དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།
རྩོམ་པ་པོ།:
ཡོང་ཁུངས།:གངས་རྒྱན་ན་ཆུང་ཚགས་པར།
དུས་ཚོད།:2023-06-01
ཀློག་གྲངས།:

རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་བྱིས་པའི་དུས་ཆེན་ཡང་ཟེར། དེ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བྱིས་པའི་འཚོ་གནས་ཁེ་དབང་དང་ཁམས་སྲུང་ཁེ་དབང་། སློབ་གསོ་མྱོང་བའི་ཁེ་དབང་ལ་ཁག་ཐེག་བྱེད་པ་དང་། བྱིས་པའི་འཚོ་བ་ལེགས་བཅོས་བྱེད་ཆེད་དང་། བྱིས་པར་མནར་གཅོད་དང་གནོད་འཚེ་གཏོང་བར་ངོ་རྒོལ་བྱེད་པའི་ཉིན་མོ་ཞིག་ཡིན། 1925ལོར་སུའེ་ཙེར་རྒྱལ་ཁབ་ཀྱི་རི་ནེ་ཝ་གྲོང་ཁྱེར་ནས་འཚོགས་པའི་བྱིས་པའི་ཕན་བདེའི་སྐོར་གྱི་རྒྱལ་སྤྱིའི་གྲོས་ཚོགས་སྟེང་རྒྱལ་སྤྱིའི་བྱིས་པའི་བདེ་སྐྱིད་སྐུལ་འདེད་ཚོགས་པས་ཐོག་དང་པོར་བྱིས་པའི་དུས་ཆེན་གྱི་གླེང་བྱ་བཏོན་ཏེ། རྒྱལ་ཁབ་སོ་སོས་རང་རང་ས་ནས་བྱིས་པའི་རྗེས་དྲན་ཉིན་མོ་གཏན་འབེབས་བྱེད་པར་འབོད་སྐུལ་བཏང་། འབོད་སྐུལ་འདི་ལ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་མོས་མཐུན་བྱུང་ཞིང་། རྒྱལ་ཁབ་ཕལ་ཆེ་བས་ལོ་རེའི་ཟླ6པའི་ཚེས1ཉིན་གཏན་འབེབས་གནང་བས། དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཞེས་འབོད།

དྲུག་པའི་ཚེས་གཅིག་ཉིན་མོ།
མོག་བུ་ཡེ་ཤེས་སྐྱབས།
༡
ཉི་འོད་མིག་ཟུང་དུ་བཅུག་སྟེ།
མཚན་མོར་བཀར་དགོས་སྙམ་བྱུང་།
༢
གཉིད་མ་ཁུག་པས་སྒེའུ་ཁུང་ལས་སྐྱ་རེངས་ལ་ལག་གཡུག་བྱས།
འུ་ཐུག་སྟེ་ར་སྐོར་ནང་གི་བྱ་ཕོ་ལ་བདའ་ལུང་བདའ་བྱས།
ཞེ་བྲེལ་ནས་ཕྱག་མདུད་གསེང་གི་པི་པི་ཤུབ་བུར་བུས།
ཡང་ཡང་སྒེའུ་ཁུང་ཕྱི་ཡི་སྒྲ་ལ་མཉན།
སྒྲ་ནི་ལྷིང་ཞིང་འཇགས།
ཡང་ཡང་དུས་ཚོད་ངོས་ཀྱི་མདའ་རྩེར་བལྟས།
མདའ་རྩེ་ཁེགས་ཤིང་དཀག
རྩེ་ཞོགས་ཀྱི་ཟ་འཕྲུག་ཁྲག་དང་རྩ་རྒྱུས་དེད་ནས་འབར།
ལྭ་གསར་ནང་ནས་རྩེ་དགོད་སྟེག་ལ་ཤིན་ཏུ་བྲེལ།
སང་ཞོགས་དྲུག་པའི་ཚེས་གཅིག་ལ།
༣
འཛུམ་ཆུང་མེ་ཏོག་བཞིན་བཞད།
མེ་ཏོག་གཅིག་ཡ་གཉིས་ཡ།
གར་སྟབས་བུང་བ་ལྟར་སྐྱེན།
བུང་བ་གཅིག་ཡ་གཉིས་ཡ།
ཀྱུར་ཀྱུར་གླུ་ཡང་ལེན།
ལྡེམ་ལྡེམ་གར་ཡང་འཁྲབ།
དེ་རིང་དྲུག་པའི་ཚེས་གཅིག་ལ།
༤
ཉི་མ་རིང་དུ་འཐེན་ནས།
མཚན་མོར་མདུད་པ་རྒྱག་དགོས་བསམས།
དྭངས་ཤིང་གསལ་བའི་ཉིན་མོ་འདི་སྲིང་ཐབས་སུ།
༥
སྤྲིན་པ་དཀར་སེར་གྱི་ཁ་དོག་ཚེས་པའི།
ངོ་གདོང་ཆུང་ཆུང་དང་ལྭ་བ་གསར་བར་ས་རྡུལ་གྱི་གཡུང་དྲུང་འཁྱུད།
ཕ་མ་མིང་སྲིང་གི་བརྩེ་བ་བྲན་པའི།
རྡེའུ་དཀར་ནག་དང་བྱ་བྱིའུ་འབའ་འབུ་ལ་ཞལ་བརྡ་ཤར་མར་མིག་ཆུའང་མཆོད།
རི་དང་གཙང་པོའི་ཞལ་ཁ་ཕྱེ་བའི།
ལྷམ་ཆུང་གིས་མ་ཁོགས་པའི་མཛུབ་མོ་སྙིང་རྗེ་དག
རླུང་གི་གཤོག་པ་ཐོགས་ཐོགས་ཀྱང་འཕུར།
ཨ་ཙི་ཙི།
ཉི་ནུབ་དང་གྲོད་པས་འབོད་ཀྱིན་འདུག
ཡུལ་ལ་ལོག་དགོས་བྱུང་སོང་།
དགོད་དམ། ནམ་མཁའི་ལྷ་ཡང་སྤྲོ།
ངུའམ། ནག་པོ་བདུད་ཀྱང་སྐྱོ།
དྲུག་པའི་ཚེས་གཅིག་ལ།
༦
དྲུག་པའི་ཚེས་གཅིག་ལ།
ཉི་མའང་དྲོ།
རླུང་ཡང་གཡུགས།
ངོ་གདོང་ཆུང་ཆུང་འདིའི།
ཕྱེད་ཀ་འཛུམ་ཆུང་ཡིན།
ཕྱེད་ཀ་མིག་ཆུ་ཡིན།
འབྲེལ་ཡོད་འོས་སྦྱོར།