རང་སྒྲ་ལགས་ཀྱིས་པདྨ་ཚེ་བརྟན་ལ་བྲིས་པ།
རྩོམ་པ་པོ།:རང་སྒྲ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-05-12
ཀློག་གྲངས།:
“གྲོགས་པོ་ལགས། ཁྱོད་ད་རུང་དཔེ་ཆ་ལེན་དུ་མི་ཡོང་ངམ།”
—གྲོགས་པོ་པདྨ་ཚེ་བརྟན་གློ་བུར་སྐུ་གཤེགས་པར་རྗེས་དྲན་དུ་ཕུལ།
རང་སྒྲ།
ཁ་སང་ཀ་འོད་ཀྱིས་བདག་ལ་འཕྲིན་ཕྲན་བཏང་སྟེ། “པདྨ་ཚེ་བརྟན་མདང་དགོང་ལྷ་ས་ནས་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་སྐུ་འདས། འདི་ངོ་མ་བདེན་ནམ”ཞེས་པ་ཞིག་བསྐུར་བྱུང་།
ང་འཇིག་རྟེན་དུ་སྐྱེས་ནས་གཏམ་ངན་ག་འདྲ་མང་པོ་ཞིག་ཐོས་ཡོད་པ་རང་གིས་སྡོམ་རྩིས་བརྒྱབ་མ་མྱོང་ནའང་། གང་ལྟར་སྐབས་རེར་མི་འདོད་པའི་གཏམ་ངན་རེ་ཐོས་པའི་ཚེ་ན། སྙིང་ལ་ཙག་ཤད་རེ་རྒྱུགས་པ་དང། དུས་ཡུན་རིང་མོ་ཞིག་ལ་བྱ་བ་ཅི་ཡང་ལས་འདོད་མེད་པར་འདང་རྒྱག་ལ་ལྷུང་འགྲོ།
“འདི་ག་ལ་བདེན། བདེན་མི་སྲིད།” ང་འདང་རྒྱག་ཐུང་ངུ་དེ་ལས་ཕྱིར་ཐོན་རྗེས། ཀ་འོད་ལ་འཕྲིན་ལན་གཏོང་ཞོར་རང་གི་གྲོགས་ཚོམས་ལ་བཤེར། གྲོགས་ཚོམས་སུ་གྲགས་འགུལ་ཅི་ཡང་མེད། དོན་དངོས་སུ་དེ་ནི་གོ་ལོག་ཅིག་ཡིན་འདུག... ...
དེ་ཡང་གཏམ་ངན་གྱི་རིགས་ནི་ཟུར་ཙམ་ཐོས་ཀྱང་མཐར་བདེན་པར་འགྱུར་བས་གང་ལྟར་བདག་སེམས་གཞི་ནས་དེ་འདྲའི་བདེ་ལ་འབབ་མི་ཐུབ། སྐབས་དེར། ངའི་མིག་ལམ་ལ་གཞུང་ལས་ཁང་གི་སྒྲོག་ཙེ་སྟེང་སྤུངས་པའི་དཔེ་ཆའི་ཕུང་བོའི་ཁྲོད་ཀྱི«ཐོན་མི་སམྦྷོ་ཊ»ཞེས་པའི་དཔེ་དེབ་དེ་མངོན་བྱུང་། ཟླ་སྔོན་མའི་ཚེས་ག་གེ་མོ་ཞིག་ལ། པདྨ་ཚེ་བརྟན་གྱིས་ང་ལ་ཁ་པར་བཏང་སྟེ། “ཁྱོད་ཀྱིས་བྲིས་པའི«ཐོན་མི་སམྦྷོ་ཊ»ཡོད་དམ། ཡོད་ན་ང་ལ་གཅིག་སྟེར་རོགས”ཟེར།

