logo

གདོན་མིག་གི་ལྷུག་རྩོམ་ཁག་གཉིས།

རྩོམ་པ་པོ།:གདོན་མིག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-24 ཀློག་གྲངས།:
སྐྱག་སྦྲང་།
གདོན་མིག
 
       རྒྱ་མཚོའི་ངོས་ལས་སྨི་བཞི་སྟོང་ལྷག་ལས་ལྷག་པའི་གངས་འདབས་འདི་རུ། ནམ་ཟླ་ཇེ་དྲོར་སོང་སྟེ་དབྱར་གྱི་ཚ་བ་རྒྱས་ནའང་བྱ་བྱེའུ་འབའ་འབུ་མང་པོ་ཞིག་མཐོང་རྒྱུ་མེད། ཡོད་པ་ནི་གངས་གཅོང་དང་གངས་བྱེའུ། རྒོད་པོ་དང་ཨ་བྲ་སོགས་རེད། ཡང་ན། མགོ་འཁོར་བའི་ཕྱེ་ལེབ་འགའ་དང་སྐྱག་སྦྲང་འཁྱམ་པོ་འགའ་རེད། དེ་ག་ནི་ནམ་རྒྱུན་དུ་མཐོང་ཐུབ་པའི་གངས་འདབས་ཀྱི་སེམས་ཅན་འགའ་ཡིན།
       སྐྱག་སྦྲང་ཞེས་པའི་མིང་འདི་ནི་དེ་འདྲའི་སྙན་མོ་ཞིག་མིན་ནའང་། མིང་འདི་ནི་མིའི་རིགས་ཀྱིས་མ་རངས་པའི་ཚུལ་དུ་ཕར་བཏགས་པ་ཞིག་མིན་པར། སྐྱག་སྦྲང་ཁོ་རང་གི་བྱ་བྱེད་ཀྱིས་མིང་འདི་ཁུར་དུ་བཞེས་པ་ཞིག་ཡིན་ལས་ཆེ། གང་ལྟར། ས་གང་ལ་སོང་ཡང་གྲང་རེག་གི་ནམ་ཟླས་མི་ཁོག་པའི་འབུ་སྲིན་ཞིག་ཡོད་པ་ནི་སྐྱག་སྦྲང་རེད་ལ། ག་ས་གང་དུ་མིའི་རིགས་ཀྱི་སུན་སྣང་ཁྲོད་ན་རྟུལ་ཕོད་ཀྱིས་འཚོ་བའང་སྐྱག་སྦྲང་རེད།
       ང་རང་རོང་བ་ཞིག་མིན་ནའང་ནར་སོན་སའི་ཕ་ཡུལ་ནི་གངས་འདབས་འདི་ལས་ས་བབ་ཤིན་ཏུ་དམའ་བས། ཆུང་དུས་སུ་འབུ་སྲིན་གྱི་རྒྱལ་པོ་འཚོལ་བའི་རྩེད་འཇོ་སྣ་ཚོགས་པའི་ཁྲོད། དབྱིབས་དང་ཁ་དོག་མི་འདྲ་བའི་འབུ་སྲིན་མང་པོ་མཐོང་མྱོང་ལ། ནུས་པ་དང་དལ་མགྱོགས་མི་འདྲ་བའི་འབུ་སྲིན་ཡང་བགྲང་ལས་འདས་པ་ཞིག་ལ་ཐུག་མྱོང་། འོན་ཀྱང་། སུན་སྣང་སྐྱེ་བའི་འབུ་སྲིན་ཞིག་ལ་འཕྲད་མྱོང་མེད་ཅིང་། གཏན་དུ་མེད་ན་ཨང་བསམ་པའི་འབུ་སྲིན་ཞིག་ཀྱང་ཡོད་མྱོང་མེད། འབུ་སྲིན་དེ་དག་ལས་སྐྱག་སྦྲང་ནི་སྒོ་ཕྱི་ཁྱིམ་གང་ནས་བསྡད་ཀྱང་ཁ་མིག་ཏུ་འཚང་འོང་ནའང་། དེ་ནི་སྐྱག་སྦྲང་གི་འཚོ་སྟངས་རྒྱུན་ལྡན་ནང་གི་རྒྱུན་ལྡན་ཞིག་ལ་བལྟས་པ་ཡིན།
       ངས་སྐྱག་སྦྲང་དང་སྦྲང་ནག ཤ་སྦྲང་སོགས་ཀྱི་དབྱེ་བ་གསལ་བོ་ཞིག་མི་ཤེས་པས་དེ་ཚོ་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་བཞིན་ཡོད། དོན་དངོས་སུའང་དེ་ལྟར་ཡིན་པ་འདྲ། གང་ལྟར། གཤོག་སྒྲ་ཆུང་ངུ་ཞིག་དང་ལྡན་པའི་འབུ་སྲིན་འདི་ལ། མགོ་ཡིས་མི་ཚད་པའི་མིག་ཟུང་ཆེན་པོ་གཉིས་ཡོད་ཅིང་། གཤོག་སྒྲོ་ལས་བརྒལ་བའི་སུག་ཀྱོག་རིང་པོ་གཉིས་ཡོད། ད་དུང་ལག་པ་ཐུང་ངུ་གཉིས་ཀྱང་ཡོད་པས། དངོས་པོ་གང་ཞིག་གི་ངོས་སུ་བབས་ནའང་གོམ་འགྲོས་ཤིན་ཏུ་མགྱོགས་ཤིང་། ཐལ་མདོག་གི་གཤོག་སྒྲོ་དེ་གཉིས་བརྐྱངས་པ་ཙམ་གྱིས་མིག་གི་དབང་བོས་འཛིན་མི་ཐུབ་པའི་འཕུར་རྩལ་ལྡན། དེ་འདྲའི་འཕུར་རྩལ་ཞིག་ལ་མི་སུ་ཡིན་ཡང་ཡིད་སྨོན་མི་སྐྱེ་ཅི་ལ་སྲིད།
       ཆུང་དུས་སུ་ང་རང་རྩེད་མོ་བརྩེས་ནས་ཐང་ཆད་ཚེ་ཁྱིམ་ལ་ཡོང་སྟེ་གན་རྐྱལ་དུ་ལོག་ནས་ངལ་གསོ་རྒྱུར་དགའ། ངལ་གསོ་བའི་དུས་སྐབས་དེ་ནི་ཏག་ཏག་སྐྱག་སྦྲང་གི་འཕུར་སྐྱོད་ལ་ལྟད་མོར་གཡེང་བའི་དུས་ཚོད་ཡིན། བྱིས་དུས་སུ་ཁང་བའི་གནམ་གཅལ་དེའང་ཤིན་ཏུ་མཐོན་པོ་ཞིག་ཡིན་སྣང་འཆར། དེ་འདྲའི་མཐོ་ས་ཞིག་ཏུ་གར་འཕུར་གང་འབབ་ལ་རང་དབང་ལྡན་པའི་སྐྱག་སྦྲང་དེ་ཡིས། ངའི་སེམས་པ་ཆུང་ཆུང་འདིའི་ཡིད་དབང་ཅིག་གྱུར་ཏུ་འཕྲོག་མྱོང་ལ། སྦྲང་སྐྱག་ཁབ་རྩེ་འདྲ་བ་མཐའ་ཡས་པས་གྱང་ངོས་དང་ཤེལ་སྒོའི་ངོས་སུ་མི་གཙང་བའི་རི་མོ་སྣ་ཚོགས་ཕབ་ཡོད་པའང་གསལ་བོར་དྲན་གྱིན་འདུག ཡིན་ནའང་། དེ་དུས་ངས་སྐྱག་སྦྲང་ལ་བཟུང་བའི་ལྟ་ཚུལ་ནི་མེ་ཏོག་ཅིག་ལྟར་ཧ་ཅང་དྭངས་ཤིང་གཙང་ངོ་། །
