logo

འབར་རྡེའུ་ལགས་ཀྱི་སྙན་ངག་ཚན་པ་གཉིས།

རྩོམ་པ་པོ།:སྨན་བླ་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-10 ཀློག་གྲངས།:
རྩྭ་ཐང་གི་བུ་མོ།
 
མིག་ཟུང་གི་སྐར་མདས་ཡུལ་ལྗོངས་ལྟེབས་ན།
ཕ་གིའི་སྙན་ཚིག་དང་ཆིག་ཤད་མཐོང་ངམ།

བྲག་སྲུབས་ནས་འཕྱུར་བའི་གཡང་དཀར་ཚོམ།
ཁོ་མོའི་མགུལ་རྒྱན་གྱི་ཞལ་ལ་དཔྱངས།
ཟིལ་རྩྭ་ལ་ཡན་པའི་མེ་ཏོག་གི་ཁྱུ།
ཁོ་མོའི་གླུ་ངག་གི་བྲག་ཅས་དཀྲོགས།
སྤྲིན་དཀར་དང་སྤྲིན་དཀར་བསྡུས་ནས་གང་ལ་འགྲོ།

སྐབས་ཤིག་ལ།
ཨ་མ་དང་ཨ་མའི་གཏམ་རྒྱུད་གསོན།
རླབས་ཆེན་གྱི་ཐ་སྙད་སླར་ཡང་རྙེད།

སྟོན་ཁས་ཡོངས་སུ་བཏང་བའི་བྱ་བཞག་མེད་མོད།
ནོར་ནག་གི་རྨུག་རྗེས་གོར་མོ་དྲི་རྟགས་འདྲ།
ཁྱོད་ཀྱང་རྫ་སྒང་གི་བསེར་བུར་སིམ་འགྲོ།

*1989.10.11རྩོམ་པ་པོ་ལྷ་སར་འགྲོ་ཐེངས་གཉིས་པར།
གདང་ལའི་རི་རྒྱུད་དུ་ལུག་རྫི་བུ་མོ་ཆུང་ཆུང་ཞིག་མཐོང་བ་ལོ་བརྒྱད་ལས་ཡོལ་མེད་པ་འདྲ།

ཆུ་ལེན་བུ་མོ། 

སླར་ཡང་། སྦྲ་མཐའི་ཤ་ཁྱི་དེའི་མིག་ཟུང་ལས།
སྨེ་བདུན་གྱིས་མགོ་བོ་སྨད་དུས།
ཁྱོད་རང་ཨ་ཕའི་རྨི་ལམ་ལས་འཇབ་ཡོང་།

འཇོ་སྒེག་གི་བསླུ་བྲིད་དྲག་པོས།
རྩི་ཏོག་གི་མིག་ཆུའི་ཕྲེང་ཐག་ཆད།
གླུ་ངག་གི་བྲག་ཅས་གནམ་སའི་ཧྲག་བར་ཕྱེས།
ཆེས་གསར་བའི་འདོད་འདུན་རེ་རེ་སྐྱོགས་ལ་བཅུས།

ཁྱོད་ཀྱི་ཟོ་ཁ་ན་འཕྱོ་བ།
མཚམས་སྤྲིན། སྦྲ་གུར། མེ་ཏོག
ཚོན་མདོག་གི་ཞོགས་པ་ཞིག་ཡུལ་ལ་ཁུར།
འབྲེལ་ཡོད་འོས་སྦྱོར།