དུས་དེར་ཁོ་རང་ཁྲི་ཀར་འགྲོ་བཞིན་ཡོད་ཟེར་པས་ངེད་གཉིས་ཀྱིས་ཁོ་རང་ཁྲི་ཀ་ནས་ཕྱིར་སླེབས་ན་ཐུག་འཕྲད་བྱ་རྒྱུའི་གྲོས་ཐག་བཅད། ངས་རང་ཤག་གི་དཔེ་ཁང་ནས་དཔེ་ཆ་གཅིག་ཁྱེར་འོངས་ཏེ་གཞུང་ལས་ཁང་གི་སྒྲོག་ཙེའི་དཔེ་ཆའི་ཕུང་བོ་དེའི་སྟེང་དུ་བཞག དེའི་ཕྱིར་ད་ལྟ་ངའི་མིག་ལམ་དུ་མངོན་པའི་«ཐོན་མི་སམྦྷོ་ཊ»ནི་དེ་ཉིད་རང་རེད།
པདྨ་ཚེ་བརྟན་དང་ངེད་གཉིས་ཐོག་མར་ངོ་ཤེས་པའི་དུས་ནི་ཕལ་ཆེར༡༩༩༤ལོ་ཡིན་ཚོད་འདུག དུས་དེར་ང་རང«མང་ཚོགས་སྒྱུ་རྩལ»གྱི་རྩོམ་རིག་ལེ་ཚན་གྱི་རྩོམ་སྒྲིག་པ་ཡིན། མ་ཕྱིའི་ཁྲོད་དུ་བསྐུར་ཡུལ་ཆབ་ཆ་ནས་ཡིན་པའི་པདྨ་ཚེ་བརྟན་ཟེར་བ་ཞིག་གིས་ང་ཚོའི་དུས་དེབ་ཁང་ལ་སྒྲུང་གཏམ་བསྐུར་བཞིན་འདུག་པས་ང་རང་ཁོ་ལ་བག་ཆགས་ཟབ་མོ་སྐྱེས་ཡོད། ཕྱིས་སུ་ལས་ཀའི་ཆེད་དུ་ང་ཚོའི་དུས་དེབ་ཀྱི་རྩོམ་སྒྲིག་པ་འགའ་མཚོ་ལྷོ་དང་། རྨ་ལྷོ། ཀན་ལྷོ། མགོ་ལོག ཡུལ་ཤུལ་བཅས་སུ་བསྐྱོད་སྐབས། ཆབ་ཆ་ནས་པདྨ་ཚེ་བརྟན་ལ་ཐོག་མར་འཕྲད། ཁོ་ནི་གདོང་བ་རིད། ལུས་པོ་ཕྲ། གཟུགས་པོ་འབྲིང་ཙམ་དུ་འདུག་ཅིང་། སྐད་མགོ་དམའ། སྨྲ་བ་ཉུང་། ཚིག་རྩ་རྣོ་བ་ཞིག་ཡིན་འདུག ངེད་གཉིས་ཀྱིས་ཐོག་མར་གླེང་བ་ནི་ཁོས་བྲིས་པའི«བརྩམས་སྒྲུང་ཞིག་དང་དེའི་མཇུག་བསྡུ་ཚུལ་གཉིས»ཟེར་བ་དེ་ཡིན། ཁོས་སྦིས་རག་མཆོད་ཀྱི་ཡོད་ལ། ཟ་ཁང་གི་ཟས་མགྲོན་གྲོལ་རྗེས་ང་ཚོ་ངའི་མགྲོན་ཁང་དུ་ཕྱིན་ནས་སྦིས་རག་འཐུང་ཞོར་རྩོམ་རིག་སྐོར་གྱི་ཁ་བརྡས་མཚན་བསྐྱལ།དུས་ཕྱིས་སུ་ང་རང་ཁོའི«ཁ་བ་མེད་པའི་དགུན་ཁ»(མང་ཚོགས་སྒྱུ་རྩལ།༡༩༩༦.༢)དང་། «ཟླ་བ་ཤར་བྱུང»(མང་ཚོགས་སྒྱུ་རྩལ།༢༠༠༡.༡) «སེམས་ནད»(མང་ཚོགས་སྒྱུ་རྩལ།༢༠༠༢.༡) «རྩེད་ཐང་ལ་འགྲོ»(མང་ཚོགས་སྒྱུ་རྩལ།༢༠༠༢.