logo

སྙན་ཚིག་སེང་གེ་དཀར་མོའི་བཞད་སྒྲ། དོར་ཞི་གདོང་དྲུག་སྙེམས་བློ།

རྩོམ་པ་པོ།:དོར་ཞི་གདོང་དྲུག་སྙེམས་བློ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-05-23 ཀློག་གྲངས།:
མཚར་མཚར་གཞུང་ལུགས་འབུམ་སྡེའི་སྲོལ་འབྱེད་ཅིང་། །
ལེགས་ལེགས་རྩོམ་འཆད་རྩོད་ལ་ཟླ་མེད་པ། །
མང་མང་སྐར་ཚོགས་འགྲན་བཟོད་མཁས་དབང་གིས། །
ཡང་ཡང་དྲིན་གྱིས་བསྐྱངས་པའི་བསིལ་ལྗོངས་འདིར། །
བགྲང་བྱ་སྟོང་དང་སུམ་བརྒྱའི་གོང་རོལ་ནས། །
མེས་དབོན་རྗེ་བློན་ཞི་དྲག་འཕྲིན་ལས་ཀྱིས། །
མངའ་དབང་ཕྱོགས་ཀྱི་འཁོར་ལོར་སྤེལ་དང་ལྷན། །
མཐའ་བཞིའི་བློ་རིག་ཡོན་ཏན་གཅིག་ཏུ་བསྡུས། །
ཆུ་བོ་རྣམ་བཞིའི་རྒྱན་ལྡན་ལྷ་ཡི་བུ། །
ལི་བལ་ཙི་ནའི་གཙུག་ལག་མཛེས་མ་དང་། །
འདུས་ལས་འཁྲུངས་པའི་གངས་ལྗོངས་རིག་གཞུང་གི །
ལྷ་སྲས་ཡོན་ཏན་ལྷུན་རྫོགས་ལྟ་ན་སྡུག །
དེ་ཡང་བཅུ་ཕྲག་རིག་པའི་ཆ་རྫོགས་ཟླ། །
མུན་པའི་གདུང་སེལ་འོད་དཀར་སྤྲོ་བ་ལ། །
སྐབས་འགར་སྒྲ་གཅན་ནག་པོས་བསྒྲིབས་ན་ཡང་། །
འཛམ་གླིང་རྒྱན་གཅིག་གྱུར་པ་སུ་ཡིས་བསྙོན། །
སྔོན་བྱོན་མཁས་མང་ངལ་བ་བརྒྱས་བསྐྲུན་པའི། །
གཙུག་ལག་རིན་ཆེན་གསེར་གྱི་ཕོ་བྲང་ཆེར། །
གླིང་བདུན་མཁས་པས་བསྟོད་བསྔགས་མེ་ཏོག་ཕྲེང་། །
མཆོད་པས་གྲགས་སྙན་ནམ་མཁའི་མཐའ་ལ་བསྙེགས། །
ཕུལ་བྱུང་རིག་གནས་རྒྱ་མཚོའི་གཞིར་གྱུར་པའི། །
ཚན་རིག་ཡོན་ཏན་ཀུན་ཚང་ཨཀྴ་རར། །
རྙོག་རྫོབ་དྲི་མ་བསྒོ་འདོད་བཅོས་བསྒྱུར་མཁན། །
ཆུ་གཙང་རྣག་ཏུ་མཐོང་བའི་ཡི་དྭགས་བཞིན། །
མི་གཙང་རྟུག་པའི་ཟས་ཀྱིས་ལུས་བརྟས་ཤིང་། །
མཚན་མོའི་མུན་པར་དགའ་བའི་འབུ་མེ་ལྕེབས། །
ལོག་སྤྱོད་འདབ་གཤོག་ལྷབ་ལྷབ་བསྐྱོད་ན་ཡང་། །
རིན་ཆེན་སྒྲོན་མེའི་འོད་ལ་ཅི་བྱར་ཡོད། །
སྲིད་པར་མུན་སྟུག་འཐིབས་པའི་ཐུན་གསུམ་མཐར། །
སྲིད་ལམ་བཟང་པོའི་ཉི་གཞོན་མཁར་འཕགས་ཏེ། །
སྲིད་ན་ཡོད་དགུའི་རིག་གཞུང་པདྨོའི་ཚལ། །
སྲིད་པའི་ཁྱོན་ཡངས་ཁྱབ་པར་ལྷག་ལྷག་བཞད། །
དགུན་གྱི་གྲང་ངར་མ་བཟོད་ཚང་དུ་ཡིབ། །
དཔྱིད་ཀྱི་དྲོད་ལས་འདབ་གཤོག་སླར་བརྐྱངས་པའི། །
གངས་ཅན་རིག་པར་དགའ་བའི་རྐང་དྲུག་ཚོགས། །
སྦྲང་རྩིའི་དཔལ་ལ་ངོམས་མེད་སྤྱོད་ཅིག་ཀྱེ། །

ཡོང་ཁུངས། «སྙན་ཚིག་སེང་གེ་དཀར་མོའི་བཞད་སྒྲ»
འབྲེལ་ཡོད་འོས་སྦྱོར།