིས་དབུལ་བས་སྐད་འཕྲིན་ཚོགས་པ་དེ་ཚང་གི“ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས”ཚེ་འདིའི་རང་ཉིད་དང་རྒྱང་ཐག་ཤིན་ཏུ་རིང་སོང་། བློ་ཡིས་ག་ལེར་དཔྱད་ན་དེ་རུ་སྐྱེས་སྐྱེས་ཚང་མ་ཡང་རང་རེའི་བོད་པ་ཤ་སྟག་ཡིན་པར་ང་ལའང་གདེང་ཚོད་དང་ཡིད་ཆེས་བརྟན་པོ་འདུག ད་བསྐྱུར་ཞོག དེ་ལས་ང་ལ་ཤ་ཐང་ཐང་དང་འཛུམ་ཀྲིག་ཀྲིག་གི་ཨ་ཁུ་དཔལ་མགོན་དང་སྙན་ལྷང་ལྷང་དང་བག་ཕེབས་ཕེབས་ཀྱི་ཨ་ཁུ་པདྨ་ཡོད་པས་འཐུས།
ནད་ཡམས་རབ་ཏུ་རྒོད་པའི་ཟང་ཟིང་གི་ལོ་འདིར། བདུན་ཅུའི་ཨ་མར་ཡང་གློ་བུར་དུ་རྨས་སྐྱོན་ཚབས་ཆེན་ཞིག་ཕོག ཨ་མར་མཚན་ལམ་རིང་མོ་ཞིག་ལ་གཤགས་བཅོས་བྱས། ཞོགས་པར་སྨན་པའི་གསལ་བཤད་དང་ལྷན་དུICUནད་ཁང་དུ་བསྡད། ནད་ཁང་ཕྱི་རོལ་ནས་ཨ་མ་སྲུང་སྟེ་ཉིན་ཤས་འགོར། ཕུ་ནུ་མིང་སྲིང་ཚོས་སྨན་རིན་འབོར་ཆེན་གཏོང་བར་སེམས་ཁྲལ་བྱ། ཨ་མICUནད་ཁང་ལས་ཐོན་མ་ཐག་དཔྲལ་བའི་རྒས་གཉེར་གྱི་ཟབ་སར་དྲིན་དྲན་པའི་འོ་ཞིག་བྱས། གློ་རྡེག་ཏུ་མིག་ཆུ་ཤར་སེ་བརྡོལ་བས་སྨན་པ་དང་ནད་གཡོག་པ་ཚོས་སྟག་ཤ་ར་ཞིག་གི་མིག་ཆུ་བརྡོལ་ལུགས་ལ་མཚར་སྣང་གིས་བལྟ། སྨན་པས་ཁྱེད་ཀྱི་ཨ་མའི་ལུས་ཕུང་གི་སྤུས་ཀ་བཟང་ཟེར། ངས་སྨན་པར། ཨ་མས་ཁྱིམ་ལས་ཙག་ཙིག་གི་ཞོར་ལ་རྒྱུན་པར་མཆོད་རྟེན་ལ་བསྐོར་བ་བརྒྱ་ཕྲག་དང་བརྐྱངས་ཕྱག་བརྒྱ་རེ་འཚལ་བས་རྐྱེན་ཡིན་སྲིད་ཅེས་ལན་བཏབ། ཨ་མས་སྨན་པ་དང་ནད་གཉོར་པ་རེ་རེར་སྐད་བརྡ་མི་འཕྲོད་ནའང་མཐེ་བོང་ཀེར་ཀེར་གྱིས་དྲིན་ཤེས་ཀྱི་བསྔགས་བརྗོད་བྱེད། སྨན་ཁང་དེར་ལོ་ན་བགྲེས་པོའི་རྒྱ་རིགས་ཀྱི་ནད་པ་འགའ་ལས་ནད་པ་ཕལ་ཆེ་བ“ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས”སུ་ཤར་སེ་འགྲོ་རྐྱང་གི་བོད་རིགས་སྤུན་ཟླ་ཚོ་རེད། ཁོ་ཚོའི་ནད་རྟགས་གཙོ་བོར་དབྱང་དབུགས་དཀོན་པ་སོགས་མཐོ་སྒང་ཁོར་ཡུག་གིས་རྐྱེན་བྱས་པ་