༣)སོགས་ཀྱི་རྩོམ་སྒྲིག་འགན་ཁུར་པ་བྱས་པས་ངེད་གཉིས་བར་གྱི་འབྲེལ་འདྲིས་ཇེ་མང་དུ་གྱུར། ༡༩༩༩ལོར་ཁོས་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ཡོད་པས། འབྱོར་ཐོ་འགོད་དུ་འགྲོ་སྐབས་ངེད་ཚང་ལ་ཡོང་སྟེ་ངེད་གཉིས་ཀྱིས་སྦིས་རག་འཐུང་། ཏག་ཏག་ཉིན་དེར་ངས«འཛམ་གླིང་རྩོམ་རིག་གྲགས་ཅན་རྒྱ་འགྱུར་མ»དེབ་ཉེར་བཞི་ཅན་སྡེབ་མ་ཞིག་ཉོས་ཡོད་པ་མཐོང་འཕྲལ། ཁོས་འདི་ལ་བལྟས་མྱོང་། འདི་ལ་བལྟས་མ་མྱོང་ཟེར་ལ། ཡང་དཔེ་ཆ་འདི་དག་ལ་པར་གཞི་མི་འདྲ་བ་དུ་མ་ཡོད། ***གྱིས་བསྒྱུར་བ་དེ་ཆེས་ལེགས་ཞེས་བཤད་བྱུང་།(ད་ལྟ་ངའི་སེམས་སུ་བསྒྱུར་མཁན་དེའི་མིང་དྲན་མི་འདུག) ངེད་གཉིས་ཀྱི་ལབ་གླེང་ཁྲོད་ནས་ཁོས་སྒྲུང་ཐུང༡༠༠འབྲི་རྩིས་ཡོད་ཟེར།(ཁོས་སྒྲུང་ཐུང་བརྒྱ་བྲིས་ཡོད་མེད་ད་ལྟ་ང་ལ་སྡོམ་རྩིས་རྒྱག་ཁོམ་བྱུང་མ་སོང)
པདྨ་ཚེ་བརྟན་གྱིས་ནུབ་བྱང་མི་རིགས་སློབ་ཆེན་ནས་ཤེས་རམས་ཞིབ་འཇུག་སློབ་མའི་བསླབ་གནས་གཉེར་བའི་སྐབས་ཀྱི་དབྱར་དགུན་གནང་ངམ། ཡང་ན་ཁོ་རང་འཁོར་ཞག་ཏུ་ཟི་ལིང་བརྒྱུད་དུས་ངེད་ཚང་ལ་ཡོང་བའམ། ཡང་ན་ཁ་པར་གྱི་འབྲེལ་བ་བྱས་ཏེ་ང་ཚོ་གྲོགས་པོ་ལྷན་འཛོམས་རེ་བྱས་པ་ཡིན། ཉིན་ཞིག་ཁོ་རང་ངེད་ཚང་ལ་ཡོང་སྟེ་ན་རེ། ངས་ཁྱོད་ཀྱི་སྒྲུང་གཏམ«བྱི་ལའི་གཏམ་རྒྱུད»བསྒྱུར་ཡོད། ཁྱོད་ཀྱིས་ཅིག་ལྟོས། ཁོས«མི་རིགས་ཀྱི་རྩོམ་རིག»ཏུ་བསྐུར་རྩིས་ཡོད་ཟེར།(མི་རིགས་ཀྱི་རྩོམ་རིག ༢༠༠༣.༡) དེ་བས་ཁོ་ནི་ངའི་སྒྲུང་གཏམ་རྒྱ་ཡིག་ཏུ་བསྒྱུར་མཁན་ཐོག་མ་ཡིན། ཡང་ཉིན་ཞིག་ཁོ་རང་ངེད་ཚང་དུ་ཡོང་ནས་ང་ལ། ཁྱོད་ཀྱིས་ཀྱང་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ན་འགྲིག