logo

དཔེ་ཀློག་གི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་གླེང་བ།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-05-25 ཀློག་གྲངས།:
       ངས་ནམ་རྒྱུན་དཔེ་ཀློག་དང་འབྲེལ་བའི་གནད་དོན་སྐོར་ལ་ཡང་ཡང་བསམ་གཞིག་གཏོང་གི་ཡོད། ད་སྔོན་དཔེ་ཀློག་སྐོར་ནས་སྐད་ཆ་ཐ་ཐོར་བཤད་པ་དང་ཡི་གེ་ཐ་ཐོར་བྲིས་པ་ཡིན། ད་ལན་ཡང་སྐད་ཆ་ཁ་ཤས་འཆད་འདོད་འདུག ནམ་རྒྱུན་ངོ་ཤེས་པ་དང་དྲ་གྲོགས་འགའ་ཞིག་གིས་ང་ཚོས་ཅིའི་ཕྱིར་དཔེ་ཆ་ཀློག་དགོས་པ་རེད་ཟེར་ནས་དྲི་བ་འདོན་གྱིན་འདུག་ལ། མི་གང་ཞིག་གིས་དཔེ་ཆ་མང་པོ་བཀླགས་སོང་སྟེ་ཁོ་རང་ནི་སྔར་ལྟར་རེད་འདུག འཚོ་བ་ལ་འགྱུར་ལྡོག་གང་ཡང་བྱུང་མི་འདུག དཔལ་འབྱོར་ཆེ་རུ་སོང་མི་འདུག ཡང་ན་མཁས་པ་ཆགས་མི་འདུག་ཟེར་ནས་ཁྲེལ་རྒོད་བྱེད་མཁན་དེ་འདྲ་ཡང་མཐོང་ཐོས་བྱུང་མྱོང་། དེས་ན་ཡང་སྙིང་ང་ཚོས་དཔེ་ཆ་ཀློག་དགོས་དོན་ཅི་རེད། ཁ་རོག་གེར་ཇ་འཐུང་ཞོར་དང་ཉི་མ་ལྡེ་ཞོར་སྐྱིད་པོ་མི་སྡོད་པར་རང་གིས་རང་ལ་དཀའ་ལས་གཏད་དགོས་དོན་གང་ཡིན་ནམ། འདི་དག་སྐོར་ནས་གཤམ་དུ་ང་རང་གིས་བསམ་ཚུལ་ཁ་ཤས་བརྗོད་རྒྱུ་ཡིན།
       གཅིག སྤྱིར་ན་འཛམ་བུ་གླིང་གི་བྱ་གཞག་གང་ཞིག་ཡིན་རུང་དེ་དག་ལ་ཐུན་མིན་གྱི་ཁྱད་ཆོས་རེ་རེ་ཡོད་པ་ལས། མཐའ་གཅིག་ཏུ་བྱ་བ་འདི་ཉིད་ཡག་དང་འདི་ཉིད་མི་ཡག་ཅེས་བརྗོད་དཀའ། མི་སྒེར་སོ་སོར་མཚོན་ན་ཡང་ལས་རིགས་དང་བྱ་བ་ཅི་ཞིག་ལ་ཞུགས་ཀྱང་སོ་སོར་ཐུན་མིན་གྱི་སྒུལ་ཤུགས་དང་ཀུན་སློང་རེ་ཡོད་ངེས་པས། དེ་དག་ལ་མཐའ་གཅིག་ཏུ་འདི་རིན་ཐང་ཆེ་བ་དང་འདི་རིན་ཐང་ཆུང་བའི་ས་མཚམས་ཤིག་འཇོག་དཀའ་འོ། །དེ་བས་ཀྱང་དཔེ་ཆ་ཀློག་པའམ་རྩོམ་ཡིག་འབྲི་བ་སོགས་ནི་མི་སྒེར་གྱི་དགའ་ཕྱོགས་ཙམ་ཡིན་པས། དེ་དག་ལ་འཇུག་པ་ནི་མིའི་རིགས་དང་རྒྱལ་ཁབ། མི་རིགས་སོགས་ཀྱི་ཆེད་དུ་ཡིན་ཟེར་ན་རྣར་འགྲོ་བ་ཞིག་མ་རེད་ལ། སངས་རྒྱས་བསྟན་པ་དང་འགྲོ་བ་ཐམས་ཅད། ཐ་ན་གྲུབ་མཐའ་དང་དགོན་སྡེ་ག་གེ་མོ་ཞིག་གི་ཆེད་དུ་ཡིན་ཟེར་ན་དེ་བས་ཀྱང་རྣར་འགྲོ་མི་སྲིད་དོ། །མདོར་ན། མི་སྒེར་གྱི་དགའ་ཕྱོགས་ཤིག་གི་ཐོག་ཏུ་འབབ་དགོས་པ་རེད། དཔེ་ཀློག་ལ་དགའ་མཁན་ཞིག་ཡིན་ན་ཇ་འཐུང་ནས་སྡོད་པ་ལས་ཀྱང་དཔེ་ཆ་བཀླག་རྒྱུར་སྤྲོ་སྣང་ཆེ་སྲིད་ལ། ཉི་མ་ལྡེ་ནས་སྡོད་མཁན་ཞིག་གམ་ཇ་ཁང་ཞིག་ཏུ་ལྷོད་གཡེང་ངང་སྡོད་མཁན་ཞིག་གིས་བལྟས་ན་བར་གསེང་གི་དུས་ཚོད་ནང་དཔེ་ཀློག་ལ་འཇུག་མཁན་དག་རང་སྡུག་རང་གིས་ཉོ་མཁན་ལྟ་བུར་མཐོང་སྲིད་ཀྱང་། དཔེ་ཀློག་མཁན་ནི་དེ་ལས་ལྡོག་སྟེ་ཁོ་རང་གི་འཇིག་རྟེན་ནང་བདེ་སྐྱིད་ངང་གནས་ཡོད་པ་རེད། དེ་བས་རྩོམ་འབྲི་བ་དང་དཔེ་ཆ་ཀློག་པ། ཡང་ན་ཇ་དང་ཆང་འཐུང་བ། ཤོ་བག་རྩེ་བ་སོགས་ནི་མི་སྒེར་སོ་སོའི་དགའ་ཕྱོགས་ལ་འབྲེལ་བ་ཞིག་ལས་མཐའ་གཅིག་ཏུ་འདི་ཡག་དང་འདི་མི་ཡག་ཟེར་ས་མི་འགྲོ་སྙམ།
       གཉིས། དཔེ་ཆ་བཀླགས་ན་འདྲ། རྩོམ་ཡིག་བྲིས་ན་འདྲ། ཡང་ན་ཆང་འཐུང་བཞིན་བསྡད་ན་འདྲ། གང་ལྟར་མི་ཚེ་ནི་འདི་ལྟར་འཛད་འགྲོ་བ་རེད། ཁྱོད་ཀྱིས་ཆང་འཐུང་བཞིན་ཉི་མ་བཏང་ན་སུས་ཀྱང་ཁྱོད་ལ་ཕངས་སེམས་སྐྱེ་མི་སྲིད་ལ། དཔེ་ཆ་ཀློག་བཞིན་བསྡད་ན་གཞན་གྱིས་ཡི་རངས་ཁོ་ན་འབུལ་བ་དེ་བས་ཀྱང་ངོ་། །དེས་ན་དེ་དག་ནི་རང་རང་གི་འཚོ་བ་རོལ་སྟངས་ཤིག་རེད། མི་འགའ་ཞིག་གིས་རང་ཉིད་འདི་ལྟར་ཆེས་སྤྱིར་བཏང་གི་མི་ཞིག་བྱ་མི་འདོད་པར་དཔེ་ཀློག་དང་རྩོམ་རིག་སོགས་བྱ་གཞག་གང་རུང་ལ་ཨུ་ཚུགས་ཆེན་པོས་འཇུག་སྟེ་རང་གི་ལག་རྗེས་ཕྲན་བུ་ཙམ་འཇོག་བསམ་མཁན་ཡོད་སྲིད་པ་རེད་ལ། དེ་བཞིན་རང་གི་དཀའ་སྤྱད་ལ་བརྟེན་ནས་ཁྱིམ་ཚང་དང་ཕ་ཡུལ། མི་རིགས་དང་རྒྱལ་ཁབ། ཐ་ན་གོ་ལ་ཧྲིལ་པོའི་དཀའ་ཁག་སེལ་བར་འབད་པ་བྱེད་དགོས་པར་འདོད་མཁན་ཡང་ཡོད་སྲིད་པ་རེད། དེ་བས་ཀྱང་དམིགས་ཡུལ་ཆེན་པོ་མེད་ཀྱང་རང་གི་དགའ་ཕྱོགས་ཙམ་གྱིས་དཔེ་ཀློག་དང་རྩོམ་འབྲི་ལ་འཇུག་མཁན་ཡོད་སྲིད་པ་རེད། དཔེ་ཆ་ཀློག་མཁན་ཞིག་ཡིན་ན་སྐྱེས་བུ་ཆེན་པོ་ཞིག་ཡིན་དགོས་པའི་ངེས་པ་མེད་ཅིང་། མི་ཞིག་གིས་དཔེ་ཆ་བཀླགས་ན་དེ་ཉིད་མཁས་པ་ཆེན་པོ་ཞིག་གམ་འབྱོར་ལྡན་ཞིག་ཆགས་དགོས་པའི་ངེས་པ་དེ་བས་མེད་དོ། །འོན་ཀྱང་།  ང་ཚོས་སྤྱི་ཚོགས་ཁྲོད་དུ་ཆང་འཐུང་མཁན་དང་ཤོ་བག་རྒྱག་མཁན་ཡོད་ཆོག་པ་བཞིན་དཔེ་ཆ་ཀློག་མཁན་དང་རྩོམ་ཡིག་འབྲི་མཁན་ཡང་ཡོད་ཆོག་པའི་སྟོང་ཆ་འཇོག་དགོས། ཁོ་ཚོ་མཁས་པ་དང་བླ་མ། ཕྱུག་པོ། དཔོན་པོ། གཞུང་ཞབས་པ་དེ་འདྲ་མ་ཡིན་རུང་མཐོང་ཆུང་དང་ཟུར་ཟ་གནང་མི་འོས། ཁོ་ཚོ་མ་མཐའ་ཡང་ཆང་འཐུང་ཞིག་གི་ཚད་དུ་བཞག་ན་འགྲིག་པ་རེད།
       གསུམ། ཡང་ན་དཔེ་ཀློག་ནི་མི་སྒེར་གྱི་དགའ་ཕྱོགས་ཙམ་ཡིན་ན། ནམ་རྒྱུན་མང་པོ་ཞིག་གིས་དཔེ་ཀློག་གི་གལ་ཆེན་རང་བཞིན་གླེང་གིན་མི་འདུག་གམ་ཟེར་ན། དཔེ་ཀློག་ལ་ཕན་འབྲས་ཁ་ཤས་ཡོད་པ་དེ་བདེན་པ་རེད་དྲན། དེར་བརྟེན། ངས་དཔེ་ཀློག་གི་ཕན་འབྲས་སྐོར་ནས་སྐད་ཆ་ཁ་ཤས་ཞུ་རྒྱུ་ཡིན། མཁས་པ་མང་པོ་ཞིག་གིས་གསུངས་ན་འབྱོར་ལྡན་ཆགས་པའི་ཆེད་དུ་དཔེ་ཆ་ཀློག་མི་རུང་མོད། འབྱོར་ལྡན་ཆགས་པ་ལ་དཔེ་ཀློག་ངེས་པར་དུ་དགོས་ཟེར། དེའི་སྐོར་དེང་གི་རྒྱལ་སྤྱི་དང་རྒྱལ་ནང་གི་ཕྱུག་བདག་ཚོའི་བཅར་འདྲི་ལ་ལྟོས་དང་ཤེས་ས་འདུག དེ་ག་ནང་བཞིན་གསར་གཏོད་པ་དང་ཚན་རིག་པ། སློབ་གསོ་བ་དང་དཔོན་པོ་སོགས་གཅིག་མཐུན་རེད། དེ་བས་ཚོང་ལས་གཉེར་མཁན་ཞིག་ཡིན་ན་ཚོང་ལས་དང་འབྲེལ་བའི་དཔེ་ཆ་མང་པོ་བཀླག་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་འདྲ། ལས་རིགས་གཞན་པ་ཡང་དེ་བཞིན་ལོས་ཡིན། ཕ་མ་ཞིག་ཡིན་ན་རང་གི་བྱིས་པའི་ཆེད་དུ་ཁྱིམ་ཚང་སློབ་གསོའི་སྐོར་སོགས་འབྲེལ་ཡོད་དཔེ་ཆ་མང་པོ་ཞིག་བཀླག་དགོས་པ་དང་ཤེས་བྱ་མང་པོ་ཞིག་སྦྱང་དགོས་པ་ནི་དེ་བས་བཤད་མི་དགོས། རང་གི་མི་རིགས་དང་ཆོས་ལུགས་ལོ་རྒྱུས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྐོར། བཟའ་བཏུང་རྒྱུན་ཤེས་སོགས་དང་འབྲེལ་བའི་དཔེ་ཆ་ནི་བོད་མི་ཡོད་དོ་ཅོག་གིས་བཀླག་འོས་པ་ཞིག་རེད་སྙམ། དེ་དག་བཀླགས་པས་མི་སྒེར་རང་རང་གིས་ཆོས་ལུགས་དང་ཁྲིམས་ལུགས། དུས་ཀྱི་འཕོ་འགྱུར། སྤྱི་ཚོགས་གནས་བབ་སོགས་འབྲེལ་ཡོད་གནས་ཚུལ་མང་པོ་ཞིག་རྒྱུས་ལོན་ཐུབ་སྲིད་པས། དེ་དག་དང་འབྲེལ་བའི་དཀའ་ཁག་དང་གྱོང་གུན་མང་པོ་ཞིག་རང་བཞིན་གྱིས་སེལ་ཐུབ་པ་རེད། དེ་ལ་ང་རང་གིས་དཔེ་ཀློག་གི་ཕྱི་ཡི་ཡོན་ཏན་ཞེས་བརྗོད་འདོད།
       བཞི། ང་རང་གིས་བསམས་ན། དཔེ་ཆ་མང་པོ་བཀླགས་ཤིང་དེ་དག་ལ་ཐོས་བསམ་ཡང་དག་བྱས་ན། མི་སྒེར་སོ་སོའི་གོ་རྟོགས་ཡར་ཡར་སད་སྲིད་ལ། གོ་རྟོགས་སད་པ་དང་བསྟུན་རིམ་བཞིན་གནད་དོན་མང་པོ་ཞིག་ལ་དོགས་འདྲི་དང་དཔྱད་ཞིབ། དགག་སྒྲུབ་དང་འདོར་ལེན་ཤེས་པ་ཆགས་སྲིད། དེ་འདྲ་ཆགས་ན་མི་སྒེར་གྱི་མཐོང་རྒྱ་ཆེར་བསྐྱེད་དང་ལྟ་ཚུལ་ལ་འགྱུར་ལྡོག་མང་པོ་འགྲོ་སྲིད་པ་རེད། དེ་ནས་རིམ་བཞིན་ཚུགས་ཐུབ་པའི་མི་གཤིས་དང་སྒེར་ཚུགས་ཀྱི་བསམ་བློ་འཁྲུངས་པ་ཡིན། ཚུགས་ཐུབ་ཀྱི་མི་གཤིས་ཆགས་པས་མཐོ་ས་ནས་བཤད་ན་ལས་རྒྱུ་འབྲས་བརྩི་སྲུང་ཤེས་མཁན་ཞིག་དང་མི་གཞན་ལ་བརྩི་འཇོག་དང་བསམ་ཤེས་གནང་ཤེས་མཁན། སྒེར་གྱི་ཁེ་དབང་སྲུང་ཤེས་མཁན། བདེན་པ་དང་གནས་ལུགས་གཙིགས་སུ་འཛིན་མཁན་ཞིག་ཆགས་སྲིད་པ་རེད། དམའ་ས་ནས་བཤད་ན་གཞན་གྱི་ལུས་སེམས་ལ་མི་གནོད་པའི་ཆ་རྐྱེན་འོག་རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་ཐུབ་པ་ཡིན་ནོ། །སྒེར་ཚུགས་ཀྱི་བསམ་བློ་ཆགས་པས་མི་གཞན་གྱི་སྐད་ཆ་དང་བསམ་བློའི་བྲན་གཡོག་ཏུ་འགྱུར་མི་སྲིད་ལ། མི་གཞན་གྱི་བསམ་བློའི་གྲིབ་གཟུགས་ལ་མི་ཁེན་པར་བྱ་དངོས་དང་གནད་དོན་གང་ཞིག་ཡིན་རུང་དེ་དག་ལ་རང་ཉིད་ཀྱིས་བརྟགས་ཤིང་དཔྱད་དེ་ལེགས་ཉེས་དང་ཡག་སྡུག་འབྱེད་ཤེས་པ་ཡིན། སྐབས་དེར་ཐོན་དུས་ལ་ཁའི་དར་ལྕོག་ལྟ་བུའི་བསམ་བློ་དེར་སྒྱུར་བཅོས་ཏོག་ཙམ་ཡོང་སྲིད་སྙམ་མོ། །དེ་ལ་ང་རང་གིས་དཔེ་ཀློག་གི་ནང་གི་ཡོན་ཏན་ཞེས་བརྗོད་འདོད།
       ལྔ། དེང་སང་དཔེ་ཀློག་གིས་ཐད་ཀར་རྩོམ་འབྲི་ལ་ཕན་ནུས་འདོན་ཐུབ་མིན་ཐད་ལ་དོགས་པ་ཟ་མཁན་འདུག་ལ། རྩོམ་འབྲི་ཁོ་ནའི་ཆེད་དཔེ་ཀློག་ལ་བརྩོན་མཁན་ཡང་ཡོད་པ་འདྲ། ཕྲན་གྱིས་བསམས་ན། དཔེ་ཀློག་དང་རྩོམ་ཡིག་གཉིས་ཀྱི་འབྲེལ་བ་ནི་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་རེད། དེ་ཡང་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་སྟེ་དཔེ་ཀློག་གིས་རྩོམ་འབྲི་ལ་བརྒྱུད་ནས་ཕན་འདོགས་པ་ལས་དངོས་སམ་ཐད་ཀར་ཕན་ནུས་འདོན་མི་ཐུབ་སྙམ་པ་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། དཔེ་ཆ་མང་པོ་ཞིག་བཀླགས་རྗེས་མི་སྒེར་གྱི་ལྟ་གྲུབ་ཆགས་པ་རེད། ལྟ་གྲུབ་དེ་དག་འགའ་ཞིག་གིས་རྩོམ་རིག་ལ་བརྟེན་ནས་ཕྱིར་མངོན་པར་བྱེད་ཀྱིན་ཡོད། དེ་བས་རྩོམ་ཡིག་ནི་ལྟ་གྲུབ་ལས་ཡོང་བ་ཡིན་ལ། ལྟ་གྲུབ་