logo

༄༅། །ནད་བརྒྱ་སྨན་གཅིག

རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-04-05 ཀློག་གྲངས།:
       ནམ་རྒྱུན་འཚོ་བའི་ཁྲོད་དུ་ཉེ་འབྲེལ་གྲོགས་པོ་ལ་འཕྲིན་ཡིག་འབྲི་བའམ་མི་གཞན་ལ་ཁ་ཡ་བྱེད་པའི་སྐབས་སུ། ཁྱེད་རང་བདེ་མོ་ཡིན་ནམ་ཞེས་འཚམས་འདྲི་བྱེད་པ་འུ་བུ་ཚོའི་གོམས་གཤིས་སུ་ཆགས་ཡོད། བདེ་མོ་ཡིན་ནམ་ཞེས་པའི་སྐད་ཆ་འདི་གུས་ལུགས་མཚོན་བྱེད་ཁོ་ན་ཙམ་དུ་མ་ཟད་པར། རང་གཞན་ཚང་མ་བདེ་ཐང་ཡིན་པར་སྨོན་པའི་སེམས་འདུན་མཚོན་བྱེད་ཀྱི་སྨྲ་བརྗོད་ཅིག་ཀྱང་ཡིན་པར་ངོས་འཛིན་ཆོག
       བདེ་ཐང་ཟེར་བ་དེ་ནད་ཀྱིས་མ་ཟིན་པར་བདེ་མོ་ཐང་བོ་ཡིན་པར་གོ་དགོས་ཤིང་། དེ་ཡང་རྗེ་ཙོང་ཁ་བས་མཛད་པའི་བདེ་སྨོན་ལས། སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་སྒྲུབ་པའི་བར་ཆད་ལུས་དང་སེམས་ཀྱི་ནད་ཐམས་ཅད་འཇོམས་པར་བྱེད་པ་ཞེས་གསུངས་པ་ལྟར། ལུས་ཕུང་གཅིག་པུ་མ་ཡིན་པར་། ལུས་སེམས་གཉིས་ཀ་ནད་ཀྱིས་མ་ཐེབས་པར་བདེ་ཐང་ཡིན་པ་སྟེ། ལུས་ཕུང་དང་སེམས་ཁམས་གཉིས་ཀ་བདེ་ཐང་ཡིན་པར་གོ་བ་ལེན་འོས་མོད། འོན་ཀྱང་མི་ཕལ་མོ་ཆེས་ལུས་ཕུང་བདེ་ཐང་ལ་དོ་ཁུར་ཆེར་བྱེད་པ་ལས། སེམས་ཁམས་བདེ་ཐང་ལ་དེ་འདྲའི་དོ་སྣང་མི་བྱེད་པ་རེད། དེ་ཕྱིར། ཁྱེད་རང་བདེ་མོ་ཡིན་ནམ་ཞེས་བརྗོད་པའི་ཚེ་ནའང་ཕ་རོལ་པོའི་ལུས་ཕུང་ཁོ་ན་བདེ་ཐང་ཡིན་མིན་དྲིས་པ་ལས། སེམས་ཁམས་བདེ་ཐང་ཡིན་མིན་དྲིས་པ་མིན།
       དོན་ངོ་མར་རང་ཅག་གི་ཁྲོད་ནའང་ལུས་ཕུང་བདེ་ཐང་མིན་པ་མང་ངེས་ཤིང་། སེམས་ཁམས་བདེ་ཐང་མིན་པ་དེ་ལས་ཀྱང་མང་ངེས་ཏེ། ང་ཚོ་འཚོ་ཞིང་གནས་པའི་མདོ་དབུས་མཐོ་སྒང་ཟེར་བའི་ཡུལ་གྲུ་འདིར་ཡང་། ཆགས་སྲེད་སྨྱོ་ཧམ་གྱི་འདམ་རྫབ་དང་། ཁོང་ཁྲོ་ཞེ་སྡང་གི་མེ་འོབས། ཕྲག་དོག་མིག་སེར་གྱི་ཚེར་ཕུང་། ཉེ་རིང་ཕྱོགས་ཞེན་གྱི་ལྗན་ལྗིན། འཐབ་རྩོད་འཁྲུག་ལོང་གི་དུག་རླངས། བཙན་ཤེད་གཏུམ་སྤྱོད་ཀྱི་རླུང་དམར། གཡོ་སྒྱུ་ཁྲམ་གསུམ་གྱི་བུ་ཡུག །དཀར་ནག་གོ་ལྡོག་གི་ནད་ཡམས་སོགས་ཡ་ང་ཞིང་ཡི་མུག་དགོས་པའི་དོན་དག་དུ་མ་གང་སར་མཐོང་དུ་ཡོད་ཅིང་། མི་མང་བོ་ཞིག་ཡིད་ཀྱི་ཤེས་པ་འཕྱོ། སེམས་ཀྱི་དྲན་ཤེས་འཕྲུལ། མཚན་མོ་གཉིད་ཀྱི་སྤྲོ་བ་ཉམས། ཉིན་མོ་ཟས་ཀྱི་ཡི་ག་འགག །འདང་རྒྱག་གི་ཀློང་དུ་ལྷུང་། རེ་དོགས་ཀྱི་སྦུབས་སུ་ཚུད་དེ། ཁོ་ཚོས་སྲིན་འབུའི་ཁ་ཆུས་རང་ལུས་འཆིང་ཞིང་། སྨྱོན་པའི་རལ་གྲིས་རང་སྲོག་གཅོད་པ་ལྟར། རང་སྡུག་རིན་མེད་དུ་ཉོས་ནས་བག་ཕེབས་གུ་ཡངས་ཀྱི་བདེ་ཐང་གི་མི་ཚེའི་འཚོ་བའི་དགའ་བ་ཉམས་སུ་མྱོང་མི་ཐུབ་པ་ཅི་ཞིག་ལན་པ་ཡིན་ནམ་ཞེ་ན། དེ་ནི་ཇི་སྐད་དུ། སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །ཞེས་གསུངས་པ་ལྟར། དེ་དག་ཐམས་ཅད་སེམས་ཀྱི་དབང་དུ་གྱུར་ནས་བྱུང་བ་སྟེ། གསལ་བོར་བཤད་ན་ནད་རིགས་བཞི་བརྒྱ་རྩ་བཞིའི་སློང་རྐྱེན་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་སྣ་འདྲེན། མི་འདོད་རྒུད་པ་ཐམས་ཅད་ཀྱི་འབྱུང་རྩ་མི་རྣམས་ཀྱི་བདེ་ཐང་མིན་པའི་སེམས་ཁོ་ན་ལ་ཐུག་ཡོད་པ་ཡིན། དེ་ཕྱིར་གནའ་སྔ་མོར་རྒྱ་གར་གྱི་སློབ་དཔོན་ཞི་བ་ལྷས་གནས་ལུགས་དེ་མ་རྟོགས་པའི་མི་རྣམས་ལ་ཕངས་སེམས་ཀྱི་ཚུལ་དུ། གང་གིས་ཆོས་ཀྱི་དོན་པོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམས། །ཞེས་གསུངས་ཡོད།