       ནམ་ཟླ་སྟོན་ལ་སླེབས་པའི་ས་སྲོད་ཅིག་ལ། ངེད་ཚང་གི་ར་མ་ཞིག་གི་སྐེ་བ་སྤྱང་ཀིས་རྨས་སོང་། ཉིན་འགའི་རྗེས་སུ་ཨ་ཕས་ར་མ་དེའི་རྨ་ཁར་དུག་ལས་བྱེད་དགོས་ཟེར། ཨ་ཕ་ལུག་རའི་ནང་ལ་སོང་ནས་ར་མ་དེ་བཟུང་ནས་མནན་བྱུང་། ང་གློ་རྡེག་ཏུ་གམ་ལ་སོང་སྟེ་ལྟ་དུས། ར་མའི་སྐེ་བ་ཧྲིལ་བོར་འབུ་མང་པོ་ཞུགས་འདུག ཨ་ཕས་དམ་བུའི་ནང་གི་སྨན་དེ་ར་མའི་སྐེ་བར་བླུགས་པ་ན། འབུ་དཀར་པོ་དེ་དག་མགོ་རྔ་ཐོ་གཏུག་ནས་འགུལ་གྱིན་བྱུ་རུ་བཞིན་ཐོར་འོངས། ཨ་ཕས་བཤད་ན་འབུ་དེ་དག་ནི་སྐྱག་སྦྲང་གི་སྐྱག་པ་རེད་ཟེར། དུས་དེ་ནས་བཟུང་ངས་སྐྱག་སྦྲང་ལ་བཟུང་བའི་ལྟ་ཚུལ་ཅུང་ཙམ་འགྱུར་སོང་བ་འདྲ།
       རྗེས་སུ་ངས་རང་གི་ལུས་དང་ལག་པར་རྨ་ཁ་ཅུང་ཙམ་རེ་བཟོས་ནའང་། བལ་དང་རས་ཀྱིས་གཅུད་ནས་བདག་ཡག་པོ་བྱས་པ་ཡིན། དེ་ནི་སུ་དང་གང་གིས་བསྐུལ་བ་མ་ཡིན་པར་སྐྱག་སྦྲང་གིས་རྨ་ཁར་སྐྱག་པ་བཏང་སྟེ་འབུ་ཞུགས་ཨེ་འགྲོར་སྐྲག་པ་ཡིན། གང་ལྟར། ཨ་མས་རྒྱུན་པར་མར་སྒམ་ནང་དུ་འཇོག་པ་དང་ཤ་འཁྱག་སྒམ་ཏུ་བསྡུ་བའམ་སྐེམ་པ། འོ་མ་ལྟེམ་པའི་བཞོ་ཟེའུ་ཡི་ཁ་འགེབ་པ། འོ་ཇ་འཐུང་འཕྲོ་ཙམ་ཡང་མི་སྐྱུར་བ། ཤ་ཁུ་ཉུང་ཙམ་ཡོད་ནའང་མྱུར་དུ་ཁྱི་ལ་ལྡུད་པ་སོགས་བྱེད་པ་ནི་ངས་གཞི་ནས་ཧ་གོ་སོང་། ལས་ཀ་དེ་དག་ནི་སྐྱག་སྦྲང་དང་ལག་སྔ་རྩོད་པ་ཞིག་ཅི་ལ་མིན་ཨང་།
       དེ་ནས་བཟུང་སྟེ། ངས་མིག་གི་དབང་བོས་སྐྱག་སྦྲང་གི་འཕུར་རྩལ་ལ་དོ་སྣང་བྱས་པ་ཡིན། སྐྱག་སྦྲང་ནི་སྣུམ་དང་ཤ་ཁྲག་འཇིབ་པར་དགའ་བའི་འབུ་སྲིན་ཞིག་རེད། སྣུམ་དང་ཤ་ཁྲག་གི་དྲི་ཙམ་སྣོམ་པས་ཀྱང་དེ་མུར་སྐྱག་པ་གང་དེར་གཏོང་མཁན་གྱི་འབུ་སྲིན་ཞིག་རེད། ངས་སྐྱག་སྦྲང་གི་བྱ་བྱེད་དེ་དག་ཤེས་འཕྲལ་ཁོ་ལ་དགའ་བོ་གཏན་ནས་བྱེད་ཀྱིན་མེད་ལ། གང་ན་མངར་བའི་དྲི་དང་ལྡན་ཚེ། སྙིང་ཉེ་བའི་གཤོག་ཟུང་རྨས་དགོས་ཀྱང་འཕུར་འོང་སྲིད་ཅིང་། གང་ན་ཞིམ་པའི་ཟས་མཆོག་ཅིག་ཡོད་ཚེ། ནམ་ཟླའི་གྲང་རླུང་ལ་མི་འཛེམ་པར་འཕུར་འོང་བ་ཞིག་རེད། ཐ་ན། མི་གཙང་སྙིགས་ལུད་སྤུངས་པའི་སྤྱོད་ཁང་དུའང་འཚང་ཡོང་སྟེ། མི་གཙང་སྐྱག་མེར་ལངས་པའི་དྲི་ལའང་བསྣོམ་རྒྱུར་ཐེ་ཚོམ་ཡེ་མེད་པས། ད་ལྟ་ང་རང་སྐྱག་སྦྲང་ལ་སུན་ཞིང་། དྲི་ཙམ་སྣོམ་པའི་སླད་དུའང་འཕུར་རྩལ་གྱི་འཁྲབ་སྟོན་ལ་ཞུགས་པའི་སྐྱག་སྦྲང་ལ་དེ་བས་ཀྱང་ཤིན་ཏུ་སྡང་།
       དེ་ལྟར་ཡིད་སུན་སྐྱེས་པས་ཡིན་ནམ། གྲང་རླུང་རྒོད་པའི་ནམ་ཟླ་ཧ་ཅང་འཁྱག་པའི་གངས་འདབས་འདི་རུའང་། དྲོ་སྐྱིད་ལྡན་པའི་དབྱར་ཟླ་ཞིག་མ་སླེབས་པའི་སྔ་རོལ་ཏུ། སྐྱག་སྦྲང་མང་པོ་འཕུར་ཡོང་གིན་འདུག རླུང་དང་བསེར་བུའི་གཤོག་ཟུང་སྒུལ་ཙམ་བྱས་ཀྱང་། སྐྱག་སྦྲང་དེ་དག་གིས་མི་གཙང་བའི་ཤ་ཁྲག་གི་དྲི་ཙམ་སྣོམ་པའི་ཕྱིར་དུ། ཁང་མིག་གི་བར་སྣང་དུ་འཕུར་ཡོང་སྟེ། ངའི་ལྷིང་འཇགས་ཀྱི་རྨི་ལམ་དཀྲོག་བྱུང་། ཡང་ན། སོས་དཀའ་བའི་རྨ་ཁར་བབས་ནས་བཟོད་དཀའ་བའི་ན་ཟུག་ཡང་ཡང་བསླངས་འོངས།
༢༠༢༡ལོའི༤ཚེས༣༠ཉིན་གྲུབ།

བཞི་ལམ་འདི་ནས།

       མི་ཚེ་འདིར་བཞི་ལམ་མང་པོ་ཞིག་བརྒྱུད་མྱོང་ཡང་། བཞི་ལམ་དེ་དག་ད་ལྟ་སྣང་ཡུལ་ན་མི་འདུག
       གྲོང་ཚོ་ཆུང་ངུ་འདི་ནི་ང་ཡི་ཕ་ཡུལ་རེད། བཞི་ལམ་སྐྱ་བོ་འདིའང་ང་ཡི་ཕ་ཡུལ་དང་འདྲ།
       ཁྱེད་རང་བཞི་ལམ་འདིར་ཐེངས་དང་པོར་བརྒྱུད་དུས། ཁྱེད་ཀྱིས་ང་རང་གྲོང་ཚོ་འདི་རུ་ཡོད་པ་མི་ཤེས་ལ། འུ་གཉིས་བཞི་ལམ་འདི་ནས་མ་འོངས་པར་མཇལ་སྲིད་པའང་མི་ཤེས། གང་ལྟར། དུས་ཚོད་མང་པོ་ཞིག་འདས་ཤིང་། དོན་བྱ་སྣ་ཚོགས་ཤིག་བསྟུད་མར་འདས་པའི་རྗེས་ལ། འུར་ཟིང་གིས་ཁེངས་བའི་གྲོང་ཚོ་ཆུང་ངུ་ཞིག་ནས་འུ་གཉིས་གློ་བུར་མཇལ་སོང་། གྲོང་ཁྱེར་གྱི་བཞི་ལམ་འདིའི་གཡས་གཡོན་ནས་གློ་བུར་མཇལ་སོང་།