ལན་གྲུ་སློབ་ཆེན་ན་ཆབ་སྲིད་ཟབ་སྦྱོང་འཛིན་གྲྭ་བསྡུ་བཞིན་ཡོད། ཁྱོད་ལ་བློ་མོས་ཡོད་ན་ངེད་གཉིས་སང་ཉིན་ལན་གྲུ་ལ་ཆས་ཟེར། ངས་དེ་སྔ་ཞིབ་འཇུག་སློབ་མར་རྒྱུགས་ཐེངས་གཅིག་སྤྲད་ཀྱང་ཆབ་སྲིད་ཀྱི་སྐར་འབྲས་མ་འདང་བས་ཡིད་ཆད་དེ་ལོ་ངོ་གསུམ་འགྱངས་དུས་ཁོས་ང་ལ་སྙིང་ཕུར་བརྡབས་པས་ཕྱི་ཉིན་ངེད་གཉིས་ལན་གྲུ་ལ་ཕྱིན་ཅིང་། མཚན་མོ་དེར་ང་རང་ཁོའི་མལ་ཁང་ནས་ཞག་མལ་བཏང་། རྗེས་སུ་ང་རང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་སོང་། དེ་བས་ངས་རྒྱུན་དུ་ང་རང་ལ་ཞིབ་འཇུག་སློབ་མའི་བསླབ་གནས་ཐོབ་པ་དེའི་གྲུབ་འབྲས་ཕྱེད་ཀ་པདྨ་ཚེ་བརྟན་ལ་དབང་བ་ཡིན་སྙམ་གྱིན་ཡོད།
སྔ་རྟིང་གང་ཞིག་ལ་ངེད་གཉིས་ཀྱིས་ང་ཚོའི་ལས་ཁུངས་ཏེ། མཚོ་སྔོན་ཞིང་ཆེན་མང་ཚོགས་སྒྱུ་རྩལ་ཁང་གི་སྒོ་ཁ་ན་སྟབས་བདེའི་ཟ་མ་ཞིག་བཟའ་བའི་སྐབས་སུ། ཁོས་རང་རེའི་ཅག་འདི་ལྟར་ཁོར་ཡུག་ཆུང་ཆུང་ནས་བྱ་བ་སྣ་གཅིག་ཁོ་ན་སྒྲུབ་བཞིན་བསྡད་ན་མི་འགྲིག ང་ལ་གློག་བརྙན་སློབ་འདོད་ཡོད། བཀྲ་ཤིས་ཟླ་བར་ངོ་ཤེས་ཤིག་བཅའ་འདོད་ཡོད་ཟེར། འུར་ཟིང་ཆེ་བའི་ཟ་ཁང་དོག་མོ་དེ་ནས་སྐབས་ཤིག་ངེད་གཉིས་སྦྱིན་བདག་དང་རླུང་ཁམས་ཅུང་མ་མཐུན་པ་ན་ཁོས་སྐྱུར་ཞོག འདི་རིགས་ཀྱིས་ནམ་ཡང་ཚོང་ལས་གཉེར་ཤེས་ཀྱི་མི་འདུག་ཟེར་བཞིན་ངེད་གཉིས་ཟ་ཁང་དེ་དང་གྱེས།
ཟླ་འགའི་རྗེས་ནས་སྙན་ངག་པ་གངས་ཞུན་ང་ཚོའི་གཞུང་ལས་ཁང་དུ་སླེབས། གངས་ཞུན་གྱིས་༡༩༩༨ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་རྒྱུགས་སྤྲད་ཡོད་པས་པདྨ་ཚེ་བརྟན་དང་ཁོ་གཉིས་གཅིག་ནས་སློབ་གྲོགས་ཡིན། གཉིས་ནས་རྩོམ་གྲོགས་ཡིན། གསུམ་ནས་གྲོགས་པོ་ཡིན། ཁོས་«སྒྲུང་གཏམ<ཟླ་བ་ཤར་བྱུང>ཞེས་པའི་གསལ་བཤད་འགའ»ཞེས་པའི་དཔྱད་ཕྲན་ཞིག་ང་ལ་བྱིན་བྱུང་། «ཟླ་བ་ཤར་བྱུང་»ནི་པདྨ་ཚེ་བརྟན་གྱི་སྒྲུང་ཐུང་ཞིག་ཡིན་པ་གོང་ནས་ཀློག་མཁན་རྣམས་ལ་ཞུས་ཟིན། གངས་ཞུན་ལ་རྩོམ་རིག་གི་བློ་སྦྱོང་ཧ་ལས་པ་ཞིག་འདུག ཁོས་«ཟླ་བ་ཤར་བྱུང»གླེང་སྐབས་གདོང་ལ་འཛུམ་ཞིག་ལངས་བཞིན། ང་ཚོའི་འཚོ་བའི་ནང་ན་མི་ཡོད་ལ་ལྷ་ཡང་ཡོད། གཟུགས་ཅན་ཡོད་ལ་གཟུགས་མེད་ཀྱང་ཡོད། ཕྱིའི་དངོས་པོ་ཡོད་ལ་ནང་གི་སེམས་ཉིད་ཀྱང་ཡོད་པའི་འཇིག་རྟེན་ཕུན་སུམ་ཚོགས་པ་ཞིག་ཡིན། རྩོམ་རིག་གིས་འཚོ་བ་མཚོན་སྐབས་ལྷ་འདྲེ་ནི་རྟོག་བཏགས་རྨོངས་དད་དང་། དེ་ལ་གླིང་གཞན་གྱི་མི་དང་འཕུར་སྡེར་ཞེས་སུ་བོས་ན་སྔོན་ཐོན་དུ་བགྲང་བཞིན་ཡོད། «ཟླ་བ་ཤར་བྱུང་»གིས་འདི་ལ་གསེད་བཀྲོལ་བྱས་འདུག་ཟེར། ངེད་གཉིས་ཀྱིས་པདྨ་ཚེ་བརྟན་གླེང་བའི་ཁྲོད་ནས་ཁོས་བཤད་རྒྱུར། པདྨ་ཚེ་བརྟན་ལ་བརྩོན་པ་ཧ་ཅང་ཆེ། ཁོས་སློབ་ཞོར་ནས་རང་གིས་སྒྲུང་གཏམ་གསར་རྩོམ་དང་། གཞན་གྱི་སྒྲུང་གཏམ་རྒྱ་ཡིག་ཏུ་བསྒྱུར་བཞིན་ཡོད། ངས་ད་ལྟ***ཐེབས་རྩ་ཚོགས་པའི་ཞོར་འགན་ཁུར་ཡོད། པདྨ་ཚེ་བརྟན་ལ་གློག་བརྙན་འཁྲབ་ཁྲིད་པ་སློབ་པའི་དམིགས་འདུན་ཡོད་པས་ངས་ཐེབས་རྩ་ཚོགས་པར་སྒོར་འབུམ་གཅིག་གི་སྙན་ཞུ་ཕུལ་ཡོད། འཁྲོལ་ཆ་ཐོབ་ངེས་པས་ཁོ་རང་སློབ་མཐར་ཕྱིན་རྗེས་པེ་ཅིན་གློག་བརྙན་སློབ་གླིང་དུ་སློབ་སྦྱོང་དུ་སོང་ཆོག་ཟེར། གངས་ཞུན་གྱི་སྐད་ཆ་དེ་དོན་སྨིན་བྱུང་བས་པདྨ་ཚེ་བརྟན་པེ་ཅིན་གློག་བརྙན་སློབ་གླིང་དུ་བསྐྱོད་པའི་སྐལ་བ་བྱུང་བ་དང་། གངས་ཞུན་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ལས་གནས་གཉེར་དུ་མ་སོང་བར***ཐེབས་རྩ་ཚོགས་པ་ནས་བྱ་བ་གཉེར་ཞོར་ཧི་མ་ལ་ཡ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སི་བཙུགས་ཏེ་ཁོ་དང་པདྨ་ཚེ་བརྟན་མཉམ་འབྲེལ་གྱིས་བོད་ཀྱི་གློག་བརྙན་གྱི་སྲོལ་ཕྱེས།
