logo

རྩོམ་པ་པོ་མཛེས་སེ་ལགས་ཀྱི་སྙན་ངག་ཅིག

རྩོམ་པ་པོ།:མཛེས་སེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-04-06 ཀློག་གྲངས།:
སྐྱེས་ས་སྐྱེས་ཡུལ་གྱི་སྐད་དེ་ད་དུང་བརྗེད་མེད་དམ།
མཛེས་སེ།

སྐྱེས་ས་རུ་དྭངས་གསལ་གྱི་ནམ་མཁའ་ཡོད།
སྐྱེས་ཡུལ་གྱི་སྐད་ནི་ཁྱོད་ལ་སུ་ཡིས་བསླབ།
སྐྱེས་ས་སྐྱེས་ཡུལ་གྱི་སྐད་དེ།
ཁྱོད་ཀྱིས་ད་དུང་བརྗེད་མེད་དམ།
ང་ཚོ་ས་ཆ་གང་ལ་སོང་ནའང་།
སྐྱེས་ས་སྐྱེས་ཡུལ་གྱི་སྐད་ནི་ཅི་འདྲའི་སྙན་པ་ལ།
སྤོ་བོ་དང་རྨོ་མོའི་གཟུགས་བརྙན་དེ་ཡིས་གསལ།
ཕ་ཁུ་དང་མ་སྲུའི་འཛུམ་མདངས་དེ་ཡིས་བཀྲ།
མིང་སྲིང་དང་ན་ཟླའི་ཕུགས་འདུན་དེ་ཡིས་བརྟན།

སྐྱེས་ས་རུ་ཉི་ཟླ་ཡི་འོད་སྣང་ཡོད།
སྐྱེས་ཡུལ་གྱི་སྐད་ནི་ཁྱོད་ལ་སུ་ཡིས་བསླབ།
སྐྱེས་ས་སྐྱེས་ཡུལ་གྱི་སྐད་དེ།
ཁྱོད་ཀྱིས་ད་དུང་བཤད་ཤེས་སམ།
ང་ཚོ་དུས་ཚིགས་གང་ལ་འཕྲད་ཀྱང་།
སྐྱེས་ས་སྐྱེས་ཡུལ་གྱི་སྐད་ནི་རྒྱབ་ཀྱི་རྟེན་ས་རེད།
ལྟེ་ཁྲག་དང་ཆུ་ཕྲན་གྱི་བཞུར་རྒྱུན་དེ་ལས་འདྲེས།
མཚེར་ཤུལ་དང་གཞིས་རྙིང་གི་དྲན་གདུང་དེ་ལས་འབར།
སྤང་རྩྭ་དང་ལོ་ཏོག་གི་སྔོ་ལྗང་དེ་ལས་འཕྱུར།

གལ་སྲིད་སྐྱེས་ཡུལ་གྱི་སྐད་དེ་བརྗེད་གྱུར་ན།
ཁྱོད་ནི་ས་མཐར་འཁྱམས་པའི་ལྡོམ་པོ་ཞིག
སྐྱིད་སྡུག་བརྗོད་རོགས་རང་གི་གྲིབ་མ་ཙམ།
ངས་ཀྱང་མེས་པོའི་ཞབས་རྗེས་མི་རྙེད་ཕྱིར།
ཁྱིམ་དུ་ལྡོག་པའི་ལམ་སྣེ་ག་ལ་ཟིན།

གལ་སྲིད་སྐྱེས་ས་ཡི་སྐད་དེ་བཤད་ཤེས་ན།
ཁྱོད་ཀྱི་རི་ལུང་གཤིས་རྒྱུད་དར་ལས་འཇམ།
སྣ་ཚོགས་མེ་ཏོག་བལ་དང་འོ་མས་བརྒྱན།
ང་དང་རྟ་ཕོ་ནམ་ཡང་ཁེར་རྐྱང་མིན།
ཕར་འགྲོའི་སྐྱེལ་མ་ཚུར་འོང་བསུ་བ་ཡོད།
སྤྱི་རྩིས༢༠༢༣ལོའི་ཟླ་བཞི་བའི་ཚེས་གཉིས་ཉིན་ཆབ་ཆ་ནས་ཟི་ལིང་ལ་འགྲོ་བའི་ལམ་དུ་བྲིས།
འབྲེལ་ཡོད་འོས་སྦྱོར།