logo

འཚོ་བའི་གཏན་ཚིགས་ཀྱི་གཏེར་ཁ།

རྩོམ་པ་པོ།:རྡོ་རྗེ་འཇིགས་བྱེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-05-19 ཀློག་གྲངས།:
       ཨ་མ་ཞེས་གླེང་ཡོང་དུས། གཞིས་བྱེས་གང་དུ་གནས་པ་ཐམས་ཅད་ཀྱིས་ཨ་མའི་དྲིན་ལན་མ་བགྲོས་གཅིག་མཐུན་གྱིས་བརྗོད་ཀྱིན་གདའ། དེ་ཡང་ཡིན་ཏེ། སེམས་ཅན་ལྟེ་ཐོག་ཀུན་མ་ལས་མ་སྐྱེས་པ་ཞིག་ཡོད་མིན་ཞིང་། དེ་ཡང་མ་དྲིན་མོ་ཆེས་ལུས་སྲོག་འབེན་ལ་བཞག་ནས་སྐྱེས་པ་དང་བྱམས་པ་ཕངས་མེད་ལ་བརྟེན་ནས་གཉོར་བ། བརྩེ་བ་གྲངས་མེད་ཀྱི་སྒོ་ནས་བསྐྱངས་པ་ནི་བྱིས་པ་རྣམས་ལ་འཇིག་རྟེན་སྟེང་ཆེས་འདྲ་མཉམ་གྱི་སྐལ་བ་འབའ་ཞིག་ཡིན་པས། དུས་དེ་རིང་དྲིན་མ་ལོའི་དུས་ཆེན་གྱི་ཉིན་མོར་དེ་ལྟར་ཁ་ཞེ་གཉིས་མེད་ཀྱིས་གླེང་བ་ནི་ཤིན་ཏུ་ལེགས་པོར་འཁུམས་ལ། རང་སེམས་ལ་ཉི་མ་འཆར་ནས་གླེང་རི་བའི་བརྗོད་བྱ་རྣལ་མ་འདི་དྲ་ངོས་སོགས་སུ་བརྒྱུད་བསྐུར་བྱེད་པའང་དྲ་བའི་དུས་རབས་ཀྱི་སྲོལ་ལུགས་སུ་གྲུབ་པས། དེར་མི་མོས་པ་དག་མཐོལ་ལོ་བཤགས་ཤིང་། དེས་གནང་བའི་དྲིན་ལན་དྲན་པའི་དྲན་སྐུལ་སོགས་པ་ནི་མངོན་པར་བསྟོད་དོ། །
       འདིར་གཞན་དང་འདྲ་བར་ཁོ་བོས་ཨ་མའི་དྲིན་ལན་གླེང་བ་ལ། ཨ་མ་ལས་ཁོ་བོས་འཚོ་བའི་གཏན་ཚིགས་ཆེན་པོ་འགའ་རྙེད་པར་བསམས་ཤིང་། དེ་དག་གི་རྐྱེན་པས། རང་གི་སློབ་སྦྱོང་དང་མི་གཤིས། འཚོ་བ་སོགས་དྲང་ཞིང་རྨ་མེད་པ། བདེ་བླག་གིས་བསྐྱོད་པ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས། འདི་ནི་ཁོ་བོས་ཚོར་བའི་ཨ་མའི་དྲིན་ལན་ཡིན་ཞིང་དྲིན་དེར་གཟས་པའི་དྲིན་གཟོ་རི་བོའི་ས་རྡུལ་ཙམ་པོ་དེར་འགྱུར་བར་གྱུར་ཅིག