ལས་གཞན། གཙང་སྦྲའི་འཕྲོད་བསྟེན་གྱི་འདུ་ཤེས་ཞན་པ་དང་ལྷག་པར་དུས་རྒྱུན་འཚོ་བའི་ཟས་སྤྱོད་ཀྱི་གོམས་སྲོལ་ངན་པས་བསྐྱེད་པའི་མོ་ནད་དང་། མཆིན་ནད། མཁྲིས་ནད། མཁལ་ནད། ཕོ་ནད། ཁྲག་ནད་བཅས་སུ་གཏོགས། དོན་ལ་ཡང་སྨན་ཁང་འདི་གཅིག་པུ་མ་ཟད་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཆེ་མ་ཆུང་གསུམ་གང་རུང་དུ་ཕལ་ཆེར་བརྒྱ་ཆའི་དྲུག་ཅུ་ཡན་གྱི་ནད་པ་རང་རེའི་ཞིང་འབྲོག་མང་ཚོགས་ཡིན་ལ། དེ་ལས་ཧེ་རིགས་སྤུན་ཟླས་ཀྱང་གྲངས་ཀ་ངེས་ཅན་ཞིག་ཟིན་ཡོད་པ་འདྲ།
ཕྱི་ཉིན་ཕྱི་དྲོར། སྨན་ཁང་ཕྱི་རོལ་གྱི་སྔོ་ཚོད་ཚོང་ཁང་དུ་མི་ཚོགས་གྲོག་མ་བཞིན་རུབ་ནས་སྔོ་ཚོད་འཕྲོག་རེས་བྱེད་བཞིན་འདུག སྣང་ཚུལ་དེ་ནི་ཚོང་བདག་གིས་རིན་མེད་སྦྱིན་གཏོང་བྱེད་བཞིན་པ་དང་དབྱེར་མ་མཆིས་པས་ང་ལ་གློ་བུར་དུ་ལོ་འདི་འགའི་རྒྱུན་གོམས་སུ་གྱུར་པའི་འཚུབ་ཆ་དང་ཚ་བ་མཉམ་དུ་རྒྱས་སོང་། གཞི་ནས་ཚོང་བདག་གི་བཀོད་འདོམས་ལྟར་མི་ཚོགས་སྟར་ཕྲེང་སྒྲིག་ཏུ་བཅུག་པས་ང་ལ་གྲལ་སྔ་ཞིག་ལས་མ་ཐེམ་ཡང་མི་ཚོགས་ཆུ་རགས་ཤོར་བ་བཞིན་གནས་དུས་ངེས་མེད་ནས་འདུ་རུབ་བྱེད་ཀྱིན་འདུག ཚོང་བརྒྱབ་ཟིན་པ་དག་གིས་སྔོ་ཚོད་ཁུར་བོ་དང་ཁུར་བོ་བྱས་ཏེ་ཤར་སེ་སྐྱོད་ཚུལ་དེས་ང་ལ་སྔར་མེད་ཀྱི་སེམས་ཁྲལ་དང་དངངས་འཚུབ་བསྐྱེད་ཅིང་གྲལ་མཇུག་པ་ཚོའི་སྐད་གསེང་ཡང་ཇེ་མཐོ་ནས་ཇེ་མཐོར་གྱུར། ཆུ་ཚོད་སྐར་མ་བཞི་བཅུ་ལྷག་གི་རིང་ལ་ང་རང་ནད་པ་ཞིག་དང་འདྲ་བར་གོམ་སྟབས་རེ་རེ་སྤོ་ནུར་གྱིས་ཡུན་རིང་བསྙེགས་པའི་ཚོང་ཁང་གི་སྒོ་རྩར་ཐོན་ཙ་ན། ཚོང་རྫས་ཡོད་ཚད་བཙོང་ཚར་ནས་འགྱིག་སྣོད་ཆེ་ཆུང་ཅི་རིགས་མི་ཚོགས་ཀྱི་ཁ་རླངས་ཁྲོད་ཤོག་བྱ་བཞིན་ཡར་སྐྱོམ་མར་འབབ་བྱེད་ཅིང་ཁ་ཉག་སྣ་རལ་དུ་བཟོས་པའི་ཤོག་སྒམ་སྟོང་བས་སྔོ་ཚོད་ཚོང་ཁང་དེ་གད་སྙིགས་འཕོ་ས་ཞིག་ཏུ་བསྒྱུར་འདུག འགྱིག་སྟེགས་སུ་འགྲེང་བའི་ཚོང་བདག་ནི་གཡུལ་ལས་རྒྱལ་བའི་དམག་དཔོན་ཞིག་དང་འདྲ་བར་དུང་བརྡ་ཆུང་ཆུང་དེ་མཐོ་རུ་བཏེགས་ནས“སྔོ་ཚོད་བཙོང་ཚར། སང་ཉིན་གྲལ་སྒྲིག་ཏུ་ཤོག”ཅེས་སྐད་གསེང་མཐོན་པོ་བརྒྱབ། སྔོ་ཚོད་ལག་སོན་མ་བྱུང་པ་ཚོས་འཁང་ར་དང་ལེ་བདའ་མུར་མུར་འདོན་བཞིན་གཡུལ་ལས་ཕམ་པའི་དམག་དཔུང་ཞིག་དང་འདྲ་བར་ལག་སྟོང་མཆན་སྟོང་གིས་སོ་སོའི་གནས་སུ་ལོག་བཞིན་འདུག དེ་ལྟ་ནའང་། རང་ཁྱིམ་དུ་ད་དུང་ཟླ་ཕྱེད་ལྷག་ལ་ལྡེངས་པའི་སྦྲང་དཀར་རྩམ་པ་ཡོད་པས་བློ་བག་བདེ་ལ་འབབ་བཞིན་ལོ་འདི་འགའི་ནད་ཡམས་དང་དཀྲོག་གཏམ་མཉམ་གཤིབ་ཀྱི་ཚེ་དང་འཚོ་བའི་མི་རྟག་པའི་སྐད་ཅིག་གི་འགྱུར་བའི་ངོ་བོར་ངེས་འབྱུང་མག་མོག་ཅིག་སྐྱེས་བྱུང་། གང་ལྟར། ང་ཚོ་གནམ་འོག་གཅིག་གི་གདུགས་འོག་ལ་འཁྱུད་པའི་སྐྱེས་བུ་རབ་འབྲིང་ཐ་གསུམ་ལ་ཐུན་མོང་གི་གདེང་ཚོད་ཉག་ཅིག་ཡོད་པ་ནི་ནད་ཡམས་ཡུན་གྱིས་ཞི་ངེས། དཀྲོག་གཏམ་ཁད་ཀྱིས་འཇགས་ངེས། མིའི་རིགས་ཀྱི་ཉི་མའི་འོད་སྣང་ལ་སྒྲིབ་འཛད་ཀྱི་གོད་ཆག་མ་བྱུང་ཚེ་ང་ཚོར་ད་དུང་རེ་སྨོན་དང་ཕུགས་བསམ་གྱིས་བརྐྱངས་པའི་གསེར་འོད་ཀྱི་ལམ་ཆེན་དང་། འཁོར་བ་འཁོར་བར་མཐོང་བའི་བདེ་སྡུག་གི་སྙིང་བོར་ཟགས་པའི་ཚེ་རབས་ཕྲེང་བའི་འཚོ་གནས་ཀྱིས་བསྐྲུན་པའི་རིན་ཐང་གི་ཞབས་རྗེས་ཤིག་ཅིས་ཀྱང་ཡོད་ངེས་ཨང་།
དེ་རིང་ནི་རྒྱལ་སྤྱིའི་དགེ་རྒན་དུས་ཆེན་ཉིན་མོ་སྐབས་སོ་བརྒྱད་པ་ཡིན་པས། སྐྱ་རངས་བཀྱགས་མ་ཐག་ནས་སྐད་འཕྲིན་དང་འཁྱུག་དབྱིངས། བརྙན་རིས་སྟེགས་བུ་བཅས་བརྒྱུད་ནས་དགེ་རྒན་དག་གི་དྲིན་དྲན་པ་དང་དྲིན་ཤེས་པ། དྲིན་གཟོ་བར་སྟ་གོན་གྱི་ཨ་གསར་འདྲེས་མའི་བརྙན་རིས་དང་པར་རིས་སྣ་ཚོགས་ཐང་ཆེན་ནས་དུས་མཉམ་དུ་སྤུར་བའི་ཤོག་བྱ་བཞིན། ཡུ་བུ་ཅག་གི་ཉིན་གཅིག་གི་གླེང་གཞི་དང་སྐད་འཕྲིན་གྱི་ཚོམས་ནི་དགེ་རྒན་དུས་ཆེན་བསུ་བའི་འདུ་འགོད་ཀྱིས་དགད་ལ་ཉེ། ཉིད་ནི་དུས་ཆེན་གང་ལ་ཡིད་མོས་མེད་པའི་དཔེ་ག་ལ་སྲིད་ཀྱང་། དུས་ཆེན་ཁོ་ནར་མ་གཏོགས་མི་དྲན་པ། མི་གླེང་པ། མི་དཔྱད་པའི་རང་རེའི་འཁྱུག་ཙམ་གྱི་བཟོ་ལྟ་འདི་ལ་དངོས་གནས་ཅུང་སུན་པོ་བྱུང་། དཔེར་ན། འབྲི་ཀློག་གཉིས་ཀྱི་དུས་ཆེན་ལ་སླེབས་ཐེངས་རེར་ཡང་། ཉིན་གཅིག་པུ་དེར་ཚང་མ་གློ་རྡེག་ཏུ་བརྒྱལ་པ་ལས་དྲན་སོས་པ་བཞིན་ཀྲོག་ཀྲོག་འཚབ་འཚུབ་ཀྱིས་ཡི་གེ་སྣ་རེ་འབྲི་ཁུལ་བྱེད། ཡི་གེ་ཐིག་ཕྲེང་ཁ་ཤས་ཀྱང་ཀློག་ཁུལ་བྱེད། གསུང་རྩོམ་ཁ་ཤས་ཀྱང་པར་དུ་བཏབ་ནས་བརྒྱུད་བསྐུར་བྱེད། སྐད་ཅིག་མའི་ཚ་ཚ་འུར་འུར་དེ་ལོ་དང་ཟླ་བའི་རྒྱུན་དུ་མི་དབབ་པར་དེ་ལས་ལྡོག་སྟེ་ལོ་དང་ཟླ་བའི་སྐད་ཅིག་མར་གྲུབ་པ་དེར་རེ་ཐག་གཏིང་ནས་ཆད་སོང་། ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་ཡིན་ཞེས་གསུངས་པ་བཞིན་ཡིན་རྒྱུ་ནི་ཉིན་རེའི་འཚོ་བའི་ཁྲོད་སྤྱིར་བཏང་ཟས་ཐུན་གསུམ་ལ་ཅིས་ཀྱང་རོལ་དགོས་པ་ནང་བཞིན། ཉིན་དང་མཚན་གཉིས་ལོགས་སུ་སྐྱ་མི་བཀར་བར་མི་ཚེ་ཞིག་གི་ལུས་དང་དང་གྲིབ་མ་བཞིན་གཤིབ་ན་འགྲིག་པོ་འཕྲོད་མོ་ཞིག་ཡིན་སྲིད། དགེ་རྒན་དུས་ཆེན་དང་འབྲེལ་ནས་ད་དུང་འཕྲོས་བཤད་ཉོབ་ཏོ་ཞིག་ལྷག་ཡོད་པ་ནི། རང་རང་རེའི་གྲོང་གསེབ་དང་ས་གནས་ཀྱི་སློབ་ཆུང་ཕལ་ཆེ་བར་མཚུངས་ཆོས་ཉག་གཅིག་ཡོད་པ་ནི་ཁྱིམ་བདག་དང་སློབ་མའི་སྣང་ངོར་བསླབ་བྱ་སྣ་ཚོགས་ཀྱི་དགེ་རྒན་དང་འཛིན་བདག་དགེ་རྒན། གནས་ཡུལ་ངེས་གཏན་མེད་པའི་ཇ་ཁང་ཆང་ཁང་གི་ཞབས་ཞུ་བ་ཚོ་གང་བྱུང་དུ་བརྗེ་གསོར་གཏོང་བ་ལྟ་བུའི་སྣང་ཚུལ་ཞིག་ཆགས་འདུག་པ་དེ་རེད། དེ་ལས་ཀྱང་བློ་ཡིད་ཅུང་ཕངས་པ་ནི་སློབ་ཁྲིད་ལ་འཇོན་ཐང་ལྡན་པའི་དགེ་རྒན་དག་གིས་ཀྱང་སློབ་རའི་ནང་དུ་སློབ་ཁྲིད་བྱེད་མི་དགོས་པའི་ལས་རྐང་ཞིག་ལ་ཐབས་བརྒྱ་ཇུས་གཏོང་དང་ཤ་འབད་རུས་འབད་ཀྱིས་འཚང་ཁ་རྒྱག་བཞིན