གློག་བརྙན«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»དང་། «ཁྱི་རྒན» «གཡང་མདའ» «ཐར་ལོ» «ལག་དམར»སོགས་ཕབ་སྐྲུན་བྱས་ཏེ་ལྟ་མཁན་གྱིས་དགའ་སྤྲོའི་ཐལ་མོ་བརྡབས་ཐེངས་རེ་རེ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་གློག་བརྙན་གར་སྟེགས་ནས་པདྨ་ཚེ་བརྟན་གྱིས་གཟིགས་བཟོས་རྟགས་མ་རེ་རེ་ལག་ཟུང་གིས་གནམ་དུ་འདེགས་སྐབས། པདྨ་ཚེ་བརྟན་གྱི་སྐྲ་ཉག་རེ་རེ་རིམ་བཞིན་སེ་བོར་འགྱུར་བཞིན་ཡོད་ཅིང་། སྨུག་པོའི་གདོང་གི་གཉེར་མའང་འཛུམ་ཀོང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། སྐབས་དེར་ང་ཚོས་ཁོའི་ལག་གི་རྟགས་མ་དང་། གཟབ་རྒྱས་ཆེ་བའི་མི་དྲག་ཁྲོད་ཀྱི་གཟུགས་བརྙན་ལས་དེའི་ཕག་གི་ཁོའི་བརྗོད་དུ་མེད་པའི་ཧུར་བརྩོན་དང་། དཀའ་སྡུག གནོན་ཤུགས་མཐོང་གི་མེད་ལ། ཡང་ཁོ་ལ་ཚད་ལས་བརྒལ་བའི་འུར་བསྟོད་ཅིག་དང་མཉམ་དུ་པར་རེ་བསྐྱོན་པ་ལས་ང་ཚོ་ཚང་མའི་ལས་བྱར་གྱུར་བའི་བོད་སྐད་གློག་བརྙན་གྱི་ལས་དོན་ལ་མ་དངུལ་སྐར་མ་གང་ཡང་གཏོང་ཐུབ་ཀྱིན་མེད། པདྨ་ཚེ་བརྟན་གློག་བརྙན་གྱི་ལས་ལ་ཞུགས་པ་ནས་ཁོ་དང་འཕྲད་ཐེངས་རེར་དབུགས་ཁོང་དུ་ཆུད་ཡོད་ཅིང་། མགོ་སྐྲ་ལོ་རེ་ནས་ལོ་རེར་སེ་བོར་གྱུར་འདུག དུས་དེར་ཁྱོད་རིད་འདུག ཁྱོད་ཀྱི་མགོ་སྐྲ་སེ་བོར་གྱུར་འདུག་ཅེས་བརྗོད་མི་བདེ། དེ་ཡང་གློག་བརྙན་ཞིག་གི་ཕབ་སྐྲུན་གྱི་ཕག་ནས་ཇི་འདྲའི་བུ་ལོན་མང་པོ་ཞིག་ཡོད་པ་གར་གྱི་ཕ་རོལ་ཏུ་གནས་པས་བདག་གིས་བརྗོད་མི་ཤེས་མོད། བྱིངས་ནས་དཔལ་འབྱོར་གྱི་འཁོས་ཀ་ཞན་པའི་བོད་མི་ཞིག་གིས་མདུང་མོ་ཁེར་བཟུང་དང་རྟ་ཕོ་ཁེར་རྒྱུག་གིས་སྒོར་ས་ཡ་དང་བྱེ་བའི་གནོན་ཤུགས་འོག་ཏུ་སྒྱུ་རྩལ་གྱི་བདེན་པ་འཚོལ་ན་དཀའ་ལས་ཇི་འདྲ་ཁག་པོ་ཞིག་རྒྱག་དགོས་པ་བསམ་པས་ཤེས་ནུས། དེ་བས་ངས་ཁོ་ལ། ཁྱོད་ཀྱི་མགོ་སྐྲ་སེ་བོར་གྱུར་བ་དེ་སྒྱུ་རྩལ་པའི་ཁྱད་གཤིས་ཤིག་རེད་ཅེས་བརྗོད་མི་འདོད།
