རྒན་སངས་རྒྱས་ལགས་ལ་བྲིས་པའི་རྗེས་དྲན་སྙན་ངག
རྩོམ་པ་པོ།:མགར་ཐང་དཀར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-03-03
ཀློག་གྲངས།:
རིགས་ཀྱི་སྒལ་ཚིགས་བརྒྱད་ཅུ་པ།
—རྒན་སངས་རྒྱས་ལགས་འདས་གྲོངས་སུ་གྱུར་པར་སྦྱར།
མགར་ཐང་དཀར།
ཁྱུང་ཆེན་ཞིག་རྒྱང་དུ་འཕུར་སོང་།
གཤོག་ཟུང་གི་བདེན་པ་རང་ཡུལ་དུ་བསྐྱུར་ཅིང་།
རྟོལ་དུ་མེད་པའི་བར་ཐག་ཅིག་ངེད་ཅག་ལ་བཞག་སྟེ།
ཆེས་མཐའི་ལྷིང་འཇགས་ཀྱི་རྨི་ལམ་ལ་དབུ་ཁྱུད་བྲིས།
རྟ་རྒོད་ཀྱི་འཚེར་སྐད་གནམ་མཐའ་རུ་བསུས་ཏེ།
ཁྱོད་རང་བདེ་ལྡན་གྱི་ཞིང་བཀོད་དུ་བཞུད་སོང་།
རྣམ་དཔྱོད་ཀྱི་རྩ་ལག་རྒྱས་པའི་རྒྱལ་སྲས་ཆེན་པོ།
ཁྱོད་ཀྱིས་ཤེས་རབ་ཀྱི་རལ་གྲི་ཕྲག་པར་ཁུར་བ་ནས།
གངས་ཀྱི་ནམ་མཁའ་དེར་འོད་སྣང་ཞིག་མང་དུ་ཕྱིན་ལ།
ལོ་རྒྱུས་ཀྱི་ཉིན་སྲིབ་མཐའ་དག་ཏུ་མེ་ཏོག་གི་ཆར་བ་བབས།
རྒས་གཉེར་ཆགས་པའི་ས་སྲོད་ཀྱི་མཚམས་སྤྲིན་ངོས་སུ།
ལང་ཚོ་ཡི་དཔལ་རྫོགས་པའི་སྐྱེ་སྟོབས་ཀྱི་བདེན་པ་བྲིས།
རྣམ་དཔྱོད་ཀྱི་རྒྱལ་སྲས་དམ་པ་ལགས།
ཁྱོད་རང་བཞུད་པ་སྔ་དྲགས་སོང་།
ངའི་ནང་སེམས་ཀྱི་མེ་ཏོག་སྟེང་དུ།
སྡུག་བསྔལ་གྱི་ཆར་བ་བབས་བྱུང་།
དུས་དེ་རིང་།
ངས་ཁྱོད་ལ་མྱ་ངན་ཞུ་སྟངས་ཁྱད་པར་བ་ནི་མི་འདུག་སྟེ།
ངའི་གདུང་སེམས་ཀྱི་སྨྲ་ཚབ་པ་ནི་མུན་ནག་པའི་ཐ་སྙད་ཀྱི་དཔུང་ཚོགས་ཤིག
ཡང་ན་་་ ་་་།
2023.2.27
འབྲེལ་ཡོད་འོས་སྦྱོར།