་པ་དེ་རེད། སྐབས་ལན་རེར་ངས་ནི་གོང་གསལ་གྱི་སྣང་ཚུལ་དེའི་རིགས་ལ་ཇི་མི་སྙམ་པར་ཨུ་ཤུ་རེ་འཐེན་དགོས་བྱུང་། འཇམ་ཅག་གེར་མིག་ཆུ་རྡོག་པོ་ཁ་ཤས་ཀྱང་གཏོར་དགོས་བྱུང་། འཇིག་རྟེན་ནི་ནམ་ཡང་རབ་མཛེས་ཀྱི་མེ་ཏོག་ལྡུམ་ར་ཞིག་ཏུ་གོ་བ་ལེན་པའི་སློབ་ཕྲུག་དེ་ཚོའི་སྙིང་ཉེ་བའི་མིག་ཟུང་། རབ་ཏུ་རྣོ་བའི་བློ་རིག རབ་ཏུ་ལྕི་བའི་དཔེ་ཁུག རབ་ཏུ་དྭངས་པའི་བྱིས་བློ། ཕ་མ་རེ་རེའི་ཡ་ཐོད་ཀྱི་མིག་དང་བྲང་ཁོག་གི་སྙིང་དུ་གྱུར་པའི་གཅེས་ཕྲུག་དེ་ཚོའི་འབྱུང་འགྱུར་གྱི་མདུན་ལམ་ནི་སྣེ་མང་རྙོག་ཟིང་གི་ས་ཁྲ་ཞིག་ཡིན་པ་རང་རེའི་སྔོན་སྐྱོད་པ་ཚོས་རྟོགས་གསལ་ལྟར། དེ་དག་ལ་ཤ་ཚ་མོ་དང་བློ་ཉེ་བོས་གཞན་ཕན་གྱི་ཀུན་སློང་རྣམ་པར་དག་པ་ཞིག་གི་ལམ་ནས་དཔེ་ཁྲིད་ཐེངས་ཤིག་བྱས་ནའང་དགེ་བ་ཁྲི་འགྱུར་འབུམ་འགྱུར་གྱི་དགེ་རྩ་ཞིག་ག་ལ་མིན། སྣང་ཚུལ་དེར་མཁས་དབང་བདེ་མཆོག་ཚང་གི་ཞལ་ནས་ཀྱང་། དགེ་རྒན་ཐ་མ་ཞིག་ཡིན་པའི་དབང་དུ་བཏང་ཚེ་ཡང་། རང་གི་ད་ལྟའི་འཚོ་བ་དང་ཐོབ་ཐང་སློབ་ཕྲུག་ཚོ་ཡིས་བསྐྲུན་པ་དང་སློབ་ཕྲུག་འདི་དག་ཡོད་པས་ད་གཟོད་རང་ཉིད་ཀྱིས་ཞིང་འབྲོག་གི་ལས་ཀ་སྒྲུབ་མ་དགོས་པར་དགེ་རྒན་ཞེས་པའི་མཚན་སྙན་བརྗིད་པོ་ཞིག་རེག་སོང་པ་རེད་སྙམ་པའི་བློ་དེ་ཅིས་ཀྱང་བསྐྱེད་དགོས་ཞེས་ལན་དུ་མར་གསུངས་མྱོང་པ་ཀུན་ལ་གསལ། སྐར་གྲངས་ཁོ་ནར་མ་གཏོགས་མི་དམིགས་པའི་དགེ་རྒན་ཀྲོང་ཀྲོང་དེ་ཚོ། དགེ་རྒན་དེ་ཚོར་ཡང་ཅི་ཁག་སྙམ་བྱུང་། བུ་ཕྲུག་གི་སྐར་གྲངས་འཕར་སྣོན་ལ་རམ་འདེགས་ཀྱི་གོ་སྐབས་དབུལ་བའི་ཁྱིམ་བདག་གཉོམ་ཆུང་དེ་ཚོ། སྐར་གྲངས་གི་ཨང་རིམ་ངོགས་སུ་མདུན་ལམ་མག་མོག་ཏུ་འགྱུར་བཞིན་པའི་རེ་བའི་མྱུ་གུ་དེ་ཚོ། དུས་ཚིགས་འདི་ང་ཚོས་ཡུན་རིང་རེ་བའི་དབྱར་གཞུང་དུ་གཏོགས་ནའང་ད་ལོའི་གནམ་གཤིས་འདི་ཡང་ལོ་འདི་འགའི་པྲོག་གསར་གློ་ཚད་བཞིན་ཨ་ཅང་མཚར་པོ་ཞིག་རེད། ཕྱི་རོལ་དུ་ཁ་ཆར་མར་མར་འབབ་བཞིན་འདུག