༢༠༡༨ལོའི་མཚན་མོ་ཞིག་ལ། གྲོགས་པོ་མཛེས་སེས་མགྲོན་བདག་བྱས་ཤིང་། པདྨ་ཚེ་བརྟན་དང་། རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ངེད་ཅག་ལྷན་འཛོམས་བྱས་ཏེ། བདག་གིས་བྲིས་པའི་ཚིགས་བཅད་ཀྱི་སྒྲུང་རིང«འཇའ་ཚོན་གྱིས་འཁྱུད་པའི་བརྩེ་བ»གླེང་། ཚིགས་བཅད་སྒྲུང་གཏམ་ནི་རྒྱ་ལ་མཚོན་ན་དེ་ནི་རྩོམ་ལུས་ཀྱི་མིང་ཙམ་ཡོད་པ་ལས་དོན་དུ་མཚན་གཞི་དེར་ལྡན་གྱི་བརྩམས་ཆོས་ཤིག་ཡོད་སྲོལ་མི་འདུག མི་སྣ་ཞིབ་འབྲི་དང་། ཁོར་ཡུག་ཞིབ་འབྲི། སེམས་ཁམས་ཞིབ་འབྲི། བྱུང་རིམ་ལ་སོགས་པ་བརྗོད་སྐབས་ཚིག་གི་གེགས་རྒྱ་ཧ་ཅང་ཆེ་འདུག དེ་བས་ཀྱང་གེགས་རྒྱ་ཆེས་ཆེ་པ་ནི་མི་སྣ་ཕན་ཚུན་བར་གྱི་ཁ་བརྡ་རེད། མི་སྣ་ཀ་བས “ཡིན”ཟེར་བ་དང་། མི་སྣ་ཁ་བས“མིན”ཟེར་བའི་ཁ་བརྡ་ཙམ་བདུན་ཚིག་གམ་དགུ་ཚིག་ཅིག་གིས་སྟོན་སྐབས་ཧ་ཅང་རང་བྱུང་ལྷུན་གྲུབ་མིན་པའི་ཚིག་ཚོགས་ཀྱི་ཟོལ་རྫུན་ཞིག་གིས་སྦགས་ཡོང་། སྐབས་དེར་པདྨ་ཚེ་བརྟན་གྱིས་ང་ལ་ཐབས་ལམ་མམ་མན་ངག་ཅིག་བཤད་པ་ནི་བརྙན་མིག་གི་སྐད་ཆ(镜头语言)བཀོལ་རྒྱུ་དེ་རེད། ཡིན་ནའང་། རང་རེའི་སྙན་ངག་གི་རྒྱན་ལས། ཟུར་གྱི་ཕྲ་མོ་དང་རྣམ་པའི་ཕྲ་མོ་ཡོད་ཀྱང་བདག་གི་སེམས་སུ་ཐབས་འདི་བཀོལ་རྒྱུ་ཅི་ལ་མ་ཤར་བ་ཡིན་ནམ། དུས་དེར«མཇའ་ཚོན་གྱིས་འཁྱུད་པའི་བརྩེ་བའི»མ་གདན་གྲུབ་ནས་བཟོ་བཅོས་རྒྱག་བཞིན་པའི་སྐབས་ལགས་པས་ངས་མི་སྣ་ཕན་ཚུན་བར་གྱི་ཁ་བརྡ་ལ་འོས་འཚམ་གྱིས“བརྙན་མིག་གི་སྐད་ཆ”བཀོལ་བས་རང་བློ་ཚིམ་པ་ཞིག་བྱུང་།

གྲོགས་པོ་ཡིན་ན་ཕན་ཚུན་ལ་རོགས་རམ་མེད་མི་རུང་། ངས་སྤྱི་སྡོམ་ཞིག་བྱས་ན་པདྨ་ཚེ་བརྟན་ངེད་གཉིས་གྲོགས་པོར་གྱུར་བ་ནས་ཁོས་ང་ལ་ཕན་གསུམ་བཏགས་ཡོད། གཅིག་ནི་ངའི་སྒྲུང་གཏམ་ཐོག་མར་རྒྱ་ཡིག་ཏུ་བསྒྱུར་མཁན་ཁོ་རང་ཡིན། «བྱི་ལའི་གཏམ་རྒྱུད»ཐོག་མར་རྒྱ་ཡིག་ཏུ་བསྒྱུར་ཏེ«མི་རིགས་རྩོམ་རིག»ཏུ་བཀོད་པའི་ཤུགས་རྐྱེན་ལ་བརྟེན་ནས་ཆབ་ཚང་པདྨ་ལྷུན་གྲུབ་དང་། རྟ་ལོ། ཀྲའོ་དབྱིག་གཉེན། མཛེས་སེ་སོགས་ཀྱིས་བསྒྱུར་ཏེ་དཔེ་དེབ་འགའ་པར་སྐྲུན་བྱས་ཡོད། གཉིས་ནི་ང་ལ་ཞིབ་འཇུག་སློབ་མའི་བསླབ་གནས་ཐོབ་པ་འདི་ཁོ་ལ་བརྒྱ་ཆའི་ཆ་མང་པོའི་གྲུབ་འབྲས་འདུས་ཡོད། “བསླབ་གནས”ཀྱིས་མི་ཚེ་ལ་ཁ་ལོ་བྱེད་ན། ངའི་ད་ལྟའི་རང་འབྲས་ཕྲན་བུ་འདི་ལ་པདྨ་ཚེ་བརྟན་གྱི་ཕན་སེམས་འདྲེས་ཡོད། གསུམ་ནི“བརྙན་མིག་གི་སྐད་ཆ”ཡིན། འདི་ནི«འཇའ་ཚོན་གྱིས་འཁྱུད་པའི་བརྩེ་བ»ཁོ་ན་ལ་ཕན་སླེབས་བྱུང་བ་ཙམ་མ་ཡིན་ཏེ། བོད་ཀྱི་རྩོམ་རིག་གསར་རྩོམ་ལ“བརྙན་མིག་གི་སྐད་ཆ”འདི་ངེས་པར་མཁོ་བས་སོ། །ཡིན་ནའང་། ངས་པདྨ་ཚེ་བརྟན་གྱི་གློག་བརྙན་སྒྱུ་རྩལ་འཕེལ་ཐབས་ཕྱོགས་ལ་ཕན་ཐོགས་ཅི་ཡང་སྒྲུབ་མ་མྱོང་། དེ་བས་ངེད་གཉིས་ད་དུང་གྲོགས་པོ་ཡིན་ནམ།
ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ། ཁ་པར་གྱི་ཤེལ་ངོས་ནག་པོར་འགྱུར་བཞིན་འདུག་ལ། པདྨ་ཚེ་བརྟན་གྱི་པར་ནག་པོ་དང་། ལག་ཟུང་ཐལ་མོ་སྦྱར་བའི་རི་མོ། མེ་ལྕེ་ལྷམ་ལྷམ་གཡོ་བའི་མཆོད་མེ་སྣ་ཚོགས་ཀྱི་བརྙན་རིས་གྲོགས་ཚོམས་ཀྱི་ཁྲོད་ནས་ཁྱབ་བརྡལ་བྱུང་སོང... ...བདག་ལ་སྐད་ཆ་ཅི་ཡང་བཤད་རྒྱུ་མི་འདུག “གྲོགས་པོ་ལགས། ཁྱོད་ད་རུང་དཔེ་ཆ་ལེན་དུ་མི་ཡོང་ངམ... ...”
སྤྱི་ལོ༢༠༢༣ལོའི་ཟླ༥ཚེས༩ཉིན།
འབྲེལ་ཡོད་འོས་སྦྱོར།