       རྒྱལ་བོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་གསུངས། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་། །ཞེས་དང་། གསོ་རིག་རྒྱུད་བཞི་ལས། དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །རླུང་མཁྲིས་བད་ཀན་རིམ་པས་བསྐྱེད་པའི་རྒྱུ། །དེ་ལ་དུས་གཉན་ཟས་དང་སྤྱོད་ལམ་བཞིས། །དེ་དག་འཕེལ་དང་ཟད་པར་གྱུར་ནས་ནི། །པགས་ལ་གྲམ་ཞིང་ཤ་ལ་རྒྱས་པ་དང་། །རྩ་རུ་རྒྱུ་ཞིང་རུས་ལ་ཞེན་པ་དང་། །དོན་ལ་བབ་ཅིང་སྣོད་དུ་ལྷུང་བར་འགྱུར། །ཞེས་པ་ལྟར། དུག་གསུམ་གྱིས་རྒྱུ་དང་རྐྱེན་བྱས་ཏེ་མི་ལུས་རིན་པོ་ཆེར་ནད་བྱུང་ན། སྤྱིར་བཏང་དུ་བལྟས་ན་མཐོང་རྒྱུ་དང་། རེག་ན་ཐུག་རྒྱུ་ཡོད་ཅིང་། ནད་བྱུང་བའི་མི་རང་ཉིད་ཀྱིས་སྡུག་བསྔལ་གྱི་ཚོར་བ་དྲག་ཞན་བར་མ་གང་རུང་ཉམས་སུ་མྱོང་བར་འགྱུར་བ་ཡིན། གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་ཨ་སྟག་ལྷ་མོ་ལས། མགོ་སྤྱི་གཙུག་འདི་ལ་གཟེར་ཞིག་བྱུང་། །རྐང་མཐིལ་ཆུང་དཀྱིལ་ལ་དལ་ལེར་བབ། །སྙིང་སྲོག་རྩའི་དཀྱིལ་ལ་ཤ་ལེར་བྱུང་། །སྟོད་འདི་ལ་ཚ་བ་མེ་ལྟར་འབར། །སྨད་འདི་ལ་གྲང་བ་ཆུ་ལྟར་ཁོལ། །ཁོག་འདི་ན་བད་ཀན་རི་ལྟར་ནོན། །སྔས་མཐོན་པོ་བཞག་ན་དོང་ལས་དམའ། །གོས་འཇམ་པོ་གྱོན་ན་ཚེར་ལྟར་རྩུབ། །ཟས་ཞིམ་པོ་ཟས་ན་དུག་ལས་ཁ། །གཏམ་སྙན་པོ་བཤད་ན་མདའ་ལྟར་ཕོག །ལུས་འབྱུང་བཞི་འཁྲུག་པས་ཉིན་མཚན་ནོར། །ཞེས་པ་ལྟ་བུའི་ན་ཚ་དྲག་པོ་ཕོག་ན་སྡུག་བསྔལ་གྱི་ཚོར་བ་ལྷག་པར་རྣོ་བ་བཤད་མ་དགོས།
       མི་སུ་ཞིག་ཡིན་ནའང་། སྤྱིར་ན་ཚ་དྲག་པོ་ལྟ་ཅི་ལུས་འབྱུང་བཞིའི་འདུ་བ་ཆ་མ་སྙོམས་པར་ཚ་གྲང་ནད་ཀྱི་ཟུག་གཟེར་ཆུང་ངུ་རེ་ལངས་ནའང་སྨན་པ་འཚོལ་དུ་འགྲོ་སྲིད་ཅིང་སྨན་བཅོས་བྱེད་ངེས་པ་ཡིན། དཔེར་ན་བསེ་མོག་རེག་དུག་གམ་རྒྱ་རྨ་ཟེར་བའི་མཚན་མའི་ནད་དང་། མཚན་བར་བརྡོལ་བ་ལྟ་བུའི་གསང་གནས་ཀྱི་ནད་བྱུང་བ་དག་གམ། ཡང་ན་ནད་བྱུང་ནས་སྨན་བཅོས་བྱེད་པ་བསླབ་བྱ་གང་ཞིག་དང་འགལ་བར་དོགས་པའི་ཨུ་ཚུགས་མཐར་སྐྱེལ་བྱེད་མཁན་རེ་གཉིས་ཀྱིས་ངོ་ཚ་བ་སོགས་རྒྱུ་མཚན་གཞན་གང་རུང་གི་དབང་གིས་རང་ལུས་ནད་ཀྱིས་བཟུང་བ་གསང་བའམ་བཟོད་བསྲན་བྱས་ཏེ་སྨན་བཅོས་མི་བྱེད་པ་སྲིད་མོད། འོན་ཏེ་ཁོ་ཚོས་རང་ལུས་ལ་ནད་བྱུང་ཡོད་པ་ཤེས་ནི་ལོས་ཤེས།
       ཡིན་ནའང་། མི་ཕལ་མོ་ཆེར་མཚོན་ན་སེམས་ཁམས་ལ་ནད་བྱུང་ན། ནད་བྱུང་ཡོད་པར་ཤེས་དཀའ་ཞིང་། ཤེས་པའི་དབང་དུ་བཏང་ན་ཡང་སྣང་མེད་དུ་བཞག་ནས་བཅོས་ཐབས་མི་བྱེད་པ་ཡིན། སློབ་དཔོན་ཞི་བ་ལྷས། ཁྲོ་བར་བྱ་ཞེས་མ་བསམས་ཀྱང་། །སྐྱེ་བོ་རྣམས་ནི་གྱི་ནར་ཁྲོ། །བསྐྱེད་པར་བྱ་ཞེས་མ་བསམས་ཀྱང་། །ཁྲོ་བ་དེ་བཞིན་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། ཅི་མ་ཡིན་ལ་འཚིག་པ་ཟ་བ། ཝལ་མ་ཝོལ་ལ་ཁོང་ཁྲོ་ལང་བ་ལྟ་བུ་དང་། རང་ཅག་གི་ཁ་ར་ཁོར་ཡུག་གི་མི་རྣམས་ཀྱི་ཁྲོད་ན་རང་གིས་རང་ལ་ཡིད་མ་ཆེས་པར། མི་མ་ཡིན་ལ་དད་ཞེན་ཆེ་ཞིང་། ར་མ་ལུག་གི་ཆ་ལུགས་འཛིན་པ་དང་། དེ་བཞིན་དུ་དཔེར་ན་སྡིག་སྡུག་གཏམ་ངན་གྱིས་མི་ཚེ་འདའ་བ། དོན་མེད་སེམས་ཁྲལ་གྱིས་རང་ཉིད་མནར་བ། མཚན་མོ་སྟོང་འདང་བརྒྱབ་ནས་གཉིད་མི་ཁུགས་པ། ཉིན་མོ་སྟོང་འུར་ལངས་ཏེ་སྡོད་མི་ཚུགས་པ། མི་ཚེ་རེ་བ་བརྒྱབ་ནས་ཟད་པ་དང་། ན་ཚོད་འགྲན་སེམས་བཅངས་ཏེ་ཡོལ་བ། མི་སྡེའི་ཁ་ཡི་ལྐོག་གཏམ་ལ་ཞེད་པ་དང་། དཔོན་པོའི་ངོ་ཡི་དཀར་ནག་འཚོ་བ། དམའ་བ་གོང་དུ་འཆོར་དོགས་དང་། མཐོ་བས་མགོ་གནོན་བྱེད་དོགས། ཁ་ཕར་འཁོར་ཌ་རུ་ངོ་གཉིས་དང་། ཁ་ཚུར་འཁོར་དྲིལ་བུ་ལྕེ་གཉིས་བྱེད་པ། ཝ་སྐྱེས་རྒྱལ་བོར་བསྐོས་པའི་བརྟུལ་ཞུགས་འཆང་བ་དང་། སྤྲེ་འུས་སྐྱབས་པའི་རྫི་བོའི་རྣམ་ཐར་སྐྱོང་བ།[1]གནས་ལུགས་མི་རྩོད་གསར་རྙིང་རྩོད་པ། ཐོབ་ཐང་མི་རྩོད་གྲུབ་མཐའ་རྩོད་པ། གཞུང་དོན་ཁ་ལ་ཁྱེར་ནས་སྒེར་དོན་སྒྲུབ་པ། མཁས་པའི་གོ་སར་གཡོ་སྒྱུས་འགྱིང་བ། ད་དུང་དེ་ལས་ཀྱང་ཚབས་ཆེ་བ་ནི། ཧམ་སེམས་ཀྱི་དབང་གིས་ལྐོག་ཟ་གསུག་ལེན་དང་རྐུ་ཇག་འཕྲོག་གསུམ་བྱེད་པ། གནོད་སེམས་ཀྱི་དབང་གིས་རང་རྒྱལ་གཞན་ཕམ་གྱི་ལྐོག་གཡོ་དང་རང་ཕན་གཞན་གནོད་ཀྱི་བྱ་བ་ཁོ་ན་སྒྲུབ་པ། སྒེར་སེམས་ཐལ་དྲགས་པའི་དབང་གིས་རང་དོན་ཁོ་ན་མ་གཏོགས་སྤྱི་དོན་ལ་སེམས་ཁུར་ཅུང་ཟད་ཙམ་ཡང་མི་བྱེད་པ། གདུག་སེམས་ཀྱི་དབང་གིས་རང་ཉིད་སྐྱིད་པའི་ཡན་ལག་ཏུ་གཞན་དག་སྡུག་ལ་སྦྱོར་བ་དང་ཉམ་ཆུང་གི་ཚེ་སྲོག་ལ་རྡོག་རྫིས་བྱེད་པ་སོགས་མི་ཉུང་བ་ནི་མི་དེ་རིགས་ཀྱི་སེམས་ཁམས་བདེ་ཐང་མིན་པའི་ནད་རྟགས་ཅུང་ཚབས་ཆེ་ཤས་འགའ་ཞིག་ཡིན་ཞིང་། སུ་ཞིག་ལ་གཟུགས་མེད་ཀྱི་ནད་རྟགས་འདི་རིགས་ལས་ནད་ཀྱི་རྟགས་གང་རུང་ཞིག་རྒྱུན་ཆགས་སུ་ཐོན་པར་གྱུར་ན། ངེས་པར་འཕྲལ་དུ་གསོ་བཅོས་བྱ་དགོས་ཏེ། གལ་ཏེ་སྣང་མེད་དུ་བཞག་ན་མི་དེའི་ལུས་ཕུང་བདེ་ཐང་མི་ཡོང་བར་མ་ཟད། འཆི་རྟགས་འཆར་བར་ཐག་མི་རིང་བ་ཡིན།
       དེ་ཕྱིར། ང་ཚོས་འཚོ་གཞེས་ཀྱི་དམའ་མཐའི་ཚད་ཐིག་བདེ་ཐང་ཡོང་བ་ཁག་ཐེག་བྱེད་པའི་ཆེད་དུ། ལུས་ཕུང་བདེ་སྲུང་གི་འཕྲོད་བསྟེན་ཁོ་ན་ལ་དོ་སྣང་བྱེད་པ་མ་ཡིན་པར། རང་གི་སེམས་ཁམས་བདེ་སྲུང་གི་འཕྲོད་བསྟེན་ལ་མཉམ་འཇོག་གནང་རྒྱུ་གལ་ཆེན་པོ་རེད་སྙམ། སེམས་ཁམས་ཀྱི་ནད་གསོ་བྱེད་སྨན་རྫས་འདྲ་ཡོད་པ་མཐོང་ཐོས་མ་བྱུང་ནའང་། རང་རེའི་ཡུལ་གྲུ་འདིར་གནའ་ནས་ད་བར་སེམས་ནད་འཆོས་མཁན་གྱི་སྨན་པ་མངས་པོ་བྱོན་ཡོད་པ་ང་ཚོའི་རིག་གནས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་ཤེས་ཐུབ། སློབ་དཔོན་འཕགས་པ་ལྷས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། །ཅེས་ལུས་དང་སེམས་ཀྱི་ནད་ཀྱིས་འཇིག་རྟེན་འཇོམས་པར་བྱེད་པར་གསུངས་པ་ལ་མི་ཀུན་གྱིས་བསམ་བློ་ཟབ་མོ་གཏོང་འོས་པ་རེད། མདོ་དྲན་པ་ཉེར་བཞག་ལས། གང་སེམས་སྨན་པ་དེ་སྨན་པ། །ལུས་ཀྱི་སྨན་པ་སྨན་པ་མིན། །ཡིད་འཆོས་པ་ནི་ཤེས་པར་དཀའ། །ཞེས་གསུངས་ཡོད། སེམས་ནད་འཆོས་ཤེས་ཤིང་མི་རྣམས་ལ་སེམས་ཀྱི་ཞི་བདེ་སྐྲུན་ཐུབ་པའི་གང་ཟག་ནི་འགྲོ་བ་མིའི་རིགས་ཐུན་མོང་གིས་གོང་དུ་བཀུར་འོས་པའི་མིང་དོན་མཚུངས་པའི་སྨན་པ་ཆེན་པོ་དང་། སྐྱེས་བུ་དམ་པ། སློབ་དཔོན་ཆེན་པོ་བཅས་ཡིན་པས། ཁ་ཞེ་གཉིས་མེད་ཀྱིས་ཁོང་ཚོའི་གསུང་ལ་ཉན་ཅིང་ངག་བཞིན་དུ་བསྒྲུབས་ན། ང་ཚོ་འཇིགས་ཉེན་སྣ་ཚོགས་ལས་ཐར་བའི་རེ་བ་ཡོད་ལ། དེ་ཡང་། བདག་ནི་བདག་གི་མགོན་ཡིན་ཏེ། །ཞེས་པ་ལྟར། གཙོ་བོ་རང་ཉིད་རང་ལ་ཤ་ཚ་བ་དང་། རང་གིས་རང་མ་བསླུས་པར་རང་ཉིད་ཀྱིས་རང་གི་སེམས་ཁམས་སྙོམས་སྒྲིག་ལེགས་པར་བྱེད་པ་ལ་ཐད་ཀར་རག་ལས་ཡོད། འདིར་སྨན་རིན་བརླག་མི་དགོས་པའི་སྨན་གྱི་སྦྱོར་སྡེ་ཞིག་གམ་ལག་ཏུ་ལེན་པར་དཀའ་ཚེགས་མེད་པའི་དཔྱད་ཀྱི་བཅོས་ཐབས་ནད་བརྒྱ་སྨན་གཅིག་གི་གདམས་པ་ཞིག་ངོ་སྤྲད་ན། དུས་དང་རྣམ་པ་ཀུན་ཏུ་རང་སེམས་ལ་བྱི་དོར་བྱེད་པ་སྟེ། སྨན་དཔྱད་འདི་རྒྱུན་རིང་དུ་བསྟེན་ན་སེམས་ཁམས་བདེ་ཐང་མིན་པའི་ནད་ལ་གཅིག་ཆོག་ཡིན་ཞེས་སྨན་པ་མཁས་པ་རྣམས་མགྲིན་དབྱངས་གཅིག་ཏུ་མཐུན་པས། སྐུ་ཉིད་ལའང་སེམས་ཁམས་བསྙུང་གཞིས་ཟིན་པའི་དོགས་པ་ཡོད་ན། བཅོས་ཐབས་དེ་ཉམས་སུ་བཞེས་ནས་ཚོད་ལྟ་ཞིག་གནང་ན་ཇི་འདྲ་རེད།

ཟུར་མཆན།
[1] ཚིག་འདི་གཉིས་ཀྱི་བརྗོད་དོན་དང་འབྲེལ་བའི་གཏམ་རྒྱུད་བཙུན་པ་རིན་ཆེན་དཔལ་གྱིས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་གྱི་འགྲེལ་བར་གསལ།

ཡོང་ཁུངས། སྦྲང་ཆར༢༠༠༩ལོའི་འདོན་ཐེངས༢པའི་སྟེང་བཀོད་ཡོད།
འབྲེལ་ཡོད་འོས་སྦྱོར།