ཁ་ཆར་ཁྲོད་དུ་འཁྱག་རླུང་གྲང་མོ་ཞིག་ཀྱང་མུ་ནས་རྒྱུ་བཞིན་ཡོད། ད་ལོར་ནད་ཡམས་ཀྱི་དབང་གིས་སློབ་གྲྭ་དུས་ལྟར་འཚོགས་མ་ཐུབ་པའི་ཁ་སྐོང་དུ། མགྱོགས་འཕྲིན་གྱི་ལྷ་ཆེན་པོ་གང་ལ་མི་ཕྱེད་དད་པའི་སྐྱབས་སུ་སོང་ཞིང་གསར་དར་རྫས་འཕྲུལ་གྱི་ལྷ་ཆེན་གང་གིས་ཀྱང་དངོས་གྲུབ་ཕངས་མེད་བསྩལ་བྱའི་གདུལ་བྱ་སྟེ། བོད་པ་ཚོས་སྔར་བཞིན་དྲ་ལམ་དུ་ངོ་ཚའི་གོས་དང་བྲལ་བའི་ཁྲམ་ཇག་འཁྲབ་སྟོན་གྱི་བླ་བརྡོལ་འབྱིན་བཞིན་ཕུགས་དོན་ཅི་ཡིན་ཆ་མི་འཚལ་བའི“སིང་སིང་སིང་སིང” “ཏིས་ཏིས་ཏིས་ཏིས”ཞེས་པའི་གླུ་དབྱངས་ཤིག་ས་སྤུར་རྡོ་སྤུར་བྱེད་བཞིན་འདུག དེར་མ་ཟད། སློབ་ཆུང་སྐད་ཡིག་དགེ་རྒན་ཞིག་གིས་ཐ་སྙད་འགྲེལ་ལོག་ཐེངས་ཤིག་བྱས་པར་ཡང་དགེ་རྒན་གྱི་རུས་མིང་དང་སློབ་གྲྭ་གང་ཡིན་སོགས་ལ་ཡིག་མཆན་གསལ་བོར་བཏབ་ནས་དུས་ཚོད་ལ་ཕུད་བརྒྱག་གཏོང་གིན་མགུ་གང་འདུག་མོད། ཁོ་བོས་ཁ་ཆར་བུ་ཡུག་འཚུབ་པའི་མཐོ་སྒང་གི་རྩེ་མོར་དྲ་ལམ་སློབ་ཁྲིད་ཀྱི་བརྡ་རྟགས་འཚོལ་བའི་སློབ་གྲོགས་སྙིང་ཉེ་བ་དེ་ཚོར་ཤ་དྲོད་བརླན་དགོས་བྱུང་། གཏན་དུ་མིག་གིས་འཚོས་ནས་ཤ་དྲོད་ཡང་ཡང་བརླན་དགོས་བྱུང་།
གློ་བུར་དུ་སད་བཞག་དུས། གནམ་གྲུ་ཐང་། མེ་འཁོར་འབབ་ཚིགས། ཚོང་ཁྲོམ། ཐང་ཆེན། གསོལ་ཁང་། གཞུང་སྒྲུབ་ཁང་། གློག་སྐས་དང་ཐེམ་སྐས། ཐ་ན་གསང་སྤྱོད་ཁང་དང་སྲང་ལམ་ཀུན་པོའི་རྒན་དར་གཞོན་བྱིས་ཡོད་དོ་ཁ་པར་གྱི་ཤེལ་ངོས་སུ་འབྱར་འདུག ཁོ་ཚོའི་ཁྲོད་ཀྱི་ལ་ལ་མོ་ཊས་རྡུང་ལ་བྱེད། ལ་ལ་ཕན་ཚུན་གདོང་ཐུག་བརྒྱག ལ་ལ་ཁ་ཕྱོགས་ལྡོག་ནས་འགྲོ། ལ་ལས་གཟའ་འཁོར་དང་ལོ་ཟླ་ཡང་ངོས་མ་ཟིན་པར་འདུག གླུ་བ་ཞིག་གིས་སྐད་འཕྲིན་དུ་དབྱངས་རྐྱང་ཞིག་བསྐུར་ཡོང་ནས་དེར་གཞས་ཚིག་ཅིག་བསྐང་རོགས་ཟེར། གླུ་མ་ཞིག་གིས་ཁ་པར་ཡོང་ནས་ཇོ་ལགས། ལོ་ཤས་སྔོན་ཁྱེད་ཀྱིས་བྱིན་པའི་གཞས་ཚིག་དེ་བོར་ཟིན་པས་ཡང་བསྐྱར་བསྐུར་དང་དོ་ནུབ་སྒྲ་ལེན་འཆར་ཡོད་ཟེར། རྩོམ་མཁན་ཞིག་གིས་ཀྱང་འཕྲིན་ཐུང་ཞིག་བསྐུར་ཏེ་ཁོའི་བརྩམས་ཆོས་དེ་སྐད་འཕྲིན་ཚོགས་པ་གང་རུང་དུ་ས་སྤེལ་རྡོ་སྤེལ་གནང་རོགས་ཟེར། དེར་མཐུད་ནས་ཅིག་ཅིག་མུག་མུག་ལ་འདེམས་ཤོག་ཅིག་འཕེན་རོགས་ཞེས་ཀྱང་ཡང་དང་བསྐྱར་དུ་སྐུལ་བྱུང་། མདང་ནུབ་སྐྱེས་བུ་དམ་པ་ཞིག་གློ་བུར་དུ་གཟིམ་ཁྲིའི་མཐའ་ཅན་དུ་གྱུར་པར་ཀུན་པོས་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་པའི་མྱ་ངན་ཞུ་བཞིན་འདུག་པར་མ་ཟད། གསོན་བཞུགས་སྐབས་སུ་དམའ་འབེབ་དང་ཕྲག་དོག འགྲེལ་ལོག་དང་སྐུར་འདེབས་བྱ་མཁན་ཚོས་ནི་དེ་བས་ཀྱང་གདུང་སེམས་དྲག་པོ་དང་བློས་མི་དཔོག་པའི་མྱ་ངན་ཚད་མེད་ཞུ་བཞིན་འདུག ངས་ནི་ཁུ་སིམ་མེར་མཆོད་མེ་རྐོང་གཅིག་སྒྲོན་ནས། “མར་ཁུའི་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་དབུས། །ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས། །མུན་པའི་སྐལ་བ་ཡོངས་སུ་བསལ་བྱས་ནས། །འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག །”ཅེས་སྨོན་ལམ་རྣམ་དག་ཅིག་གིས་སྐྱེལ་མ་བྱས། སྟོན་མཇུག་གི་མཚན་མོའི་ཟླ་འོད་ཤིན་ཏུ་དཀར། ཤིན་ཏུ་དཀར་པོའི་ཟླ་ཟེར་གྱི་ངོགས་སུ་སྒྲ་སྙན་གྱི་རྒྱུད་སྐུད་ཕྲ་མོ་ཀྲིག་ཀྲིག་བྱེད། གློ་རྡེག་ཏུ་མིག་ཀོང་ལ་མཆི་མ་ཚ་མོ་ཞིག་ལྟེམས་མེར་འཁྱིལ་འོང་ན་ཡང་མཆི་མ་དེ་མཚོན་བྱེད་ཀྱི་དབྱངས་རྟ་ཞིག་ལར་ནས་རྙེད་མ་བྱུང་། རིགས་ཀྱི་བུ། དེ་དེ་ལྟར་ཏེ། དེ་དེ་བཞིན་ནོ། །མུ་མཐུད་དུ་ཨ་ཁུ་པདྨ་ཁྲོལ་ཅིག་དང་དེ་ནི་ཡུ་བུ་ཅག་གི་མུན་རྡུལ་བསལ་བའི་ཁྲུས་ཆབ་གཙང་མ་དེའོ། །
རྩོམ་གྱི་ཡོང་ཁུངས། ༢༠༢༣ལོའི«མི་རིགས་ཀྱི་རྩོམ་རིག»དེབ་དང་པོ།

འབྲེལ་ཡོད་འོས་སྦྱོར།