ནི་ཐོས་བསམ་ལས་ཡོང་བ་ཡིན། ཐོས་བསམ་ནི་གཙོ་བོ་དཔེ་ཀློག་ལས་ཡོང་བས་ཡིན་ནོ། །གཞན་ཡང་རྩོམ་ཡིག་ལེགས་པོ་དག་ནི་ལྗོན་དབང་ཞིག་ཡིན་ན། དཔེ་ཀློག་ནི་དེ་སྨིན་བྱེད་ཀྱི་ཆུ་ལུད་དྲོད་གཤེར་ལྟ་བུ་ཡིན། ལྷག་ཏུ་ཞིབ་འཇུག་པ་ཞིག་ཡིན་ན་ཁོ་རང་གི་དཔྱད་རྩོམ་དེ་ལེགས་པོ་ཞིག་འཁྱོངས་མིན་ནི་དཔྱད་གཞིའི་ཡིག་ཆ་འཐུས་ཚང་ཞིག་བཀླག་ཐུབ་མིན་ལ་འབྲེལ་བ་དམ་ཟབ་ཡོད། དཔེ་ཀློག་མཚམས་བཞག་པའི་རྩོམ་པ་པོ་ནི་ལྟག་ཆུ་ཆད་པའི་རྫིང་བུ་ཞིག་དང་འདྲ་བར། རང་གིས་གང་ཤེས་པ་དེ་བཀོལ་སྤྱོད་ཟིན་རྗེས་དེ་ནས་བརྗོད་གཞི་གསར་པ་མི་རྙེད་ཅིང་། གལ་སྲིད་རྩོམ་ཡིག་གསར་པ་ཞིག་བྲིས་ཡོད་པའི་ཁུལ་བྱས་ཀྱང་བརྗོད་དོན་ནི་སྔར་གྱི་སོར་ན་གནས་ཡོད། དེ་བས་སྔར་རང་ཉིད་ཀྱིས་ཆོས་འབྱུང་ཁ་ཤས་དང་ཡིག་ཆ་ཁ་ཤས་བཀླགས་མྱོང་བའི་ཁེངས་དྲེགས་ཙམ་ལ་བརྟེན་ནས། ཅི་ཞིག་ཤེས་ཡོད་བསམས་ནས་སྐད་ཆ་སྣ་ཚོགས་སྨྲ་བ་ནི་རང་ངོ་རང་གིས་མ་ཟིན་པའི་རྟགས་ཙམ་མོ། །དེ་བས་ལྷག་ཏུ་མཁས་པ་རུ་ཁས་འཆེ་པ་དང་རྩོམ་པ་པོ་རུ་རློམ་པ་དག་གིས་མཚམས་མི་འཇོག་པར་ནམ་ཡང་དཔེ་ཀློག་ལ་བརྩོན་རྒྱུ་ནི་ཧ་ཅང་གལ་ཆེ་བ་འདྲ། གཞན་ཡང་ཆོས་ཕྱོགས་ནས་བཤད་ན་ཐོས་བསམ་ཡང་དག་བྱས་པས་སྒོམ་སྒྲུབ་ཡང་དག་ཡོང་བ་ཡིན་ལ། སྒོམ་སྒྲུབ་ཡང་དག་བྱས་ན་སྒྲིབ་གཉིས་རྩད་ནས་བཅོམ་སྟེ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་ནོ། །དེ་བཞིན་ཚན་རྩལ་དང་ཚོང་ལས་སོགས་བྱ་གཞག་དང་ཤེས་བྱ་གང་ཞིག་གི་ཐད་ནས་གྲུབ་འབྲས་སྤུས་ལེགས་བྱུང་བ་དག་དཔེ་ཀློག་གི་ཕན་ནུས་དང་ཁ་བྲལ་ཐབས་མེད། དེ་བས་འདི་དག་ལ་ང་རང་གིས་དཔེ་ཀློག་གི་གསང་བའི་ཡོན་ཏན་ཞེས་བརྗོད་འདོད་པ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།