       ལམ་སྣེ་གཅིག་ལྷོ་མཐའི་སྤྲིན་ལ་ཟུག་ཡོད། དེ་རུ་གསོམ་དཀར་ནགས་ལྗོངས་རྒྱས་ཡོད། ལམ་སྣེ་གཅིག་བྱང་འབྲོག་ཡུལ་ལ་ཟུག་ཡོད། དེ་རུ་ཁྱེད་ཀྱི་གཞིས་ཁྱིམ་བཅོས་ཡོད། ལམ་སྣེ་གཅིག་དེ་ཤར་ཕྱོགས་ཡུལ་ལ་འཐེན་ཡོད། དེ་རུ་ཁྱེད་ཀྱི་སྡུག་བསྔལ་ལྷག་ཡོད། ལམ་སྣེ་གཅིག་ནུབ་རིའི་ཕྱོགས་སུ་འཐེན་ཡོད། དེ་རུ་ཁྱེད་ཀྱིས་ཆུང་དུས་བསྐྱུར་བའི་ཕ་ཡུལ་གནས་ཡོད། ཡིན་ནའང་། ད་ལྟ། ཁྱེད་ཀྱི་ཕ་ཡུལ་ཡང་བཞི་ལམ་འདི་དང་འདྲ། མ་མཐའ་ཡང་། འུ་གཉིས་བཞི་ལམ་འདིར་ཐེངས་མང་པོར་མཇལ་བའི་རྗེས་སུ་དེ་ལྟར་རེད། ངའང་དེ་ལྟར་རེད། ཁྱོད་རང་བཞི་ལམ་འདི་རུ་ཡོད་པས། ང་རང་བཞི་ལམ་འདི་ལ་ཕ་ཡུལ་ལས་ཀྱང་བརྩེ་འདང་ཆེ་བ་འདུག
       བཞི་ལམ་འདི་ནས། ཐོག་མར་ཁྱོད་རང་ཤེས་ཤིང་། ཁྱོད་དང་ཐེངས་མང་པོར་ངོ་ཐུག་ནས་ཁ་བརྡ་ཡར་མར་མང་པོ་བྱས། བཞི་ལམ་འདི་བརྒྱུད་ནས་འགྲོ་དུས། ཁྱོད་རང་ཡིད་ལ་མ་ཤར་བ་ཐེངས་གཅིག་མེད། དེ་བས། དུས་ནམ་ཡིན་ཡང་། བཞི་ལམ་འདིའི་གཡས་གཡོན་ནས། ནམ་རྒྱུན་ཁྱོད་རང་དྲན། ཡིན་ནའང་། དེ་རིང་གི་ས་སྲོད་དུས་ལ། འུ་གཉིས་ཐེངས་མ་སྟོང་ཕྲག་མང་པོར་སོང་མྱོང་བའི་བཞི་ལམ་འདི་བརྒྱུད་དུས། ཁྱེད་ཀྱིས་ང་ལ་བཤད་པའི་སྐད་ཆ་དེ་དག་ནི་ཆར་ཆུ་བཞིན་ང་ཡི་སྙིང་ལ་བབས་སོང་། སེམས་པ་ཁེར་རྐྱང་གི་ཚོར་བ་རྒྱུན་པར་ཡོད་པའི་མི་ཞིག་ལ་མཚོན་ན། དེ་ལས་ལྷག་པའི་སྐྱོ་གདུང་ཞིག་གང་ན་འདུག་ཨང་།
       བཞི་ལམ་འདི་ནས། ངས་ཁྱེད་ཀྱི་རྐང་རྗེས་བཙལ་ནས་མེ་ཏོག་བཞིན་སྙིམ་པའི་ནང་དུ་འཛིན་འདོད། བཞི་ལམ་འདི་ནས། ངས་ཁྱེད་ཀྱི་དཀའ་སྡུག་གི་མིག་ཆུ་བཙལ་ནས་མུ་ཏིག་བཞིན་སྐེ་རྒྱན་བཟོ་འདོད། བཞི་ལམ་འདི་ནས། ངས་ཁྱེད་ཀྱི་འདས་སོང་གི་དུས་ཚོད་ཡོད་ཚད་བཙལ་ནས་ལང་ཚོའི་བདེ་སྐྱིད་བསྟབས་འདོད། བཞི་ལམ་འདི་ནས། ངས་ཁྱེད་ཁོ་ན་བཙལ་ནས། ང་རང་གི་མི་ཚེ་ཚར་སོང་ན་འདོད། དེ་བས། བཞི་ལམ་འདི་རུ། དུས་རྒྱུན་རླུང་བུ་ཤུར་ཤུར། རླུང་བུ་ཤུར་ཤུར།
༢༠༢༢ལོའི༦ཚེས༡མཚན་མོའི་ནམ་གུང་ལ།
འབྲེལ་ཡོད་འོས་སྦྱོར།