       ཁོ་བོའི་ཨ་མ་ནི་མོ་ལོ་ཉི་ཤུ་སོན་ཙམ་ལ་འཇིག་རྟེན་སྤྱི་མཐུན་གྱི་ལུགས་ཏེ། གྲྭ་བ་འགྲོ་ས་སྒར་དང་བུ་མོ་འགྲོ་ས་གནས་ཞེས་པ་ལྟར་ཐག་རིང་རྒྱུས་མེད་ཀྱི་ཡུལ་འདིར་གནས་ལ་ཡོང་བ་ཞིག་ཡིན། ཡུལ་འདི་ནི་ཁོ་མོའི་ཕ་ས་ཕ་ཡུལ་དང་བསྡུར་ན་འཚོ་བའི་གོམས་སྲོལ་ཡོངས་སུ་ལྡོག་པའི་ཡུལ་གྲུ་ཞིག་སྟེ། ཞིང་ལས་ཕྱུགས་ལས་གཉིས་ཀ་གཉེར་ཞིང་གཉིས་ཀ་དེ་ཙམ་ལེགས་པོ་མེད་པའི་ལུང་བ་ཆུང་ཆུང་ཞིག་ཡིན་པའི་ཁར། ངེད་ཚང་གི་འཁོས་ཀ་ཧ་ཅང་ཞན་སྟབས་ཁྱིམ་ཚང་ཞིག་གི་འགན་འཁྲི་ཕྲག་ཏུ་ལྷུང་བའི་ཁོ་མོར། ཐོག་མའི་དུས་དེར་ཅི་འདྲའི་མི་གོམས་མི་ལོབས་ཤིང་མི་ཤེས་མི་འདྲིས་པའི་དཀའ་ཁག་ཅི་ཙམ་ཡོད་པ་བསམ་གཞིག་ཤས་ཙམ་བཏང་ནའང་མིག་ལ་འཁོར་ཡོང་། དེ་བཞིན་འགྲིམ་འགྲུལ་ཡོ་བྱད་དང་འབྱོར་བས་དབུལ་བས་ཡུལ་མི་སྤུན་ཟླར་ངོ་འཕྲད་རྒྱུ་ཕར་ཞོག ཐ་ན་ཡུལ་ཕྱོགས་ཀྱི་སྐད་ཆ་ཙམ་ཐོས་རྒྱུའང་ཉིན་མོའི་སྐར་མ་ཙམ་དུ་སྣང་ཡང་། མུ་མཐུད་དུ་བས་མཐའི་ཡུལ་ཕྱོགས་འདི་རུ་གང་ཉིད་ཀྱིས་གདམས་པའི་འཚོ་བའི་ལམ་སྣེ་མ་བཏང་བར་བགྲང་བྱ་སུམ་ཅུ་ལྷག་ཟད་སོང་། འདི་ལས་ཁོ་བོར་ས་མཐའ་མྱུལ་ཡང་རང་དོན་མི་འཆོར་ལ་རང་གི་གདམ་ཀ་མི་གཏང་བའི་འཚོ་བའི་གཏན་ཚིགས་ཤིག་གནང་བྱུང་། འདི་ནི་ཨ་མས་ང་ལ་གནང་བའི་མི་མངོན་པའི་བསླབ་བྱ་སྟོབས་དང་ལྡན་པ་དེ་ཡིན།
       ངའི་ཨ་མར་ཆུང་དུས་སུ། ལུས་ཕུང་ལ་ན་ཚ་ཤིག་བྱུང་བར་རྐྱེན་བྱས་ཏེ། ལུས་ཕུང་མི་བདེ་ཞིང་རྐང་ལག་མི་མྱུར་བ་ཞིག་ཏུ་ཆགས་འདུག ཡིན་ཡང་། འཚོ་བའི་དཀའ་ཚེགས་ཀྱི་མདུན་དུ་ཁོ་མོར་ལྷོད་གཡེང་གང་ཡང་མེད་པར་ནམ་རྒྱུན་ནངས་སྔ་དགོང་འཕྱིས་ཁྱིམ་ལས་ལྷོད་པ་མེད་པར་བྱེད་པ་ལས་གཞན། ལུག་འཚོ་དུས་རྫ་ལུང་རི་ལུང་ཉུལ་ནས་རྩྭ་གང་བཟང་དང་ཆུ་གང་འཛོམས་ཀྱི་སར་ལུག་རྫིར་འགྲོ་ཞིང་། ཞིང་རྨོ་དུས་དབྱར་དགུན་སྟོན་དཔྱིད་མེད་པར་རྣང་ཞིང་གི་འགྲམ་དུ་འདུར་འདུར་བྲེལ་བྲེལ་བྱས་པས། ངེད་ཚང་ལ་ཟས་ཀྱི་སྐལ་ཆད་དེ་ལྟོགས་མ་མྱོང་ཞིང་ནོར་གྱི་སྒོ་ཁེགས་ཏེ་གྲང་མ་མྱོང་། དེ་ལྟར་ཉིན་ཞག་གྲངས་མེད་ཅིག་ལ་གཡེང་བ་ཕྲ་མོ་ཙམ་ཡང་མེད་པར་འབད་པའི་རྒྱུན་ལས་ད་ལྟའི་ཁལ་གཞན་ལ་འགེལ་མི་དགོས་ཤིང་སྐྱིད་གཞན་ལ་རེ་མི་དགོས་པའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་འདི་གྲུབ་པས། ལེགས་བཤད་བསྟན་བཅོས་དག་ལས་བྱུང་བའི་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཞེས་པའི་གཏན་ཚིགས་ཆེན་པོ་དེ་མངོན་སུམ་ཚད་མས་མཐོང་ཞིང་ལག་ལེན་དངོས་ཀྱིས་ཁྲིད་པས། ངའི་སློབ་སྦྱོང་ལ་ཤུགས་རྐྱེན་ཆེར་ཐེབས་མྱོང་སྟེ། རྟག་ཏུ་ཨ་མས་སྐྱིད་སྡུག་གི་ལོ་ཟླའི་ཁྲོད་དུ་བརྩོན་པའི་གོ་ཆ་བགོས་པའི་རྣམ་པ་དེ་སེམས་ལ་ཉར་བས་ངའི་སྦྱང་འབྲས་ལའང་རྔོ་ཆེར་ཐོགས་པ་ནི་གཏན་ཚིགས་རིགས་གཞན་གཅིག་གོ །
       ཨ་མས་ནམ་རྒྱུན་དཀའ་ཁག་ལ་འཕྲད་དུས། སྡུག་སྨྲེ་ཅུང་ཟད་འདོན་ནའང་། དེའི་རྗེས་སུ་སླར་ཡང་རང་གིས་གང་བརྩམས་པའི་ལས་དེའི་མཐའ་འཁྱོལ་བར་བྱེད་ཅིང་། དེའི་བར་དུ་དབུགས་དབྱུང་ཅུང་ཟད་ཙམ་ཡང་མི་བྱ་བས། ངེད་ཚང་གི་ལས་ཐམས་ཅད་བདེ་བླག་ཏུ་གྲུབ་ཡོད་ཅིང་། ད་ལྟ་ད་དུང་ཡང་གཤིས་ལུགས་དེའི་མུ་སྐྱོང་བཞིན་མཆིས་པས། ཁོ་མོའི་རྒྱུད་ལས་ངས་ཨུ་ཚུགས་དང་བཟོད་བསྲན་གྱི་གཏན་ཚིགས་དེ་རྙེད་ཅིང་། གནས་སྐབས་གང་དུ་ལས་ཅི་བྱས་ཀྱི་མཐའ་འཁྱོལ་བ་ལ་ཨུ་ཚུགས་ཀྱི་ལྕགས་མདའ་ལ་བཟོད་བསྲན་གྱི་རྣོ་ངར་སྤྲོད་དགོས་པའི་གནས་ལུགས་རྟོགས་མྱོང་།
       ཁ་བཤད་ལ་དགའ་ཞིང་ལག་ལས་ལ་མཁས་པའང་ངའི་ཨ་མའི་རང་གཤིས་ཡིན། མང་པོ་ཞིག་གིས་ཁ་མང་ཁ་མཆུ་འདྲེན་པའི་ཕོ་ཉ་ཡིན་པར་བརྗོད་ནའང་། ངའི་ཨ་མའི་བཤད་པར་མོས་བའི་ཁ་དེ་ཡིས་གཤིས་དྲང་གི་རྒྱུད་ཟོལ་མེད་དེ་ལྷང་ངེར་མཚོན་ཡོད། ལར་ད་ལྟའི་དུས་འདིར་ཐམས་ཅད་རྫུ་བག་ཅན་རྐྱང་བར་གྱུར་བས་ཉེ་རིང་སུ་ལའང་ཁ་ཁོག་པས་མ་གསང་བར་བློ་སྒྱུ་མས་མ་བསྐུངས་བར་རང་བཞིན་དྲང་བོར་བརྗོད་མཁན་རི་བོང་རྭ་དང་མཁའ་ཡི་པདྨོ་ཡིན་ལ། ཁོག་ལ་གཡོ་ཟོལ་འཆང་མཁན་ནི་མཚན་གྱི་རྒྱུ་སྐར་ལྟར་གྲངས་མེད་ཀྱང་། ངའི་ཨ་མས་རང་གཞན་སུ་ལའང་དྲང་མོའི་གཏམ་གང་དྲན་སྦ་གསང་མེད་པར་བརྗོད་ཅིང་ཁོག་ཏུ་འཛིན་པ་ཅི་ཡང་མེད་པ་ནི་ལྷག་ཏུ་དཀྱེལ་ཡངས་དང་ཞེ་དྲང་གི་གཤིས་ལུགས་ཤིག་ཡིན་པ་ངས་གསལ་བོར་མཐོང་ཞིང་། དེ་ནི་བར་སྐབས་འདིའི་འབྲེལ་འདྲིས་དམ་ཟབ་བྱ་དགོས་པའི་དུས་ལ། ང་རང་ཚོར་མེད་དུ་མི་རུང་བའི་རང་གཤིས་ཤིག་ཡིན་པས། ངས་གཏན་ཚིགས་དེ་ཉིད་ཁོ་མོ་ལས་རྙེད་པར་ཤིན་ཏུ་དྲིན་ཆེ་བར་བསྒོམས་ཡོད། དེ་ལ་བརྟེན་ནས་ངས་ཀྱང་འཚོ་བའི་གྲུ་ཟུར་གང་རུང་དུ་གཞན་ལ་འབྲེལ་འདྲིས་བྱེད་དུས་དྲང་གཏམ་དྲང་བོར་བརྗོད་ལ་གཡོ་ཟོལ་སྙིགས་མ་བཞིན་རིང་དུ་དོར་ཡོད།
       ང་ལ་སྙིང་སྟོབས་དང་སྒུལ་ཤུགས་སྩོལ་མཁན་ཡང་ངའི་ཨ་མ་ཡིན་ཏེ། ཨ་ཕ་ནི་མི་སེམས་ཆུང་དང་ཞིབ་ཚགས་ཅན་ཞིག་ཡིན་པས། དོན་གང་ལ་འཕྲད་ཀྱང་གཉོམ་ཆུང་གིས་འཇུག་ཕྱིར། ཨ་མས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཨ་ཕ་ལ་རྒྱབ་སྐྱོར་དང་སེམས་ཤུགས་གང་ཡོད་འདོན་གྱིན་ཡོད། དེ་ནི་ཁྱིམ་གཞིས་ཤིག་གི་ཁ་ཡར་ལ་འགྲོ་བའི་སྒུལ་ཤུགས་ཡིན་པར་མ་ཟད། ང་ལ་མཚོན་ན་འཚོ་བ་དཀའ་ཁག་ལ་འཕྲད་དུས་དང་འུ་ཐུག་ཐབས་ཟད་དུ་གྱུར་སྐབས། ཨ་མའི་སྙིང་སྟོབས་དང་སྤོབས་པས་གསོས་ན། སྔར་མེད་ཀྱི་སྟོབས་ཤུགས་གསར་བ་ཞིག་གིས་ལུས་སེམས་ཤིང་བལ་རླུང་གིས་སྒུལ་བ་ལྟར་ཡང་ཡང་གཡོ་ཞིང་བསྐྱོད་པས། ངས་དེ་ནི་ཨ་མ་ལས་བཏོན་པའི་གཏན་ཚིགས་ཀྱི་གཏེར་རྫས་ཤིག་ལ་བརྩིས་ཡོད།
       དེ་མིན་སྙིང་རྗེ་ལྡན་པ་དང་གུས་ལུགས་ཆེ་བ། རོགས་རམ་ལ་དགའ་བ། གཏོང་ཕོད་ལྡན་པ། རུས་གདུང་ཆེ་བ་སོགས་ཀྱི་གཏན་ཚིགས་ཀྱང་མང་དུ་མཐོང་ཞིང་། མདོར་ན་ངས་ཨ་མ་ལས་མྱང་ཚ་དཀར་རྒྱན་གྱི་སྙིང་རུས་མཐོང་བྱུང་ལ་སྣང་ས་འོད་འབུམ་གྱི་སྐྱིད་སྡུག་ཀྱང་ཚོར་བྱུང་། ཡིན་ཡང་ངའི་ཨ་མ་ནི་འཇིག་རྟེན་འཁོར་བའི་གྲུ་ག་ན་ཉམ་ཆུང་གིས་འཚོ་བའི་ཚེ་སྲོག་གཉོམ་པོ་ཞིག་ཡིན་ལ། ངེད་མིང་སྲིང་གཉིས་ཀྱི་སེམས་སུ་རྗེ་བཙུན་སྒྲོལ་མ་ལས་ཀྱང་ལྷག་པའི་བྱིན་རླབས་ཀྱི་དངོས་གྲུབ་སྩོལ་མཁན་དེ་བསྔོགས་མི་ཚར་བའི་འཚོ་བའི་གཏན་ཚིགས་ཀྱི་བང་མཛོད་ཆེན་པོ་ཞིག་ཡིན།
འབྲེལ་ཡོད་འོས་སྦྱོར།